ཀྲུང་གོ་བོད་ཀྱི་དྲ་བ།

རི་མོ་མཁན་གྱིས་ནད་ལ་བརྟག་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྣམ་རྒྱལ་མཚོས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧྥུའུ་ཧྲན་ལགས་ནི་ཧྲན་ཞི་ཐའེ་ཡོན་གྱི་མི་ཡིན་ལ།མིང་རྒྱལ་རབས་དུས་མཇུག་དང་ཆིང་རྒྱལ་རབས་དུས་མགོའི་ཡིག་མཁན་དང་རི་མོ་མཁན། སྨན་པ་ཞིག་ཡིན། ཁོང་ནི་ཐའེ་ཡོན་ས་ཁུལ་ཙམ་མ་ཟད་ཧྲན་ཞི་ཞིང་ཆེན་གྱི་དུད་ཁྱིམ་ཡོངས་དང་རྒན་དར་གཞོན་གསུམ་ཀུན་གྱི་ཁྲོད་ངོ་མི་ཤེས་མཁན་མེད་པས།དམངས་ཁྲོད་དུ་འདི་འདྲའི་གཏམ་རྒྱུད་ཅིག་གྲགས་ཡོད་དེ། བཤད་རྒྱུན་དུ་ཧྲན་ཞི་ཐའེ་ཡོན་ཤག་མཁར་གྲོང་ལྷོ་མར་མིང་ལ་མེ་ཏོག་ཟེར་བའི་བུད་མེད་ཅིག་ཡོད་ལ།ཉིན་ཞིག་མེ་ཏོག་གིས་དོན་དག་ཙག་ཙིག་ཅིག་གི་ཆེད་དུ་ཁྱོ་ག་ཀྲང་ཞའོ་ཝུའུ་ལ་ལེ་བདའ་བྱས། ཁྱོ་ག་ཀྲང་ཞའོ་ཝུའུ་ཡིས་རྒྱུན་པར་མེ་ཏོག་གིས་ཅི་བཤད་པ་ནང་བཞིན་བསྒྲུབས་རུང་། ཉིན་དེར་ཅི་ཡིན་ཆ་མི་འཚལ་བར་ཆུང་མས་ལེ་བདའ་བྱེད་པར་སུན་སྣང་སྐྱེས་ནས་མོ་ལ་གཤེ་གཤེ་བཏང་བས་མེ་ཏོག་ཡིད་མུག་པར་བྱས།མ་གཞི་མོས་ཁྱོ་ག་ལ་སེམས་ཁུར་བྱེད་འདོད་ཀྱང་ཁོས་བཟང་ངོ་མི་ཤེས་པར་རང་ལ་སྡིགས་དམོད་བྱས་པས་སེམས་སྡུག་ནས་ཉིན་འགར་ཟས་ཀྱང་ཟ་འདོད་མེད་པར་གྱུར་ཅིང་། མཐའ་མཇུག་མལ་སར་ལྷུང་ནས་ལངས་རྒྱུ་མ་བྱུང་།

ཀྲང་ཞའོ་ཝུའུ་ཡིས་རང་གིས་ཆུང་མར་རླུང་ལངས་སུ་བཅུག་པས།སེམས་འཚབ་ནས་སྨན་པ་མང་པོ་ཞིག་བཙལ་ཡང་ཆུང་མའི་ནད་གཞི་ཅི་ཞིག་ཡིན་པ་ངོས་མ་ཟིན་ལ། སྨན་ཡང་ལེན་མ་ཐུབ་པས་མེ་ཏོག་མལ་ཁྲིའི་སྟེང་ལོག་ནས་ཟས་ཟ་འདོད་མེད་པར་ལུས་ཟུངས་ཉིན་རེ་ནས་ཉིན་རེར་ཇེ་ཞན་དུ་སོང་།

ཀྲང་ཞའོ་ཝུའུ་ཡི་སེམས་ནི་མེས་སྲེག་པ་བཞིན་གང་སར་སྨན་པ་བཙལ་ནས་མྱུར་དུ་ཆུང་མར་ནད་བཅོས་བྱེད་པར་བྲེལ། དེ་ནས་ཁྱིམ་མཚེས་ཤིག་གིས་ཀྲང་ཞའོ་ཝུའུ་ལ“ཐའེ་ཡོན་མཁར་བྱང་མའི་རི་མོ་མཁན་ཧྥུའུ་ཧྲན་ལགས་ནི་གསོ་རིག་མཁན་པོ་ཞིག་ཡིན་ལ་བརྟག་དཀའ་བའི་ནད་དག་ཀྱང་བཅོ་ཐུབ་ཟེར་བས་ཁྱོད་རང་ཁོང་འཚོལ་ཏུ་སོང་དང་ཐབས་ཤིག་རྙེད་ཀྱང་སྲིད”ཅེས་བཤད།

