ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞི་ཀྲི་ལྷ་ཡི་སློབ་དཔོན་འཚོལ་དུ་ཕྱིན་པ།

  རྩོམ་པ་པོ། : གཡང་རིས་མཚོས་བསྒྱུར།   སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་ཞི་ཀྲི་ནི་ཅིན་ཤར་མའི་དུས་ཀྱི་སྙན་གྲགས་ཅན་གྱི་ཡིག་གཟུགས་མཁན་པོ་ཞིག་ཡིན་ལ། ཕ་ཡུལ་ཧྲན་ཏུང་ཡིན། རྗེས་སུ་ཧྲན་ཡུན་ཏེ(དེང་གི་ཀྲེ་ཅང་ཧྲའོ་ཞིན་ཡིན)རུ་གནས་སྤར། ཁོང་ལ“ཡིག་མཁན་གྲགས་ཅན”གྱི་མཚན་སྙན་ཐོབ་ཡོད་ཅིང་། ཁོས་བརྩམས་པའི《ལན་ཐིན་ཕྱོགས་སྒྲིག》ནི་གནའ་དེང་གི་ཡིག་གཟུགས་མཁན་མང་པོའི་དད་མོས་བྱེད་ས་ཡིན་པར་མ་ཟད“གནམ་འོག་གི་གཤར་ཡིག་ཨང་དང་པོའི”སྙན་གྲགས་ཀྱང་ཐོབ་ཡོད། དེ་ཡང་ཁོང་གི་ཡིག་གཟུགས་འབྲི་རྩལ་ཐད་ཀྱི་གྲུབ་འབྲས་བླ་ལྷག་དེའང་ཉིན་འགའ་ཙམ་ལ་བླངས་པ་ཞིག་མིན་པར། དུས་ཡུན་རིང་པོའི་འབད་པ་ལྷོད་མེད་ཀྱི་བརྩོན་པ་ལས་ཐོབ་པ་རེད།

ཝང་ཞི་ཀྲི་ནི་ཁྱིམ་རྒྱུད་གྲགས་ཅན་ཞིག་ཏུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ཡིག་གཟུགས་འབྲི་རྒྱུར་མོས་པས། སློབ་དཔོན་གྲགས་ཅན་མང་པོར་བསྟེན་ནས་ཡིག་གཟུགས་སྦྱངས་མོད། འོན་ཀྱང་ཁོས་རང་ཡུལ་དུ་ལོ་གསུམ་གྱི་རིང་ལ་སྤུ་སྨྱུག་གི་འབྲི་སྲོལ་སྦྱངས་རུང་ད་དུང་ཡང་རྩེར་སོན་པ་ཞིག་འབྲི་མ་ཐུབ། དེར་ཁོའི་བསམ་པར་མི་ཚང་མས་ངའི་བློ་རིག་རྣོ་ཟེར་ཞིང་རང་གིས་ཀྱང་ལོ་གསུམ་ཙམ་ལ་འབྲི་རྩལ་སྦྱངས་རུང་ད་དུང་ཡིག་གཟུགས་ལེགས་པོ་ཞིག་འཁྱོངས་མེད་པ་འདི། ཕྱོགས་གཅིག་ནས་དགེ་རྒན་མཁས་པ་ཞིག་མེད་པ་དང་། གཞན་དུ་ན་རང་ལ་སྤུ་སྨྱུག་ངོ་མཚར་བ་ཞིག་མེད་པའི་རྐྱེན་ཡིན། འོ་ན་རང་ཉིད་ཅིའི་ཕྱིར་གནམ་འོག་ན་གྲགས་ཆེ་བའི་གནས་ཆེན་དག་འགྲིམས་ནས་གྲུབ་ཐོབ་པ་ཞིག་སློབ་དཔོན་དུ་བསྟེན་དུ་མི་འགྲོ་འམ། གལ་ཏེ་ཁོང་གིས་ང་ལ་ལྷའི་སྨྱུ་གུ་ཞིག་གནང་བྱུང་ན། རང་ཉིད་ཀྱང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ཡིག་གཟུགས་མཁན་པོ་ཞིག་ཏུ་འགྱུར་ངེས་སྙམ་སྟེ། ལྷ་འཚོལ་དུ་འགྲོ་རྒྱུའི་བློ་ཐག་བཅད་ནས་ཕ་མ་གཉིས་དང་གྱེས་མཇལ་ཞུས་ཤིང་རྒྱགས་བྲོ་གྲ་སྒྲིག་བྱས་ཏེ་ལམ་ལ་ཆས།

