ཉི་འོད་མིག་ལ་ཤིན་ཏུ་འཚེར།

དབྱར་གཞུང་གི་མཚོ་སྔོན་པོའི་མཛེས་ཉམས།

མེ་སྐྱོན་དེ་ནི་གློ་བུར་དུ་བྱུང་བ་ཞིག་རེད།

སུས་ཀྱང་མེ་སྐྱོན་ཤོར་བའི་དུས་ཚོད་གསལ་པོ་ཞིག་ཡིད་ལ་འཛིན་མ་ནུས། དོན་དམ་པར་སྐབས་འདིར་མེ་སྐྱོན་ག་དུས་ཤོར་བ་དེ་གལ་མི་ཆེ་བར། མེ་སྐྱོན་ཇི་ལྟར་ཤོར་བ་དེ་གཙོ་བོ་རེད།

མེ་ཤོར་ས་ནི་སློབ་གྲྭའི་ལུས་རྩལ་སྦྱོང་ཆས་སྤུངས་སའི་ཁང་མིག་དེ་རེད། ཁང་མིག་དེའི་ལོགས་སུ་སློབ་ཁྲིད་ཐོག་ཁང་བཅར་ཡོད། ང་ཚོ་སློབ་མ་རྣམས་ཀྱི་ཉལ་ཁང་ཏག་ཏག་ཁང་མིག་དེའི་ཁ་གཏད་དུ་ཡོད། སྐབས་དེར་གང་ཞིག་ལ་མེ་སྐྱོན་ཤོར་བ་ཧ་མ་གོ་ལ། ང་ནི་དངངས་འཚབ་དང་བཅས་སློབ་གྲོགས་ཚོའི་རྗེས་དེད་ནས་རྡོ་སྐས་ལས་མྱུར་མོར་བབས་པ་ཡིན། རྗེས་ནས་ད་གཟོད་ཁང་མིག་དེར་མེ་ཤོར་བ་ཧ་གོ་ཞིང་མེ་སྟག་དྲང་ཐད་དུ་དགུང་ལ་འཕྱོ་བཞིན་འདུག

དགོང་མོ་དེར། ཅི་ཡིན་འདི་ཡིན་མ་ཤེས་པའི་མི་ཚང་མས་འུར་འུར་ཟིང་ཟིང་ངང་ཁང་མིག་དེར་བརྒྱུགས་ནས་མེ་བསད།

ཞོགས་པར། ཉི་འོད་མིག་ལ་འཚེར་བཞིན་སྔ་མོ་ནས་ཤར་བྱུང་། ང་དང་སློབ་གྲོགས་ཚོ་ཁོད་ཡངས་པའི་སྤང་ཐོག་ཏུ་སྙེ་མ་ཉལ་བ་བཞིན་ཡུག་གཅིག་ཏུ་ཉལ་ཞིང་། སོ་སོའི་མིག་མདངས་ལས་མི་བདེ་བའི་ཉམས་ཤིག་བསྟན་ཅིང་ཁ་རོག་གེར་འདུག ངས་མེས་ཚིག་པའི་གྱང་རོ་དག་ལ་དབང་མེད་དུ་མིག་ཆུ་ཤོར་བ་མཐོང་ཞིང་། མཁའ་དབུགས་ཁྲོད་སྔར་བཞིན་འཚིག་དྲི་སྟུག་པོ་ཞིག་གིས་ཁེངས་འདུག དེ་སྔའི་གཙང་ཞིང་གྲ་དག་པའི་ལུས་རྩལ་ར་བ་དེ་ད་ལྟ་འདམ་རྫབ་ཏུ་གྱུར་འདུག

སུས་ཀྱང་མེ་སྐྱོན་ཇི་ལྟར་བྱུང་བའི་ཁུངས་སྣེ་ཞིག་བཤད་མ་ཐུབ།

ང་ཚོ་སྔར་བཞིན་ལུས་རྩལ་ར་བར་སྡོད་པ་ལས་ཉལ་ཁང་དུ་ལོག་མ་ཕོད། སློབ་ཁང་དུའང་མི་གཅིག་ཀྱང་མི་འདུག