ཀྲང་ཞའོ་ཝུའུ་ཡིས་གཏམ་དེ་ཐོས་རྗེས།སྐུ་ཞབས་ཧྥུའུ་ཧྲན་ལགས་ཀྱི་སྡོད་གནས་རྩད་བཅད་དེ།མཁར་བྱང་མའི་ཁོང་ཚང་གི་ཤག་ཏུ་སོང་། ཀྲང་ཞའོ་ཝུའུ་ཡིས་སྐུ་ཞབས་ཧྥུའུ་ཧྲན་མཐོང་མ་ཐག་པུས་མོ་ས་ལ་བཙུགས་ཤིང་ཐོད་པ་ས་ལ་གཏུགས་ནས“སྲོག་སྐྱོབ་དང་།སྐུ་ཞབས་ལགས།ཁྱེད་ཀྱིས་ངའི་ཆུང་མའི་སྲོག་སྐྱོབ་རོགས།ངས་ཁྱེད་ལ་ཕྱག་འཚལ”ཞེས་བཤད།

སྐུ་ཞབས་ཧྥུའུ་ཧྲན་ལགས་ནི་བག་ཡོད་ཞི་དུལ་ཞིག་ཡིན་པས་རྣམ་པ་དེ་མཐོང་འཕྲལ། མྱུར་དུ་ཀྲང་ཞའོ་ཝུའུ་ཡར་ལངས་སུ་བཅུག་ནས“ཁྱོད་ཀྱིས་དེ་འདྲ་མ་བྱེད། མྱུར་མོར་ཡར་ལོངས་ཤིག སྔོན་ལ་ཁྱོད་ཀྱི་ཆུང་མའི་ནད་གཞི་ཤོད་ཅིག”ཅེས་བཤད།

དེ་ནས་ཀྲང་ཞའོ་ཝུའུ་ཡིས་རང་ཉིད་ཀྱིས་ཆུང་མ་མེ་ཏོག་ལ་ཇི་ལྟར་རླུང་ལངས་སུ་བཅུག་པ་དང་མོ་རང་ཇི་ལྟར་ཁོང་ཁྲོ་ལངས་པ།སྨན་བཅོས་ཇི་ལྟར་བྱས་པ་སོགས་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་སྐུ་ཞབས་ཧྥུའུ་ཧྲན་ལ་བཤད། ཀྲང་ཞའོ་ཝུའུ་ཡིས་སྐུ་ཞབས་ཧྥུའུ་ཧྲན་གྱི་ལྭ་བའི་སྣེ་མོར་འཇུས་ནས“ངའི་ཆུང་མས་ཉིན་འགར་ཟས་ཁམ་གང་ཡང་ཟོས་མེད་པས་འདི་ལྟར་སོང་ཚེ་མོ་རང་འཆི་ཉེན་ཆེ།ངས་ཁྱེད་ལ་ཞུ་བ་བྱེད།ཁྱེད་རང་ཡིན་གཅིག་མིན་གཉིས་ངེད་ཚང་ལ་ཕེབས་ནས་ངའི་ཆུང་མའི་ནད་ཅི་ཞིག་ཡིན་པར་བལྟ་རོགས་ཞུ”ཞེས་བཤད།སྐུ་ཞབས་ཧྥུའུ་ཧྲན་གྱིས་དལ་ལྷོད་ངང“ངས་ཤེས་སོང་།ཁྱོད་རང་བྲེལ་བ་མ་ལངས།ཁྱོད་ཀྱི་ཆུང་མའི་ནད་གཞི་འདི་ཡ་མཚན་ཅན་ཞིག་ཡིན་ཡང་།ངས་ནད་ལ་མ་བལྟས་པར་བཅོ་ཐུབ།འོན་ཀྱང་ད་ཆ་ངའི་ལག་ཏུ་སྨན་སྣ་འགའ་མི་ཚང་བས་ཁྱོད་ཀྱིས་སྔོན་ལ་ཆུ་འགྲམ་ནས་མདོག་ནག་པོའི་རྡོ་ཞིག་ཁྱེར་ཏེ་སླ་ངའི་ནང་དུ་མེ་ཆུང་ཆུང་གིས་ཚོས་ཤིག གལ་ཏེ་སླ་ངའི་ནང་གི་ཆུ་ཐག་ན་ཡང་བསྐྱར་ཆུ་བསྣན་ནས་ནམ་ཞིག་རྡོ་གདུས་ནས་མཉེན་མོར་གྱུར་ཚེ་ཁྱོད་འདིར་ཡོང་ནས་སྨན་སྣ་དེ་ཚོ་ཁྱེར་སོང་།ཡིན་ཡང་མཉམ་འཇོག་རྒྱུ་ཞིག་ནི། ཆུ་སྐམ་མི་ཉན་ལ་དེའི་གམ་ནས་འབྲལ་ཡང་མི་རུང་། ད་དུང་སྨན་གདུ་བའི་གོ་རིམ་ཁྲོད་སླ་ངའི་ནང་གི་རྡོ་མཉེན་མོར་གྱུར་ཡོད་མེད་ལ་བལྟ་དགོས།མཉེན་མོར་གྱུར་པའི་རྡོ་དེ་ནི་སྨན་རྟ་གལ་ཆེན་ཞིག་ཡིན”ཞེས་བཤད།

