མིའུ་ཐུང་ཡན་དབྱིན།

ཀྲུང་གོའི་གནའ་རབས་ཁྲུན་ཆིའུ་དུས་སྐབས་ཀྱི་ཆི་རྒྱལ་ཕྲན་དུ་མིང་ལ་ཡན་དབྱིན་ཟེར་བའི་མི་ཞིག་ཡོད། ཁོ་ནི་ཆུང་དུས་ནས་བློ་རིག་རྒོད་ལ་སྨྲ་ལྕེ་བདེ། འོན་ཀྱང་ཁོའི་གཟུགས་པོ་ཧ་ཅང་ཐུང་བའི་རྐྱེན་གྱིས་རྟག་ཏུ་མི་རྣམས་ཀྱིས་འཕྱ་དམོད་བྱེད། བློ་རིག་རྒོད་པའི་ཡན་དབྱིན་གྱིས་དེ་ཙམ་གྱིས་རང་དམན་མི་བྱེད་པར་དེ་ལས་ལྡོག་སྟེ་ཧུར་ཐག་གིས་རང་གི་བློ་རིག་དང་འཇོན་ནུས་མངོན་པར་བྱེད། དེ་བས་ཁོ་རང་ནར་སོན་རྗེས་ཆི་རྒྱལ་ཕྲན་གྱི་བློན་ཆེན་དུ་གྱུར།

ལོ་ཞིག་ལ། ཆི་རྒྱལ་པོས་ཁྲུའུ་རྒྱལ་ཕྲན་ལ་ཕོ་ཉ་མངགས་པར་བསམ། ཁྲུའུ་རྒྱལ་ཕྲན་ནི་རྒྱལ་ཕྲན་ཆེན་པོ་ཞིག་ཡིན་པར་མ་ཟད་རྒྱལ་པོ་ཡང་ང་རྒྱལ་ཆེ་བས་ཆི་རྒྱལ་ཕྲན་ནི་མིག་ནང་ལ་མི་འཇོག དེ་བས་ལས་འགན་འདི་ནི་བློན་པོ་སུས་ཀྱང་སྒྲུབ་པར་འདོད་ཀྱིན་མེད། ཆི་རྒྱལ་པོས་བསམ་གཞིག་མང་དུ་བཏང་རྗེས་ཡན་དབྱིན་ནི་ལས་འགན་འདི་ལེགས་པར་འགྲུབ་ཐུབ་མཁན་ཁོ་ན་ཉིད་དུ་བསམས།

ཡན་དབྱིན་ཁྲུའུ་རྒྱལ་ཕྲན་དུ་སླེབས་རྗེས། མདུན་བསུར་ཡོང་བའི་ཁྲུའུ་རྒྱལ་ཕྲན་གྱི་དཔོན་པོས་བསམ་བཞིན་དུ་ཁོ་ལ་སྒོ་ཆེན་མི་འབྱེད་པར་གཞོགས་ཀྱི་སྒོ་ཆུང་ཞིག་ཕྱེས་ནས་སྣེ་ལེན་བྱེད་རྩིས་བྱས།

ཡན་དབྱིན་གྱིས་ཚུལ་དེ་ནི་ཁྲུའུ་རྒྱལ་ཕྲན་གྱི་མིས་རང་ལ་དམའ་འབེབས་བྱེད་བཞིན་པ་ཤེས་ནའང་ཁོ་རང་ཁོང་ཁྲོ་ལངས་པ་ནི་ལྟ་ཞོག ལྡོག་སྟེ་ཧ་ཅང་ཞི་དུལ་གྱིས་མི་དེ་ལ་“ངས་བསམས་ན། ཁྱིའི་རྒྱལ་ཁབ་ཏུ་ཕྱིན་ན་ད་གཟོད་ཁྱི་ཁུང་ཆུང་ངུར་འཛུལ་དགོས། དེ་རིང་ང་ནི་ཁྲུའུ་རྒྱལ་ཕྲན་དུ་འོངས་པ་ལ་ཁྱི་ཁུང་འདིར་འཛུལ་དགོས་པ་ཡིན་ནམ། གལ་སྲིད་ཁྲུའུ་རྒྱལ་ཕྲན་གྱིས་རང་ཉིད་ནི་ཁྱིའི་རྒྱལ་ཁབ་ཏུ་འདོད་ན་ང་ནི་ཁྱི་ཁུང་འདིར་འཛུལ་ཆོག་ལ། ཁྲུའུ་རྒྱལ་ཕྲན་གྱིས་རང་ཉིད་ནི་བརྗིད་ཉམས་ཆེ་བའི་རྒྱལ་ཁབ་ཆེན་པོར་བསམས་ན། ང་ནི་ཅིས་ཀྱང་སྒོ་ཆེན་ནས་ནང་དུ་འགྲོ་འོས”ཞེས་བཤད།

