ནས་འབྲུ་ལ་བརྟེན་ནས་ཐོན་ལས་ཆེན་པོ་བསྐྲུན་པ།

དགུན་ཁའི་དུས་འདིར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་གླིང་དུ། རྨང་གཞི་འདིང་བ་དང་སྒྲིག་ཆས་ནང་འདྲེན་བྱེད་པ་སོགས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་འདུག་ལ། ལོ་རེར་ནས་ནག་སྦི་རག་ཏུན5000ཐོན་སྐྱེད་ཐུབ་པའི་ཐོན་སྐྱེད་ལས་གྲྭ་འཛུགས་སྐྲུན་བྱེད་སྒང་རེད།

སྤྱི་ལེ20ཕན་ཆད་ཀྱི་རྫོང་རྒྱལ་གཉེར་ཞིང་ར་རུ། ལོ་རེར་ནས་ནག་སྦི་རག་ཏུན500ཐོན་སྐྱེད་བྱེད་པའི་ཐོན་སྐྱེད་ཡུལ་དངོས་སུ་བཟོ་པ་རྣམས་ཀྱིས་ལས་སྣོན་བྱས་ནས་རྟོག་ཞིབ་ཞིག་གསོ་བྱས་ཏེ། ཡང་བསྐྱར་ཐོན་སྐྱེད་བྱེད་པར་ཆེས་མཐའ་མཇུག་གི་གྲ་སྒྲིག་བྱེད་བཞིན་འདུག

དོན་ངོ་མས་ནས་ནག་སྦི་རག་གིས་འགག་སྒོ་ཅི་ཙམ་བྱས་ཚེ། ད་གཟོད་ཚོང་རར་རྐང་ཚུགས་ཐུབ་བམ། དེ་ནི་ནང་ཆེན་རྫོང་གི་མི་མང་པོ་ཞིག་གི་དོགས་གཞིར་གྱུར་འདུག

“དང་ཐོག་ང་ཚོས་སྦི་རག་གི་བཟོ་གྲྭ་ལས་རྒྱུར་བསམ་གཞིག་ནན་མོ་བཏང་ཞིང་། བརྟག་དཔྱད་ཡང་ཡང་བྱས་པ་ཡིན་ཞེས་བཤད་ཆོག ”རྫོང་ཞིང་ཕྱུགས་ཅུས་ཀྱི་ལས་བྱེད་མི་སྣ་ཞིག་གིས་ངོ་སྤྲོད་བྱེད་རྒྱུར། གནའ་ནས་བཟུང་ནང་ཆེན་དུ་ནས་ནག་འདེབས་པའི་སྲོལ་ཡོད་ལ། རྒྱུན་ལྡན་གྱི་འདེབས་རྒྱ་སྤྱི་ཆིང་ཁྲི0.13ལས་བརྒལ་བ་དེས། ཡུས་ཧྲུའུ་ཁུལ་གྱི་འདེབས་རྒྱ་ཡོངས་ཀྱི་སུམ་ཆའི་གཅིག་ཡན་ཟིན་ཡོད།

འོན་ཀྱང་དུས་ཡུན་རིང་པོར་ནས་ནག་ནི་རྩམ་པར་འཐག་ནས་ཟ་བ་ལས། ཐོན་ལས་ཅན་གྱི་གསར་སྤེལ་བྱས་མྱོང་མེད། དབུལ་ཐར་འགག་སྒྲོལ་གྱི་མགོ་བརྩམས་རྗེས། ས་གནས་ཀྱིས་རྒྱལ་ཁབ་ཟས་རིགས་སྐྱུར་བསྙལ་ཞིབ་འཇུག་གླིང་དང་། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་མི་སྣ་གདན་དྲངས་ཏེ“གནས་ཚུལ་རྟོག་ཞིབ”བྱེད་དུ་བཅུག་པ་ན། ནས་ནག་ལ་རང་བྱུང་གི་ཚོས་རྒྱུ་དང་རྒུན་འབྲུམ་མངར་ཆ་མང་པོ། ཨན་གཞི་སྐྱུར་དང་དེ་མིན་ཚད་ཉུང་མ་རྒྱུ་སྣ་མང་བཅས་འདུས་སྟབས། ཕན་ནུས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་མ་བཅོས་རྒྱུ་ཆ་བཟང་ཤོས་ཡིན་པ་རྟོགས།

2015ལོར། ནང་ཆེན་རྫོང་གིས་སྟོབས་ཤུགས་གཅིག་སྒྲིལ་དང་ཐོན་ཁུངས་ཧྲག་སྡེབ་ཀྱིས་ཐོ་འགོད་བྱས་པ་བརྒྱུད་ཀུང་སི་བཙུགས་ཏེ། ནས་ནག་སྦི་རག་གི་བཟོ་གྲྭ་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། སྔ་གཞུག་ཏུ་སྒོར་ཁྲི1000ལྷག་བཏང་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། འཁོར་ཁང་ལས་པ་དང་སྒྲིག་ཆས་ཉོ་བ་བཅས་ལེགས་འགྲུབ་བྱས་པར་མ་ཟད། ཆེད་དུ་སྦི་རག་ལ་ཆས་རྟགས་ཀྱང་ཐོ་འགོད་བྱས།