ཀྲང་ཞའོ་ཝུའུ་ནི་མི་གཞུང་དྲང་ཞིག་ཡིན་པས་སྐུ་ཞབས་ཧྥུའུ་ཧྲན་གྱི་སྐད་ཆར་ཉན་རྗེས།དེ་མ་ཐག་ཆུ་འགྲམ་དུ་རྡོ་བཙལ་ནས་ཡུལ་དུ་ཁྱེར། ཁོས་རྡོ་སླ་ངའི་ནང་དུ་བཞག་ཅིང་། ཆུ་བསྣན་ཏེ་བློ་སེམས་རྩེ་གཅིག་གིས“སྨན”གདུས། ཀྲང་ཞའོ་ཝུའུ་ཡིས་ཆུ་བསྣན་ཏེ་སླ་ང་བསྲུངས་ནས་གོམ་གང་ཡང་ཁ་མ་བྲལ་བར་བསྡད་ལ།ཆུ་ཐེངས་དགུ་དགུ་བརྒྱད་ཅུ་གྱ་གཅིག་ལ་བསྣན་ཡང་རྡོ་ད་དུང་མཉེན་མོར་མ་གྱུར།

སྐབས་དེར། ཁོའི་ཆུང་མ་མེ་ཏོག་མལ་ཁྲིའི་སྟེང་ནས་ཙོག་སྟེ། ཀྲང་ཞའོ་ཝུའུ་ལ་ཁྱོད་ཀྱི་གདུ་ཚུལ་མ་འགྲིག་པ་མིན་ནམ་ཞེས་དྲིས། ཆུང་མས་སྐད་ཆ་བཤད་པ་ཐོས་འཕྲལ་ཁོའི་སེམས་ཁམས་ཀྱང་ཅུང་དྭངས་པར་གྱུར་ལ། སྐུ་ཞབས་ཧྥུའུ་ཧྲན་གྱིས་ང་ལ་འདི་ལྟར་གསུངས་སོང་ཞེས་བཤད།

མེ་ཏོག་གིས“འོ་ན་ཁྱོད་ཡང་བསྐྱར་སོང་ནས་སྐུ་ཞབས་ཧྥུའུ་ཧྲན་ལ་འདྲི་རྩད་ཅིག་བྱོས་དང་། མེར་ངས་བལྟ”ཞེས་བཤད་ཞོར་མེ་ཏོག་མལ་ཁྲི་ལས་ཐང་ལ་བབས།

ཀྲང་ཞའོ་ཝུའུ་སྐུ་ཞབས་ཧྥུའུ་ཧྲན་གྱི་ཤག་སར་བརྒྱུགས་ནས།སྐུ་ཞབས་ལ“ངས་ཐེངས་དགུ་དགུ་གྱ་གཅིག་ལ་ཆུ་བསྣན་ཡང་།རྡོའི་སྨན་རྟ་དེ་ད་དུང་མཉེན་མོར་ཆགས་མ་སོང”ཞེས་བཤད།

སྐུ་ཞབས་ཧྥུའུ་ཧྲན་གྱིས་ཀྲང་ཞའོ་ཝུའུ་ཡི་སྐད་ཆར་ལན་མ་བཏབ་པར་ཁོ་ལ“ད་ལྟ་མེར་སུས་ལྟ་བཞིན་ཡོད”ཅེས་དྲིས།

ཀྲང་ཞའོ་ཝུའུ་ཡིས“ངའི་ཆུང་མས་ལྟ་བཞིན་ཡོད”ཅེས་ལན་བཏབ།

སྐུ་ཞབས་ཧྥུའུ་ཧྲན་གྱིས“སེམས་བདེ་མོ་བྱོས་དང་ཁྱོད་ཀྱི་ཆུང་མའི་ནད་དྲག་སོང་།ནད་འདི་དྲག་དགོས་ན་སྔོན་ལ་ཁོང་ཁྲོ་ཞི་དགོས་པས་ཁྱོད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མོ་ལ་སྨན་བཙལ་བ་དང་རྡོ་གདུས་པ་སོགས་མཐོང་རྗེས་མོའི་ནད་ཀྱང་སྔོན་ནས་དྲག་སོང་ཞེས་བཤད།ཁོག་རླུང་ཞི་ན་མཆིན་རླུང་བདེ་བར་རྒྱུ་ཞིང་། དེས་ཕོ་མཚེར་ཐ་མལ་བདེ་བར་གནས་ཐུབ་པས་མོས་ཁྱོད་ཀྱི་ཚབ་ཏུ་རྡོ་གདུ་བཞིན་པ་འདིས་སེམས་ཀྱི་ཁོང་ཁྲོ་ཞི་སོང་བ་ཤེས་ཐུབ”ཅེས་བཤད།

ཀྲང་ཞའོ་ཝུའུ་ཡུལ་ལ་ཐོན་དུས་ཆུང་མས་དངོས་གནས་རྣམ་རིག་བསྒྲིམས་ཏེ“སྨན”གདུ་བཞིན་འདུག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།