ཀྲུང་གོ་བོད་ཀྱི་དྲ་བ།

གཏམ་གྱི་ཆོ་ག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

འཇིག་རྟེན་འདིར་རྒྱུ་དང་འབྱོར་བ་ལས་གལ་ཆེ་བ་ཞིག་ཡོད་པ་ནི་མིའི་བསམ་གཞིག་གི་ཤེས་རབ་རེད།མིའི་བྱ་བ་ཐམས་ཅད་དབང་ཆ་དང་རྒྱུ་འབྱོར་ཁོ་ན་ལ་བརྟེན་ནས་བསྒྲུབ་རྒྱུ་དེ་མ་ཡིན་པར།དབང་ཆ་དང་རྒྱུ་ནོར་གྱིས་ཉོ་ཐབས་མེད་པ་དང་དེ་གཉིས་ཀྱི་ཁ་གཏད་དུ་སྟོབས་ཤུགས་ལྡན་པ་ཞིག་ཡོད་པ་དེ་ནི་མིའི་བསམ་གཞིག་གི་ནུས་པ་ཡིན་ཞིང་།མི་ལ་བསམ་གཞིག་གི་ཤེས་རབ་དང་རང་ཚུགས་ཀྱི་གཤིས་ཀ་ཞིག་ཡོད་ན།རྒྱུ་ནོར་དང་ཐོབ་ཐང་།ཁེ་དབང་བཅས་ལོངས་སུ་སྤྱོད་ཐུབ་པ་ཡིན།

དེ་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། འཐབ་འཛིང་དང་དམག་འཁྲུག་གིས་ཡ་ཧུ་ད་པ་ཚོའི་གཞིས་ཁྱིམ་ཐམས་ཅད་ཐལ་བའི་རྡུལ་དུ་བསྲེགས་ཤིང་། ཁོ་ར་ཁོར་ཡུག་ཐམས་ཅད་སྐྱོ་ངེ་བ་ཞིག་ཏུ་བསྒྱུར་པའི་སྐབས་དེར། བུ་མོ་ཆུང་ཆུང་ཞིག་གིས་ངུ་སྐད་དང་བཅས་མོ་རང་ཆེས་དགའ་བའི་དངོས་པོ་ཞིག་འཚོལ་བཞིན་པ་མོའི་ཨ་མས་མཐོང་བའི་མོད་ལ།བུ་མོ།ཁྱོད་ཀྱིས་ཅི་ཞིག་འཚོལ་བཞིན་ཡོད།ཁྱོད་ཀྱིས་གལ་ཆེ་བའི་དངོས་པོ་ཞིག་བོར་མེད།ཧ་ཅང་གལ་འགངས་ཆེ་ཞིང་རིན་ཐང་དང་ལྡན་པའི་དངོས་པོ་དེ་ཁྱོད་རང་གི་ལུས་སུ་ཡོད།དངོས་པོ་དེ་ལས་གལ་འགངས་ཆེ་བའི་རྒྱུ་ནོར་རྩ་ཆེན་ཞིག་གཞན་དུ་མེད།གདུག་རྩུབ་དང་ལྡན་པའི་འཐབ་འཛིང་དང་དམག་འཁྲུག་གིས་ངེད་ཅག་གི་འཚོ་བའི་གཞིས་ཁྱིམ་ཐལ་བའི་རྡུལ་དུ་བརླགས་ནའང་ཕམ་དགོས་དོན་མི་འདུག་སྟེ།རིན་ཐང་གིས་ཕྱུག་པའི་གསེར་དང་དངུལ།དེ་མིན་རྩ་ཆེ་བའི་དངོས་པོ་ཐམས་ཅད་མིག་གི་དཔལ་དུ་ཤར་བའི་མོད་ལ་ཡིད་འཕྲོག་མོད།ང་ཚོའི་ལུས་སུ་དེ་ལས་ལྷག་པའི་ནོར་བུ་རིན་པོ་ཆེ་ཞིག་ཡོད་པ་ནི་རང་གི་བསམ་གཞིག་ཡིན།བསམ་གཞིག་གི་ཤེས་རབ་ཡིན།ཅིའི་ཕྱིར་ཞེ་ན།བསམ་གཞིག་གི་ཤེས་རབ་ནི་མིའི་འཚོ་སྡོད་ལ་ཏིལ་ལ་ཏིལ་མར་གྱི་འབྲེལ་བ་ཡོད།སྲིད་འདིར་མི་ཞིག་འཚོ་སྡོད་བྱེད་པའི་རིང་བསམ་གཞིག་ནི་རང་དབང་གིས་བཀོལ་སྤྱོད་དང་ཚད་མེད་པར་ལོངས་སུ་སྤྱད་ཆོག དེ་ལྟར་ཚད་མེད་པར་བསམ་གཞིག་ལ་གོམས་པར་བྱས་ཚེ་ཀླད་པའི་ནང་དུ་ཐབས་ལམ་སྣ་ཚོགས་འཁོར་ངེས།བསམ་གཞིག་གི་བློ་གྲོས་ཡོད་ན།སྡོད་ཁང་དང་དངུལ།དབུལ་ཕོངས་བཅས་ལ་སེམས་ཁྲལ་གནང་དགོས་དོན་ག་རེ་ཡོད།བརྗེད་མི་རུང་བ་ཞིག་ལ།མི་ལ་ཧ་ཅང་གལ་ཆེ་ཞིང་མེད་དུ་མི་རུང་བ་ནི་བསམ་གཞིག་གི་བློ་གྲོས་ཡིན་པ་རྟོགས་དགོས་ཞེས་གདམས་པ་དེའོ། །