དེའི་ཕྱི་ལོར་སྤེལ་བའི་མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་། ནང་ཆེན་གྱིས་ཐོན་སྐྱེད་བྱས་པའི་ནས་ནག་སྦི་རག་ལ་དགའ་བསུ་ཆེན་པོ་ཐོབ། ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་བྲོ་བ་མྱངས་རྗེས་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། སྣ་ཁ་གསར་བཟོ་དང་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་དང་། ཚོང་ལམ་གསར་འབྱེད་བྱེད་ཐབས་རྒྱ་བསྐྱེད་དེ་ཚོང་ར་འདི་ལས་ཆེ་སར་འདྲེན་དགོས་པའི་བླང་བྱ་བཏོན།

འོན་ཀྱང་མ་བསམ་ས་ནས་མིང་དུ་གྲགས་རྗེས་གྲགས་འགུལ་ཅི་ཡང་མེད་པར་ལུས། དེ་ནི་འཁོར་སྐྱོད་ཚོང་གཉེར་དང་དོ་དམ་བྱས་པ་མི་འདང་བའི་ཁར། ལག་རྩལ་ལ་བྱང་ཆ་མེད་པ་དང་སྦི་རག་གི་བྲོ་བ་དེ་འདྲའི་ཞིམ་པོ་མིན་པས། དུས་ཡུན་རིང་པོ་ཞིག་ལ་ནང་ཆེན་གྱི་ནས་ནག་སྦི་རག་བཟོ་གྲྭས་གཞི་རྒྱ་ཅན་གྱི་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་མ་ཐུབ་པར་བཟོ་གྲྭ་ཡོང་ཉུང་གཏོང་མང་གི་གནས་སུ་ལྷུང་།

2019ལོའི་ཟླ9པར། རྫོང་གིས་ཡོངས་བསྒྲགས་སྒོས་སུ་འཇོན་དེ་འགུག་དང་བོགས་གཡར་བདག་གཉེར་གྱི་རྣམ་པ་སྤྱད་དེ། སྦི་རག་བཟོ་གྲྭ་དེ་ཡུས་ཧྲུའུ་ཡི་ཚོང་དོན་ཀུང་སི་ཞིག་ལ་བདག་གཉེར་འགན་བཅོལ་བྱས།

ཀུང་སིའི་འགན་འཁུར་པ་ཧྥུ་ཀྲན་ཧྭ་ཡིས་བཤད་རྒྱུར། བཟོ་གྲྭ་བདག་གཉེར་བྱས་ཚུན་ལ། མོས་སྒོར་ཁྲི་བརྒྱ་ཕྲག་འགའ་བཏང་སྟེ། ཁྲོ་ཐབ་དང་ཆུ་དྭངས་འཕྲུལ་ཆས། སྣོད་ལྡུག་སྒྲིག་ཆས་བཅས་གསར་བསྒྱུར་བྱས་ཏེ། སྦི་རག་ནག་པོ་དང་དཀར་པོ། སེར་པོ། བསིལ་མངར་ལྡན་པའི་སྦི་རག་བཅས་སྣ་ཁ་བཞི་གསར་སྤེལ་བྱས་པར་མ་ཟད། ཐོན་རྫས་ཀྱི་ཕྱི་ཐུམ་ཇུས་འགོད་དང་གནས་གོང་རིམ་སྤར་བྱས་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། ཚོང་ར་ནས་ཚོང་ལམ་བཏོད་པའི་ཐད་སྔར་བཞིན་དཀའ་ཁག་ཆེན་པོར་འཕྲད།

“བཟོ་གྲྭ་ནི་རྫོང་མཁར་གྱི་ཕྱི་རུ་བཙུགས་ཡོད་པས། ཆུ་གློག་སྤྱོད་རྒྱུར་འགན་སྲུང་བྱེད་ཐབས་མེད་ལ། འབྲེལ་ཡོད་འགྲོ་ལུགས་ཀྱང་མི་ཚང་བས། དངུལ་ཁང་ལ་དངུལ་བུན་བསྐྱིས་ནས་རྒྱ་བསྐྱེད་ཐབས་ཀྱང་མེད་པ་རེད། ”ཧྥུ་ཀྲན་ཧྭ་ཡིས་བཤད་རྒྱུར། དེའི་ཁར་མཐོ་སྒང་གི་གནམ་གཤིས་མི་ལེགས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བས། ཆེད་ལས་ཅན་གྱི་ཐོན་སྐྱེད་དང་བདག་གཉེར། དོ་དམ་བཅས་བྱེད་པའི་རུ་ཁག་ཅིག་འཛུགས་དཀའ་ཞིང་། དེ་ཡང་སྦི་རག་བཟོ་གྲྭ་ཐོག་མཐའ་བར་གསུམ་དུ་འབོར་གྲངས་ཉུང་བའི་ཐོན་སྐྱེད་ཀྱི་དུས་རིམ་དུ་ལུས་ཏེ། གཞི་རྒྱ་ཅན་གྱི་ཐོན་སྐྱེད་དང་ཕྱིར་འཚོང་མངོན་འགྱུར་བྱེད་མི་ཐུབ་པའི་རྒྱུ་མཚན་ཞིག་རེད།