ཁྲུའུ་རྒྱལ་ཕྲན་གྱི་དཔོན་པོས་གཏམ་དེར་མཉན་རྗེས་སྐྱེངས་ནས་སྐད་ཆའང་མི་ཤོད་པར་གྱུར་ཅིང་།སྒོ་ཆེན་ཕྱེས་ཏེ་ཡན་དབྱིན་ནང་ལ་འགྲོ་རུ་འཇུག་པ་ལས་ཐབས་མ་རྙེད།

ཡན་དབྱིན་ཁྲུའུ་རྒྱལ་ཕྲན་གྱི་ཕོ་བྲང་དུ་འབྱོར་བ་དང་། ཁྲུའུ་རྒྱལ་པོས་ཁོ་རང་མཐོང་རྗེས། ཧ་ཅང་ཡ་མཚན་པའི་ཟོལ་གྱིས“དོན་ཅི་བྱུང་སོང་ངམ། ཁྱེད་ཚོ་ཆི་རྒྱལ་ཕྲན་ལ་མི་མེད་སོང་བ་ཡིན་ནམ། ཅིའི་ཕྱིར་ཁྱོད་འདྲ་བའི་མིའུ་ཐུང་ཞིག་མངགས་པ་ཡིན།”ཞེས་དྲིས།

ཡན་དབྱིན་ལན་ཅིག་བགད་རྗེས། ཧ་ཅང་བག་ཕེབས་ཀྱི་ངང་ནས“རྒྱལ་པོ་ལགས། ཁྱེད་རང་ནོར་སོང་། ང་ཚོ་ཆི་རྒྱལ་ཕྲན་ལ་མི་ནི་རབ་ཏུ་མང་། ང་ཚོའི་རྒྱལ་ས་ལིན་ཙི་ལ་དཔེ་བླངས་ན། ལིན་ཙི་མཁར་ལ་མི་ཚོགས་ཀྱི་འཚང་ཁ་ཤིན་ཏུ་རྒོད་ཕྱིར་རྐང་པ་བརྒྱབ་ནས་འགྲོ་དུས་མི་རྣམས་ཀྱིས་ལུས་པོ་ཕན་ཚུན་ལ་གླན་ནས་འགྲོ་དགོས། ཚ་བ་ཤིན་ཏུ་ཆེ་དུས་མི་རྣམས་ཀྱིས་རྔུལ་ཆུས་སྦགས་པའི་ལུས་པོ་སྤྲུགས་ཙམ་བྱས་ཚེ་ཆར་བ་འབབ་པ་དང་མཚུངས་ཤིང་། མི་ཀུན་གྱིས་དུས་མཉམ་དུ་ཕུ་ཐུང་ཡར་ལ་བཏགས་ཚེ་ནམ་མཁའ་ཧྲིལ་པོ་བསྒྲིབས་ཏེ་མུན་རུབ་པར་གྱུར་པ་དང་མཚུངས།”

ཡན་དབྱིན་གྱིས་མུ་མཐུད་དུ་བཤད་རྒྱུར“ང་ཚོ་ཆི་རྒྱལ་ཕྲན་ལ་མི་ཧ་ཅང་མང་བར་མ་ཟད་དེ་དག་གི་ཁྲོད་དུ་འཇོན་མི་ཡང་སྣ་ཚོགས་ཡོད། གཙོ་ཆེ་བ་ནི་འཇོན་མི་རྣམས་ཇི་ལྟར་བཀོད་སྒྲིག་བྱེད་པ་དེ་རེད། མི་སྣ་རྩེ་གྲས་ཀྱི་སྐོར་ནི་རྒྱལ་ཁབ་རྩེ་གྲས་ཀྱི་ཕོ་ཉར་མངགས་ལ། འབྲིང་བ་རྣམས་རྒྱལ་ཁབ་འབྲིང་རིམ་ལ་བཀོད་སྒྲིག་བྱེད། ང་ལྟ་བུ་ནི་ཆི་རྒྱལ་ཕྲན་གྱི་ཧ་ཅང་འཇོན་ཐང་མེད་པའི་མི་ཡིན་པས་ཁྱེད་ཚོའི་རྒྱལ་ཁབ་འདིར་བཀོད་སྒྲིག་བྱས་པ་ཡིན”ཞེས་བཤད།