ངས་དགེ་རྒན་སྐྱེས་པ་ཞིག་གིས་དཔེ་དེབ་ཕོན་པོ་ཞིག་པང་སྟེ་ངའི་འགྲམ་ནས་ཕར་འགྲོ་བ་མཐོང་བྱུང་། ང་ཧད་དེ་ཁོ་ལ་ལྟ་བཞིན་བསྡད། སློབ་གྲོགས་ཤིག་གིས་དགེ་རྒན་གན་ལ་ལྟོས་དང་། སྡུག་མདོག་ཅི་ཡང་བསྟན་མི་འདུག ང་ཚོ་ཚང་མ་ངུས་སོང་། ཁོ་ཅིའི་ཕྱིར་མ་ངུས་པ་རེད། མདང་དགོང་ཁོས་མེ་བསད་ཡོད་དམ་ཞེས་བཤད་སོང་། སློབ་གྲོགས་ཁོས་བཤད་པ་བདེན་འདུག ཁོས་འཛུམ་མདངས་ཤིག་བསྟན་ནས་ཕར་འགྲོ་སྐབས་ང་ཡང་འཚིག་པ་ཅུང་ཙམ་ཟོས་བྱུང་།

ངས་ཁོ་རང་ངོ་ཤེས། ཁོའི་རུས་ལི་ཡིན་ཞིང་སྐད་ཡིག་དགེ་རྒན་ཞིག་རེད།

དེའི་རྗེས་ཀྱི་ཉིན་ཁ་ཤས་རིང་སློབ་གྲོགས་ཚང་མས་དགེ་རྒན་ལི་ཡི་བྱ་སྤྱོད་གླེང་གིན་འདུག འཛིན་གྲྭའི་ཨུ་ཡོན་གྱི་ཚོགས་འདུ་ཁྲོད་སློབ་གྲོགས་ལ་ལས་འཛེམ་དོགས་ཅི་ཡང་མེད་པར། ཁོ་ཅིའི་ཕྱིར་ང་ཚོ་ནང་བཞིན་སེམས་མི་སྐྱོ་བ་རེད། གདོང་ལ་འཛུམ་ཞིག་ལངས་ནས་དགའ་མདོག་ཅིག་བསྟན་འདུག ང་ཚོས་དེའི་རྒྱུ་མཚན་གང་ཡིན་དྲིས་ན་མི་འོས་སམ་ཞེས་བཤད་ཀྱིན་འདུག

ངའི་བག་ཆགས་ཁྲོད་ཁོ་ནི་སྤྲོ་སྣང་གིས་ཁེངས་པའི་མི་ཞིག་ཡིན། ངས་ཁོའི་སློབ་ཁྲིད་ལ་ཉན་མྱོང་ཞིང་སྤྲོ་སྣང་དོད་པོ་འདུག ཐེངས་ཤིག་ལ་ང་རང་བར་ཁྱམས་ནས་ཁོ་དང་འཕྲད་སྐབས་ཁོས་སྣ་གླུ་ཞིག་ལེན་བཞིན་སློབ་ཁང་ནས་ཐོན་བྱུང་། ད་ལྟ་རྒྱུ་རྐྱེན་གང་ཡིན་མི་ཤེས་མོད། སློབ་གྲོགས་ཚོའི་མིག་ནང་གི་དགེ་རྒན་ལི་ཡི་སྣང་བརྙན་དེ་རྩ་བ་ནས་བརླགས་ཚར་འདུག

ས་སྲོས་སུ་ཉི་འོད་སྔར་བཞིན་མིག་ལ་ཤིན་ཏུ་འཚེར། སློབ་གྲྭའི་ཟ་ཁང་གི་སྒོ་ཕྱེས་པ་ན་སློབ་གྲོགས་ཚོ་གྲལ་བསྒྲིགས་ནས་ནང་དུ་ཕྱིན། ངས་དགེ་རྒན་ལི་ཡི་ལུས་ལ་ཉི་འོད་ཀྱིས་བཏུམས་ནས་ཚུར་ཡོང་གིན་པ་མཐོང་བྱུང་། ངས་ཁོ་ལ་དྲང་ཐད་དུ་ལྟ་མི་ཕོད། བལྟས་ཚེ་ངའི་མིག་གིས་བཟོད་མི་ཐུབ།