ཡ་ཧུ་ད་པ་ཚོའི་ངག་རྒྱུན་དུ།སྲིད་པའི་ཁམས་ཆེན་པོ་འདི་རུ།རང་ལ་དུས་གཏན་དུ་དབང་ཞིང་།གཞན་གྱིས་ཀྱང་འཕྲོག་མི་ནུས་པ་ནི་མིད་ཟིན་པའི་ཟས་དང་།ཕུགས་བསམ།བློ་ངོར་ཡོད་པའི་ཤེས་བྱ་ཡིན་ཟེར་ལ།བློ་དང་བཀོད་པ་ཡོད་ན།ཐབས་ལམ་ཁྲི་མ་འབུམ་ཡོད་པ་ཡིན།

མི་ཞིག་འཇིག་རྟེན་འདི་རུ་འཚོ་སྐབས་དཀའ་ཁག་གང་རུང་ལ་འཕྲད་སྲིད་པ་འཇིག་རྟེན་ལུགས་ཀྱི་དཔེ་རུ་ཤར་ལ།དཀའ་ཁག་གང་རུང་ཞིག་ལ་འཕྲད་དུས་ཆེས་གལ་ཆེ་བ་ཞིག་ནི་བག་མི་འཁུམ་པར་དཀའ་ཁག་གང་དེ་སེལ་བའི་ཕྱོགས་སུ་བསམ་གཞིག་བྱ་དགོས།གལ་ཏེ་དཔའ་ཞུམ་ནས་བསམ་གཞིག་གཏོང་མ་ཐུབ་པ་ཡིན་ཚེ་ཕམ་ཁ་རང་གིས་ཉོ་བ་ལས་ཐབས་ཅི།དཀའ་ཁག་ཟེར་བ་ཞིག་ཡོད་ན་དེ་སེལ་བའི་ཐབས་ཤིག་ཀྱང་ཡོད།རྒྱུ་མཚན་ནི་ཐབས་ཤེས་ནམ་ཡང་དཀའ་ཁག་ལས་མང་ཞིང་།བསམ་གཞིག་གིས་དབུལ་ཕོངས་དང་སྡུག་བསྔལ་ལས་སྐྱོབ་ཐུབ།