ཝང་ཞི་ཀྲི་ལིན་དབྱི་མཁར་དང་བྲལ་ཏེ་དབྱི་ཧོ་གཙང་པོའི་འགྲམ་དུ་སླེབས་པ་ན། དེར་ཉ་པ་རྒན་པོ་ཞིག་གིས་ཉ་ཚེབ་བཟུང་ནས་ཉ་འཛིན་བཞིན་ཡོད་པ་ལ། ཁོ་རྒན་པ་དེའི་དྲུང་དུ་ཕྱིན་ནས་རང་ཉིད་འདིར་ཡོང་དོན་བཤད་ཅིང་།རྒན་རབས་པ་ཁྱེད་ཀྱིས་ལྷ་ཟེར་བ་གང་དུ་བཞུགས་པ་ཤེས་སམ་ཞེས་དྲིས། དེ་ཡང་རྒན་པོ་དེ་དགོད་བཞིན་དུ། ཟླ་བོ་ཁྱོད་བྲེལ་བ་མ་ལངས་དང་། ངས་ཅུང་ཙམ་ནས་ཉ་ལི་ཡུས་འདི་བཟུང་རྗེས་ད་གཟོད་ཁྱོད་ལ་བཤད་ཅེས་བཤད།

དེར་ཝང་ཞི་ཀྲི་ཡིས་མགོ་བོ་ཡར་དགྱེ་ནས་བལྟས་པ་ན། ལང་ལོང་གིས་ལྷོ་རུ་འབབ་པའི་གཙང་པོ་དེའི་ནང་དུ། ཉ་དང་ཞ་སྨི་གྲིབ་མ་ཙམ་ཡང་མེད་པར་སྙམ་པའི་སྐབས་དེར། གློ་བུར་དུ་སྒྲ་གྲགས་མ་ཐག་ཉ་པའི་ལག་གི་ཉ་ཚེབ་དེས་སྐད་ཅིག་ཙམ་ལ་རྒྱ་མ་བདུན་བརྒྱད་ཙམ་གྱི་ཉ་ཆེན་ལི་ཡུས་ཤིག་བཟུང་བྱུང་། ཚུལ་དེ་མཐོང་ནས་ཝང་ཞི་ཀྲི་ཡ་མཚར་ཏེ་མྱུར་དུ་རྒན་པ་དེར་གུས་ཕྱག་འཚལ་བཞིན། རྒན་རབས་པ་ཁྱོད་ལ་འདི་འདྲའི་ནུས་མཐུ་ཡོད་པ་ལྷ་ཞིག་གི་དགེ་ཕྲུག་ཡིན་ངེས། ཉ་ཚེབ་འདི་ཡང་ལྷ་ཆས་ཤིག་ཡིན་ངེས་པས་ཁྱོད་ཀྱིས་མྱུར་དུ་ང་ལ་ཤོད་དང་ང་ཡང་ཁོང་ཚང་དགེ་རྒན་ལ་བསྟེན་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པ་ན། རྒན་པོ་དེ་དགོད་བཞིན་དུ་གླུ་འདི་ལྟར་བླངས།