འོན་ཀྱང་ལོ་མང་པོའི་རིང་ལ་འཚོལ་ཞིབ་བྱས་པ་བརྒྱུད། ནང་ཆེན་གྱི་ནས་ནག་སྦི་རག་ལ་གཞན་དང་མི་འདྲ་བའི་བསྙལ་རྩལ་དང་། དྭངས་ཤིང་ཞིམ་པའི་བྲོ་བ་ཁྱད་པར་ཅན་ཡོད་པར་བརྟེན་ཚང་མའི་དོ་ཁུར་དང་གདེང་འཇོག་ཐོབ། པེ་ཅིན་དུ་བསྡུས་པའི་རྒྱལ་ཡོངས་སྤུས་ལེགས་ཞིང་ཐོན་དངོས་རྫས་བཀྲམ་འཚོང་གཟའ་འཁོར་སྐབས་བཅུ་གཅིག་པའི་སྟེང་། ལས་རིགས་ནང་ཁུལ་གྱི་མི་མང་པོ་ཞིག་གིས་བྲོ་བ་མྱངས་རྗེས་བསྟོད་པའི་མཐེ་བོང་བསྒྲེངས་ལ། ས་གནས་གཞན་གྱི་ཚོང་བ་སྐོར་ཞིག་གིས་ཚུར་བཙལ་ཡོང་ནས་ལས་ཚབ་ཕྱིར་འཚོང་བྱས།

ན་ནིང་གི་ཟླ6པར། སྦི་རག་ཁེ་ལས་བྱ་བའི་ཐད་ལོ་ངོ20ཡི་ཉམས་མྱོང་ལྡན་པའི་སྐུ་ཞབས་ཧའོ་ནང་ཆེན་དུ་ཡོང་ནས་ཡུལ་དངོས་རྟོག་ཞིབ་བྱས་རྗེས། ས་དེ་རུ་འདུག་རྒྱུ་ཐག་བཅད། ཆེད་ལས་མི་སྣ་ནང་དུ་ཞུགས་པ་ན། ནས་ནག་སྦི་རག་བཟོ་གྲྭའི་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་སོང་བ་དང་། ཟས་རིགས་བདེ་འཇགས་དཔང་དངོས་ཀྱི་ར་སྤྲོད་ཡང་བསྐྱར་ཐོབ་ལ། ཕྱི་ཐུམ་ཡང་སྔོན་གྱི་ཤེལ་དམ་ནས་ཧ་ཡང་གི་དམ་བུར་བརྗེས་པར་མ་ཟད། ཡུས་ཧྲུའུ་ཁུལ་དང་ཟི་ལིང་གྲོང་ཁྱེར་དུ་ཉམས་ལེན་ཚོང་ཁང་ཕྱེས།

ནང་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྱང་མུ་མཐུད་དུ་ནས་ནག་སྦི་རག་བཟོ་གྲྭར་རྒྱབ་སྐྱོར་བྱས་ཏེ། སྔར་ཡོད་ཀྱི་ཐོན་སྐྱེད་ལས་གྲྭའི་རྨང་གཞིའི་སྟེང་། ལོ་རེར་ཏུན5000ཐོན་སྐྱེད་ཐུབ་པའི་ཐོན་སྐྱེད་བཟོ་གྲྭ་ཞིག་བཙུགས་ཏེ། རྫོང་ཡོངས་ཀྱི་ནས་ནག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་ཁྲིད་བྱེད་རྒྱུ་ཐག་བཅད།

“ཚོང་རའི་དཔལ་འབྱོར་དར་ཁྱབ་མི་ཆེ་བའི་ས་ཁུལ་ནས་ཐོན་ལས་གསོ་སྐྱོང་བྱེད་དགོས་ན། ང་ཚོར་ངང་རྒྱུད་རིང་པོ་ཞིག་དང་ཡིད་ཆེས་བརྟན་པོ་ཞིག་ཡོད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་ནང་ཆེན་གྱི་ནས་ནག་སྦི་རག་དེ་སྔ་མོ་ནས་ཚོང་རར་བྲིན་ཏེ། དམངས་ཀྱི་ཡོང་སྒོ་འཕར་བར་རོགས་བྱེད་ཐུབ་པའི་ཐོན་ལས་གཙོ་བོར་འགྱུར་རྒྱུ་ནི་ངའི་རེ་བ་ཡིན།”ནང་ཆེན་རྫོང་གི་རྫོང་དཔོན་ཤེས་རབ་རྒྱ་མཚོས་དེ་ལྟར་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།