ཡ་ཧུ་ད་པའི་ཚོང་པ་ཞིག་གིས་རང་གི་བུ་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་སྟེ།ད་ལྟའི་དུས་འདི་ལ།ངེད་ཅག་ལ་རྒྱུ་ནོར་ཉག་གཅིག་ཡོད་པ་དེ་ཤེས་རབ་ཡིན།མི་གཞན་གྱིས་གཅིག་གི་ཁར་གཅིག་བསྣན་ན་གཉིས་ཡིན་པའི་སྤྱི་འགྲོས་དེ་རྟོགས་སྲིད།ཡིན་ནའང་།ཁྱོད་ཀྱིས་ངེས་པར་དུ་གཅིག་གི་ཁར་གཅིག་བསྣན་ན་གསུམ་ལས་ཆེ་བའི་ཐབས་ལམ་ཞིག་ལ་བསམ་བློ་གཏོང་དགོས་ཞེས་བཤད་པ་དེ་ལའང་གནས་ལུགས་ཆེན་པོ་འདུག

གཉིས།

དེ་ནས་བཟོད་སྒོམ་དང་སྙིང་རུས་ཀྱི་སྐོར་བཤད་པ་ལ།སྔོན་ཆད་ཅིག་ལ་མི་ཞིག་གིས་ཡ་ཧུ་ད་པ་ཞིག་ལ་རྒྱལ་ཁ་ཞིག་འཐོབ་པ་ལ་བསླབ་བྱ་ཅི་ཡོད་ཅེས་དྲིས་པའི་ལན་དུ།མི་དེ་གད་མོ་དང་བཅས་དེ་ལ་མན་ངག་ཅིག་མེད།གལ་སྲིད་ཁྱོད་ལ་ངེས་པར་ལན་ཞིག་དགོས་པའི་དབང་དུ་བཏང་ན།བཟོད་སྒོམ་དང་སྙིང་རུས་དགོས་པ་ལས་གཞན་མེད་ཟེར།བཟོད་སྒོམ་དང་སྙིང་རུས་ཞེས་པའི་ཐ་སྙད་འདི་གཉིས་ནི་མི་ཞིག་ལ་མཚོན་ན་ཧ་ཅང་བླ་ན་མེད་པ་ཞིག་ཡིན་ཏེ།མི་ཞིག་གི་འཚོ་བ་དང་བྱ་སྤྱོད་ཐམས་ཅད་ཀྱང་ཐ་སྙད་དེ་གཉིས་ལ་རག་ལས་ཆེན་པོ་ཡོད།རྣམ་པ་གཞན་ཞིག་གི་ངོས་ནས་དཔྱད་པ་བཏང་ན་མི་ཞིག་གི་ལེགས་ཉེས་ཀྱང་ཐ་སྙད་དེ་གཉིས་ལ་འབྲེལ་བ་ངེས་ཅན་ཡོད་པར་སྨྲ།དེ་ལ་དཔེ་ཞིག་གི་ངོས་ནས་གསལ་བཤད་བྱས་ན།ག་དུས་ཡིན་ཡང་སྐྱོ་གདུང་གི་ངང་ནས་འཚོ་བའི་མི་ལ་བཟོད་སྒོམ་དང་སྙིང་རུས་ཀྱི་སེམས་ཤུགས་ཆེན་པོ་ཡོད་མི་སྲིད།མི་དེའི་རིགས་ལ་མཚོན་ན་རྟག་པར་རང་གི་ནུས་པ་ལ་ཡིད་ཆེས་མེད།མི་ཞིག་ལ་མཚོན་ན་རང་གི་གདམ་གསེས་ལ་སོམ་ཉི་བྱེད་ཆོག་མོད་རང་གི་ནུས་པ་ལ་དོགས་པ་ཟོས་ན་དེ་ནི་རུང་བ་ཞིག་མིན།གདམ་གསེས་ལ་ནོར་འཁྲུལ་འབྱུང་སྲིད་ཀྱང་བསྐྱར་དུ་མགོ་བརྩམ་ཆོག ཡིན་ནའང་།རང་གིས་རང་ལ་སྣང་མེད་ཀྱི་མིག་གིས་བལྟས་ན་དེ་ནི་མདངས་ཡལ་བའི་མེ་ཏོག་ཅིག་དང་ཀུན་ནས་མཚུངས།