ཚེ་འདིར་ལྷ་དང་དྲང་སྲོང་ཟེར་བར་མཇལ་མ་མྱོང་། །

ལུས་དང་འབྲལ་མེད་ཉ་ཚེབ་སྤྱིར་བཏང་འདིས། །

མཚོ་དང་གཙང་པོའི་འགྲམ་ནས་རྔོན་ལས་བྱས། །

རྩལ་ནུས་ཡོད་ཚད་དཀའ་སྡུག་མྱངས་པའི་འབྲས། །

དེར་ཝང་ཞི་ཀྲིས་མགོ་བོ་གཡུག་གཡུག་བྱས་ནས་མི་རློམ་པའི་ཉམས་བསྟན་པ་ལ། ཉ་པ་རྒན་པོ་དེས་ཁོ་རང་རྫིང་བུ་ཅུང་གཏིང་ཟབ་པ་ཞིག་གི་ཁར་ཁྲིད་ནས། རྫིང་བུ་དེ་བསྟན་ནས་བཤད་རྒྱུར། ངས་སྔོན་ཆད་ཉ་འཛིན་ཆེད་ནམ་རྒྱུན་འདི་གར་ཡོང་ནས་ཉ་ཚེབ་འཕེན་རྩལ་སྦྱངས། དེ་ལྟར་ཉིན་ཐོག་ཉིན་དང་ལོ་ཐོག་ཟླ་བརྩེགས་ནས་སྦྱངས་མཐར་ཉ་ཚོགས་ཀྱིས་ཡང་བསྐྱར་འདི་རུ་རྫིང་བུ་ཞིག་བརྐོས་པ་རེད། ད་ལྟ་མི་ཚང་མས་འདིར“ལེན་ཁྲ་ན་ཁུག”ཅེས་འབོད་ཟེར་བར། ཝང་ཞི་ཀྲིས་ཡུད་ཙམ་ཞིག་ལ་མནོ་བསམ་བཏང་རྗེས། ཉ་པ་རྒན་པོ་དེར་བཀའ་དྲིན་ཞུས་ཤིང་མུ་མཐུད་དུ་ལམ་ལ་ཆས།

དེ་ཡང་ཝང་ཞི་ཀྲི་རི་བོ་དབྱི་མེང་ལ་སླེབས་པ་ན། དེར་རྔོན་པ་རྒན་པོ་ཞིག་གིས་མདའ་གཞུ་ཁུར་ནས་རི་དྭགས་རྔོན་བཞིན་ཡོད་པར། ཁོ་རྔོན་པ་དེའི་གམ་དུ་ཕྱིན་ནས་རང་ཉིད་གནས་འདིར་ཡོང་དོན་བཤད་པ་ན། རྔོན་པ་དེ་དགོད་བཞིན་དུ་ཟླ་བོ་ཁྱོད་མ་བྲེལ་ང་ལ་ལྟོས་དང་། ཡུད་ཙམ་ནས་མཁའ་རུ་འཕུར་བཞིན་པའི་ཁྲུང་ཁྲུང་གསུམ་ཡོད་པ་དེ་ངས་མདའ་ཡིས་བསད་རྗེས་ད་གཟོད་ཁྱོད་ལ་བཤད་ཟེར་བར་ཝང་ཞི་ཀྲིས་མཁའ་རུ་བལྟས་པ་ན། ཕ་མཐའ་བྲལ་བའི་མཁའ་དབྱིངས་སུ་ནག་ཐིག་འགའ་ལས་མེད་ལ་དེ་ཡང་གསལ་པོར་མཐོང་རྒྱུ་ཡང་ཧ་ཅང་དཀའ་བས། དེར་མདའ་ཕོག་ནུས་མཁན་ཧོ་དབྱི་མ་གཏོགས་གཞན་ཞིག་ཡོད་མི་སྲིད་སྙམ་པའི་སྐབས་དེར། རྔོན་པ་དེས་གློ་བུར་དུ་བསྟུད་མར་མདའ་གསུམ་འཕངས་ཤིང་དེ་ནས་ཅུང་ཙམ་འགོར་རྗེས། བར་སྣང་ནས་ཁྲུང་ཁྲུང་གསུམ་ས་ལ་ལྷུང་སོང་། དེ་མ་ཐག་ཝང་ཞི་ཀྲི་མདུན་དུ་སོང་ནས་བལྟས་པ་ན་མདའ་མོ་རེ་རེ་བཞིན་བྱ་གསུམ་པོའི་མགོ་ལ་བསྣུན་འདུག དེར་ཁོའི་བསམ་པར་རྔོན་པ་འདི་ཡང་ལྷ་ཞིག་གི་དགེ་ཕྲུག་ཡིན་ངེས་སྙམ་པའི་སྐབས་དེར། རྔོན་པ་དེས་ཝང་ཞི་ཀྲིའི་ཧ་ལས་པའི་ཉམས་ལ་བལྟས་ནས་དགོད་བཞིན་དུ་གླུ་འདི་ལྟར་བླངས།