ཁྲུའུ་རྒྱལ་པོས་ཡན་དབྱིན་ངོ་ཚ་གཏོད་བསམ་པ་ཡིན་མོད་ཁོས་འདི་ལྟར་ཕྱིར་ཟུར་ཟ་བྱས་འོངས་པ་ནི་ཡིད་ལའང་ཤར་མེད། རྒྱལ་པོ་སེམས་ནས་ཁོང་ཁྲོ་རབ་ཏུ་ཁྲོས་ཡོད་ཀྱང་ཕྱིར་ཨ་ལན་སྤྲོད་རྒྱུ་མ་རྙེད་པས། ཡན་དབྱིན་གྱི་སྨྲ་ལྕེ་བདེ་མོ་དེ་ཁས་མི་ལེན་རང་ལེན་དུ་གྱུར། ཡན་དབྱིན་གྱིས་རང་གི་བློ་རིག་རྒོད་པོ་དང་སྨྲ་ལྕེ་བདེ་མོ་ལ་བརྟེན་ནས་ལས་འགན་ལེགས་པར་གྲུབ་སྟེ་ཕྱིར་རང་རྒྱལ་དུ་ལོག ཆི་རྒྱལ་པོའི་ཐུགས་ཧ་ཅང་དགྱེས་ཤིང་མི་འགྱང་བར་ཁོ་རང་ཡང་བསྐྱར་ཁྲུའུ་རྒྱལ་ཕྲན་དུ་མངགས།

ཁྲུའུ་རྒྱལ་པོ་ནི་ཐེངས་སྔོན་མར་ཡན་དབྱིན་གྱི་སྔོན་ནས་རང་གི་ཁ་ངོ་ཤོར་སོང་བསམས་ནས་ཐུགས་དགྱེས་ཀྱིན་མེད་ལ། སྔོན་མའི་ཉམས་མྱོང་བསླབ་བྱ་རུ་བཟུང་སྟེ་སྔོན་ནས་བློན་ཆེན་འགའ་བསྡུས་ཏེ་ཡན་དབྱིན་ལ་དགག་ལན་ཇི་ལྟར་སྤྲོད་པར་གྲ་སྒྲིག་བྱས། འཆར་གཞི་བཟོས་རྗེས་ཚང་མས་ལྟད་མོ་ཡག་པོ་ཞིག་ལ་བལྟ་བར་བསྒུགས་ནས་བསྡད། ཁོ་ཚོའི་སེམས་ལ་ཐེངས་འདིར་ཚོགས་མདུན་ནས་ཡན་དབྱིན་ངོ་ཚ་ལ་གཏོད་ཐུབ་པ་ནི་ཁོ་ཐག་ཡིན་སྙམ།

ཁྲུའུ་རྒྱལ་པོ་དང་ཡན་དབྱིན་གཉིས་ཐེངས་གཉིས་པར་མཇལ་ཕྲད་གནང་ཞིང་གུས་ཕྱག་ཕུལ། དེ་ནས་ཁོང་གཉིས་དེར་བསྡད་དེ་ལབ་གླེང་བྱེད་པའི་མགོ་བརྩམས། སྐབས་དེར་དཔོན་པོ་ཞིག་གིས་བཙོན་མ་ཞིག་ཁྲིད་དེ་ཕོ་བྲང་དུ་ཐོན། ཁྲུའུ་རྒྱལ་པོས་མཐོང་བས“ཁོས་ཉེས་པ་ཅི་བསགས་སོང”ཞེས་དྲིས།

དཔོན་པོས“རྒྱལ་པོ་ལགས། མི་འདིས་ང་ཚོའི་རྒྱལ་ཕྲན་ནས་རྐུན་འཕྲོག་གི་ངན་སྦྱོར་བགྲང་གིས་མི་ལངས་པ་སྤེལ་བས། ད་ཐེངས་ཁོ་རང་འཛིན་ཐུབ་སོང”ཞེས་ལན་བཏབ།

ཁྲུའུ་རྒྱལ་པོས་“ཁོ་རང་ས་ཆ་གང་གི་རེད”ཅེས་དྲིས།

དཔོན་པོས་སྐད་གསང་མཐོན་པོས“ཨོ། ཁོ་ནི་ཆི་རྒྱལ་ཕྲན་གྱི་མི་རེད”ཅེས་ལན་བཏབ།

ཁྲུའུ་རྒྱལ་པོས་ལན་དེར་མཉན་རྗེས་ཚུར་འཁོར་ཏེ་ཧ་ཅང་ཡ་མཚན་པའི་ཟོལ་གྱིས་ཡན་དབྱིན་ལ“འདི་ཅི་ཡིན་ནམ། ཁྱེད་ཚོ་ཆི་རྒྱལ་ཕྲན་ལ་རྐུན་པོ་དང་ཇག་པས་ཁེངས་ཡོད་དམ། ཐེངས་སྔོན་མར་ཁྱོད་ཀྱིས་ཆི་རྒྱལ་རབས་འཇོན་མིས་ཁེངས་ཡོད་པར་ལབ་པ་མིན་ནམ།འོ་ན་ཁོ་ནི་རྐུན་དང་ཇག་ལ་འཇོན་པའི་མི་ཡིན་ནམ”ཞེས་དྲིས།