ཁོའི་ངོ་གདོང་ལ་སྔར་བཞིན་འཛུམ་གྱིས་ཁེངས་འདུག ངས་ལྐོག་ནས་ཁོ་ལ་ལྟ་བཞིན་བསྡད་པ་ཡིན། དུས་ཡུན་རིང་པོ་ཞིག་ལ་དགེ་རྒན་ལི་ཡིས་ཁོའི་འདུག་ས་ནས་ནན་ཏན་གྱིས་ཟ་མ་ཟ་བཞིན་བསྡད། ངས་རང་ཉིད་ལ་ཁོ་མི་ངན་པ་ཞིག་ཡིན་རྒྱུ་མ་རེད་ཅེས་ལབ། དགེ་རྒན་ལི་ཡར་ལངས་ཡོང་སྐབས་ང་ལ་གློ་བུར་དུ་ཁོར་འཇུས་ཏེ་ཁ་རོག་ངང་མི་གཞན་གྱིས་ཁྱོད་ལ་དོགས་པ་ཟ་བཞིན་འདུག མུན་རུབ་པ་དང་ཕོ་བ་བརྒྱགས་ཡོད་པར་བསྟུན་ནས་མྱུར་མོར་བྲོས་ཤིག་ཅེས་བཤད་འདོད་ཀྱི་བློ་ཞིག་སྐྱེས། དགེ་རྒན་ལི་ཡིས་ང་ལ་སྣང་འཇོག་བྱས་བྱུང་བ་འདྲ། ཁོས་ང་ལ་འཛུམ་ཞིག་བསྟན་བྱུང་། སྐབས་དེར་ང་རང་སྐྲག་ནས་ཅི་ཡིན་འདི་ཡིན་མ་ཤེས་པར་ལུས།

དེའི་རྗེས་ཀྱི་དོན་དག་གིས་དགེ་རྒན་ལི་ཡི་གནད་དོན་རྙོག་འཛིང་ཅན་དུ་འགྱུར་མགོ་རྩོམ་པ་མཚོན་འདུག གོ་ཐོས་ལྟར་ན་སློབ་གྲྭའི་མགོ་ཁྲིད་ལ་སྙན་ཞུ་འབྱོར་ཏེ། མེ་སྐྱོན་གྱི་སྔོན་ལ་མི་ཞིག་ལྐོག་ལྐོག་སུད་སུད་ངང་སློབ་གྲྭའི་ལུས་རྩལ་ར་བ་བརྒྱུད་དེ་འགྲོ་བཞིན་འདུག་ཅེས་བཤད་པ་དང་། ད་དུང་སློབ་གྲྭའི་དགེ་རྒན་ཞིག་ང་ཚོའི་འཛིན་གྲྭར་ཡོང་ནས་དགེ་རྒན་ལི་ཡི་གནས་ཚུལ་འདྲི་ཞིབ་བྱས་སོང་བས་སློབ་གྲོགས་ཚང་མ་ཧ་ལས་པར་གྱུར། རྒྱུ་མཚན། སྐབས་དེར་སློབ་གྲོགས་རྣམས་ཀྱིས་ཀྱང་དགེ་རྒན་ལི་ཡི་འཛུམ་མདངས་དེ་ལ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཙམ་ལས་དོགས་པ་གཞན་མེད། འོ་ན་དགེ་རྒན་ལི་ནི་དངོས་གནས་མེ་འཇོག་མཁན་གྱི་ཉེས་ཅན་དེ་ཡིན་ནམ།

ངས་མི་ཤེས་ཞེས་ལབ་པ་ཡིན། མི་སུས་དྲིས་ཀྱང་ངས་དེ་ལྟར་ལན་བཏབ་པ་ཡིན། དོན་དངོས་ཀྱང་ངས་དངོས་གནས་མི་ཤེས་པ་དེ་ཡིན།

དགོང་མོ་དེར་ང་གཏན་ནས་གཉིད་མ་ཁུགས། དེ་ནི་ཁང་མིག་ལ་ཡང་བསྐྱར་མེ་ཤོར་བས་མ་ཡིན་པར། ངས་དགེ་རྒན་ལི་ལ་སེམས་ཁྲལ་བྱས་པས་རེད། འཛུམ་མདངས་ཤིག རྒྱུ་རྐྱེན་འདི་ཙམ་ལ་རག་ལས་སམ། ངའི་གོ་ཐོས་ལྟར་ན་སློབ་གྲྭའི་མགོ་ཁྲིད་ཀྱིས་ཁོ་བཙལ་ནས་ཁ་བརྡ་བྱས་འདུག་ཅིང་། ཁོས་མེ་སྐྱོན་བྱུང་བའི་མཚན་མོ་དེར་ལུས་རྩལ་ར་བ་བརྒྱུད་ནས་སོང་བ་ཁས་བླངས་སོང་ཟེར། འོན་ཀྱང་། ཁོ་ལ་མེ་འཇོག་མཁན་གྱི་མི་དེ་སུ་ཡིན་ཤེས་སམ་ཞེས་འདྲི་སྐབས། ཁོས་སྔོན་ལ་རང་ཉིད་མིན་པར་ཁག་ཐེག་བྱས་པ་དང་དེ་ནས་ཁ་རོག་གེར་འདུག་མགོ་བརྩམས་ཟེར།