ཚེ་འདིར་ལྷ་དང་དྲང་སྲོང་ཟེར་བ་མཇལ་མྱོང་མེད། །

ང་ཡི་ལག་ཏུ་ཐོགས་པའི་མདའ་དང་གཞུ་མོ་འདིས། །

ལོ་ཆུང་དུས་ནས་གཅན་གཟན་རི་དྭགས་མང་དུ་བརྔན། །

རྩལ་ནུས་ཡོད་ཚད་དཀའ་སྡུག་ཁྲོད་དུ་སྦྱངས་པ་ཡིན། །

ཝང་ཞི་ཀྲིས་ཉན་རྗེས་ད་དུང་ཡིད་མ་ཆེས་པས། རྔོན་པ་དེས་མདུན་ཕྱོགས་ཀྱི་རི་རྩེ་མཐོན་པོ་དེ་བསྟན་ནས་བཤད་རྒྱུར། ཟླ་བོ་ཁྱོད་ཀྱིས་རི་སྐེད་གན་ན་ཁུང་བུ་ཞིག་ཡོད་པ་དེར་ལྟོས་དང་། དེ་ནི་ངས་སྔོན་ཆད་རི་དྭགས་རྔོན་ཆེད་ཉིན་ཐོག་ཉིན་དང་ལོ་ཐོག་ཟླ་བརྩེགས་ཏེ་མདའ་རྩལ་སྦྱངས་ནས་བརྟོལ་བ་ཡིན། ད་ལྟ་རི་འདིར་ཚང་མས“མདས་བརྟོལ་རི་བོ”ཟེར་ཞེས་བཤད་པ་ན། ཝང་ཞི་ཀྲིས་ཡུད་ཙམ་ལ་འདང་རྒྱབ་རྗེས་མུ་མཐུད་དུ་ལམ་ལ་ཆས།

དེ་ནས་ཝང་ཞི་ཀྲི་སོང་སོང་མཐར་རི་སྒང་ཞིག་གི་སྟེང་དུ་སླེབས་པ་ན། དེར་ལུག་རྫི་རྒན་པོ་ཞིག་གིས་ལུག་འཚོ་བཞིན་ཡོད། ཁོས་རྒན་པ་དེར་རང་ཉིད་ཡོང་དོན་བཤད་ཅིང་། རྒན་པ་དེས་ཕྱིར་ལན་སློག་དུས་གམ་གྱི་རྡོ་ཆེན་པོ་ཞིག་གི་སྟེང་ན་འབུ་ཆེན་པོ་ཞིག་ཡོད་པར་ཝང་ཞི་ཀྲི་སྐྲག་ནས་མྱུར་དུ་རྒན་པོ་དེའི་རྒྱབ་ཏུ་ཡིབ་བསམ་པ་ན། རྒན་པོ་དེས་ལྕག་ཚན་ཕྱར་ཐེངས་གཅིག་གིས་རྡོ་དང་འབུ་གཉིས་ཀ་དུམ་བུ་གཉིས་སུ་བཏང་སོང་། དེ་མ་ཐག་ཝང་ཞི་ཀྲིས་ཡ་མཚན་ཆེན་པོའི་ངང་ཨ་ཁུ་ཁྱོད་ལ་ལྕག་ཚན་འདི་འདྲའི་ཁྱད་མཚར་ཅན་ཞིག་ཡོད་པ་ལྷ་ཞིག་གི་དགེ་ཕྲུག་ཡིན་ངེས། ཁྱོད་ཀྱིས་མྱུར་དུ་ང་ཁྲིད་ནས་ལྷ་དེར་མཇལ་དུ་འགྲོ་རོགས་ཞེས་ཞུ་བ་བྱས་པ་ན། ལུག་རྫི་རྒན་པོ་དེ་དགོད་བཞིན་དུ་གླུ་འདི་ལྟར་བླངས།