ཡན་དབྱིན་གྱིས་གདོང་ལ་འཛུམ་གྱིས་ཕྱུག་ཅིང་བྲེལ་འཚུབ་ཅི་ཡང་མེད་པར་ཁྲུའུ་རྒྱལ་པོ་ལ“རྒྱལ་པོ་ལགས། ཁྱེད་ཀྱིས་ཚ་ལུ་མ་སྐྱུར་པོར་འགྱུར་བའི་གཏམ་རྒྱུད་དེ་ཐོས་མྱོང་ངམ།”ཞེས་དྲིས། རྒྱལ་པོས་མགོ་བོ་གཡུགས་ནས“ཚ་ལུ་མ་སྐྱུར་པོར་འགྱུར་བ་ཞེས་པ་ནི་ཅི་རེད།བདག་གིས་དེ་འདྲ་ཐོས་མྱོང་མེད།ཁྱོད་ཀྱིས་ཤོད་དང”ཞེས་བཀའ་ཕབ།

ཡན་དབྱིན་གྱིས“ཚ་ལུ་མ་ནི་མ་གཞིར་ཧོའེ་ཧུ་གཙང་པོའི་ལྷོ་རྒྱུད་ཀྱི་སིལ་ཏོག་རིགས་ཤིག་ཡིན་ལ། ཆེ་ཞིང་མངར་ལ་ཁ་ལ་ཞིམ་པའི་སིལ་ཏོག་མཆོག་གྱུར་ཅིག་ཡིན་མོད།འོན་ཀྱང་དེ་ཉིད་ཧོའེ་ཧུ་གཙང་པོའི་བྱང་རྒྱུད་དུ་བཏབ་ན་རོ་སྐྱུར་ཞིང་ཁ་བ་དང་།ཟོས་ན་ཡང་མི་ཞིམ། དེ་ནི་རྒྱུ་མཚན་ཅི་ཡིན་ནམ། དེ་ནི་ས་ཆུའི་རྐྱེན་གྱིས་རེད།མི་འདི་ངས་ངོ་ཤེས་ལ་ཁོ་རང་ཆི་རྒྱལ་ཕྲན་དུ་ཡོད་དུས་སྒྲིག་ལམ་སྲུང་བའི་མི་ཞིག་ཡིན་མོད་ཁྲུའུ་རྒྱལ་ཕྲན་དུ་ཐོན་རྗེས་མི་ངན་ཞིག་ཏུ་གྱུར་དོན་ཡང་ཅི་ཡིན་ནམ། དེ་ཡང་ས་ཆའི་འགྱུར་བ་དང་ཁོར་ཡུག་བཙོག་པའི་རྐྱེན་གྱིས་མ་ཡིན་ནམ། རྒྱལ་པོ་ལགས། ཉིད་ཀྱིས་ཧུར་ཐག་གིས་ཁྱེད་ཀྱི་རྒྱལ་ཁབ་གཅེས་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ཨང”ཞེས་བཤད།

ཁྲུའུ་རྒྱལ་པོས་མཉན་རྗེས་ཁོང་ཁྲོ་ལངས་ནས་སྐད་ཆ་ཅི་ཡང་མི་ཤོད་པར་གྱུར་ཅིང་། ཐེངས་འདིར་ཡང་ཡན་དབྱིན་གྱི་ཟུར་ཟ་ཚ་བེར་བ་ཞིག་ཉོས་འགྲོ་བ་ནི་ཡིད་ལའང་ཤར་མེད། དུས་དེ་ནས་བཟུང་སྟེ་ཁོས་ཆི་རྒྱལ་ཕྲན་གྱི་ཕོ་ཉ་ལ་མཐོང་ཆུང་མི་བྱེད་པར་གྱུར། རྗེས་སུ་ཡན་དབྱིན་ནི་ལོ་རྒྱུས་སྟེང་མིང་གྲགས་ཆེ་བའི་བློན་པོ་ཆེན་པོར་གྱུར་ཅིང་། ཁོའི་བློ་རིག་དང་འཇོན་ནུས་ལ་ཁུང་ཙིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།