ཞག་མ་གཅིག་གི་རིང་ལ་དགེ་རྒན་ལི་ནི་མི་མང་གི་ཁ་ནས་མེ་འཇོག་མཁན་གྱི་ཉེས་ཅན་འཁྲུལ་མེད་ཅིག་ཏུ་གྱུར། ལ་ལས་བཤད་ན་ཁོ་རང་སྔ་མོ་ནས་སྤྱི་ཚོགས་ལ་ཡིད་མི་ཚིམས་པ་དང་སློབ་གྲྭའི་བྱ་བ་ལ་བློ་མི་ཚིམས་པ་རེད་ཟེར། ད་དུང་དེ་ལས་ཚབས་ཆེ་བ་ཞིག་ནི། མེ་སྐྱོན་ཤོར་བའི་དགོང་མོ་དེར་དགེ་རྒན་ལི་ནི་ལྐོག་ཏུ་འཚུབ་ཆ་ལངས་བཞིན་ཡོད་ཅིང་ཕྱི་ཉིན་ཞོགས་པར་དགའ་སྟོན་གྱི་ཚུལ་དུ་འཛུམ་ཕྱུངས་ནས་བསྡད་པ་རེད་ཟེར། དེས་ན་ཁོ་རང་མི་འབྲོ་བར་ཉིན་རེ་རེར་འཛུམ་མདངས་དང་བཅས་ཟ་ཁང་དུ་འགྲོ་འདུག་བྱས་ནས་བསྡད་ཡོད་པར་ང་རང་ཤིན་ཏུ་མཚར་སྣང་སྐྱེས།

སློབ་གྲྭ་དང་ཁ་གྱེས་པའི་ཉིན་དེར། དགེ་རྒན་ལི་ཡིས་ཁུག་མ་ཆེ་ཆུང་འགའ་ལག་ལ་བཟུང་ནས་སྒོ་ཆེན་ཁ་རུ་འགྲེང་འདུག ཁོའི་ལུས་སྟེང་དུ་ཉི་འོད་འཕྲོས་ཤིང་བཀྲག་མདངས་འཚེར། ངས་ཁོའི་སྣང་བརྙན་དེ་མག་མོག་ཙམ་ལས་གསལ་པོ་ཞིག་མཐོང་མ་བྱུང་། གོ་ཐོས་ལྟར་ན་ཁོས་དགའ་རོགས་ལ་བསྒུགས་ཡོད་པ་རེད་ཟེར། འོན་ཀྱང་ཉིན་དེར་ཁོའི་དགའ་རོགས་མིག་ལམ་དུ་མངོན་རྒྱུ་མ་བྱུང་། སློབ་གྲོགས་ཚོས་བཤད་ན་དགེ་རྒན་ལི་ལ་སྔར་བཞིན་འཛུམ་གྱིས་ཁེངས་ཡོད་ཅིང་ཉིན་དེའི་ལུས་རྩལ་ར་བར་བསྟན་པའི་འཛུམ་ལས་ཀྱང་བཀྲ་ལ། དེ་ནས་ཕྱིར་མིག་ཙམ་ཡང་མི་ལྟ་བར་སློབ་གྲྭའི་སྒོར་ཕྱིན་སོང་ཟེར།

ཉི་འོད་སྔར་བཞིན་མིག་ལ་ཤིན་ཏུ་འཚེར། ངས་དགེ་རྒན་ལི་ཡི་ཁེར་རྐྱང་གི་རྒྱབ་གཟུགས་དེ་མི་མཐོང་བར་གྱུར་ལ། ཁོ་ནི་ཉི་འོད་ཀྱི་ཀློང་ནས་ཞུ་སོང་བ་དང་མཚུངས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།