ཚེ་འདིར་ལྷ་དང་དྲང་སྲོང་ཟེར་བར་མཇལ་མྱོང་མེད། །

ང་ཡི་ལག་ཏུ་བཟུང་བའི་ལྕག་ཚན་ཕྲ་མོ་འདིས། །

ལོ་ཆུང་དུས་ནས་རི་འདིར་ལུག་འཚོའི་ལས་ལ་བྲེལ། །

རྩལ་ནུས་ཡོད་ཚད་དཀའ་སྡུག་ཁྲོད་དུ་སྦྱངས་པ་ཡིན། །

ཝང་ཞི་ཀྲིས་ཉན་རྗེས་ཁ་མ་གྲག་པར་བསྡད་པ་ན། ལུག་རྫི་དེས་རི་མགོ་དེ་བསྟན་ནས། ཟླ་བོ་ཁྱོད་ཀྱིས་ཤེས་སམ། སྒང་འདིའི་རྩེ་མོ་སྔོན་ཆད་ཧ་ཅང་འབིགས་ལ་དེ་ཡང་ངས་སྔོན་ཆད་འདི་རུ་ཉིན་ཐོག་ཉིན་དང་ལོ་ཐོག་ཟླ་བརྩེགས་ནས་ལྕག་ཚན་གཡུག་སྲོལ་སྦྱངས་མཐར་རི་མགོ་དེ་ཡང་རིམ་བཞིན་སྒང་འདིར་གཏུགས་པ་ཡིན་ལ། ད་ལྟ་མི་ཚང་མས་སྒང་འདིར“ལྕག་གཞུ་སྒང”ཟེར་ཞེས་བཤད་པ་ན། ཝང་ཞི་ཀྲི་ལ་གློ་བུར་དུ་རྨི་ལམ་ལས་སད་མ་ཐག་པའི་ཉམས་སྣང་ཞིག་སྐྱེས་ཏེ། གྲུབ་ཐོབ་པ་དང་ལྷ་འཚོལ་འདོད་ཀྱི་བསམ་པ་ཡང་གཏིང་ནས་ཡལ་ཏེ། ལུག་རྫི་རྒན་པ་དེར་ཕྱག་གསུམ་འཚལ་རྗེས་ཕྱིར་རང་ཡུལ་དུ་ལོག་སོང་། །

ཁོ་རང་ཕྱིར་ཡུལ་དུ་ལོག་རྗེས། སྙིང་རུས་ཆེར་སྐྱེད་ཀྱིས་ཡང་བསྐྱར་ཡིག་གཟུགས་སྦྱང་མགོ་བརྩམས། དུས་དེ་ནས་བཟུང་ཁོ་ནམ་རྒྱུན་སྔ་མོ་ནས་ལངས་ཏེ་སྒོ་ཆེན་མདུན་གྱི་ཆུ་རྫིང་ཞིག་ཡོད་པ་དེའི་འགྲམ་དུ་སོང་སྟེ་ཡིག་གཟུགས་སྦྱངས་ཤིང་། ནམ་རྒྱུན་ཉི་མ་ནུབ་རྗེས་ད་གཟོད་སྤུར་སྣག་གཙང་མར་བཀྲུས་ཏེ་ཡུལ་ལ་ལོག་འོངས། དེ་ལྟར་ཁོང་གིས་ཉིན་ཐོག་ཉིན་དང་ལོ་ཐོག་ཟླ་བརྩེགས་ནས་སྦྱངས་ཏེ་འཛམ་བུའི་གླིང་འདིར་སྙན་གྲགས་འབར་བའི་ཡིག་གཟུགས་མཁན་པོ་ཞིག་ཏུ་གྱུར་དུས། རྫིང་བུ་དེའི་ནང་གི་ཆུ་ཡང་སྔ་མོ་ནས་སྣག་ཚ་ལྟ་བུར་གྱུར་འདུག་ལ། རྗེས་སོར་མི་ཚང་མས་ཀྱང་རྫིང་བུ་དེར“སྤུར་འཁྲུད་རྫིང་བུ”ཞེས་འབོད་སྲོལ་དར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།