སྐྱེ་བོ་ཀུན་ལ་མཐུན་པའི་སྤྱོད་པ་ཞིག་དང་།ཡང་ན་ཀུན་གྱིས་བཀུར་བའི་མི་ཞིག་བྱེད་འདོད་ཀྱི་བློ་ཞིག་ཡོད་ཚེ།རྣམ་པ་ཀུན་ཏུ་མགོ་འཕང་མཐོ་མི་རུང་བ་དེ་ཡང་མཁྱེན་དགོས།རང་ཉིད་དམན་པར་འཛིན་ཞིང་།དམིགས་ཡུལ་མཐོ་སར་བཅང་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར།སྐྱེ་བོ་སུ་ཡིན་ཡང་རང་ཉིད་དམན་སར་འཛིན་པ་དེ་ནི་མི་ཞིག་གི་བྱ་སྤྱོད་བཟང་པོ་ཞིག་ཡིན།བྱ་སྤྱོད་དེས་སྤྱི་ཚོགས་སྲ་བརྟན་དུ་གཏོང་བར་གོ་གནས་ངེས་ཅན་ཞིག་བཟུང་ཡོད།རླབས་ཆེན་གྱི་དོན་དག་འཁྱོངས་ཡོད་པའི་མི་ཞིག་ཡིན་པའི་དབང་དུ་བཏང་ཡང་།རང་ཉིད་མཆོག་ཏུ་ལྟ་བ་དང་ཐལ་ཆེ་བའི་རང་རློམ་ཞིག་རྒྱུད་དུ་ཡོད་ཚེ།དེ་ལ་མི་མང་པོས་ཡུན་རིང་པོར་བཀུར་བར་མི་བྱ།རྟག་པར་ཁེངས་སྐྱུང་གི་སེམས་ཁམས་དང་བྱ་སྤྱོད།སྐད་ཆ་ཞིག་རྒྱུད་དུ་གོམས་པར་བྱ་རྒྱུ་དེ་གལ་ཆེ་བར་མཐོང་ངོ་། །

གསུམ།

གཞན་ཡང་།སྨྲ་བ་ཉུང་ན་མཛེས་ཟེར་བ་དེ་ལ་མི་མང་པོ་ཞིག་གིས་ཡིད་ཆེས་གནང་གིན་ཡོད།ཅིའི་ཕྱིར་ཞེ་ན།སྐབས་ལ་ལར་སྐད་ཆ་ཅི་ཡང་མི་སྨྲ་བ་དེ་ཡང་དོན་ལ་སྐད་ཆ་བཤད་པ་དང་ཁྱད་མེད་ལ།ཡང་སྐད་ཆ་ཅི་ཡང་མི་སྨྲ་བ་དེ་ནི་ལན་ཡག་པོ་ཞིག་ཡིན།གཟབ་ཉན་ནི་ལས་སླ་བོའི་སྒོ་ནས་རྣ་བས་ཉན་པ་ཙམ་མ་ཡིན་པར།དེ་ནི་སྒྱུ་རྩལ་ཞིག་ཡིན།གཞན་དེ་ནི་འཇིག་རྟེན་མི་ཆོས་ཀྱི་རིག་པ་ཞིག་དང་།ཡང་ན་མི་དང་འབྲེལ་འདྲིས་བྱེད་པའི་སྒྱུ་རྩལ་ཁྱད་པར་བ་ཞིག ཡ་རབས་ཀྱི་ཀུན་སྤྱོད་ཅིག་ཀྱང་ཡིན།

དེ་ལ་ཡང་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ།དགེ་རྒན་ཞིག་ལམ་དུ་འགྲོ་དུས་ཁོ་རང་ཧ་ཅང་མཐོང་འདོད་མེད་པའི་མི་ཞིག་དང་ཕྲད།བསྟུད་མར་ཉིན་འགའ་ལ་དགེ་རྒན་གྱི་རྗེས་སུ་འབྲངས་ནས་དགེ་རྒན་ལ་ག་ཞ་བྱས།དེ་ལྟ་ནའང་དགེ་རྒན་དེས་མི་དེར་སྐད་ཆ་ཅི་ཡང་མ་བཤད།ཉིན་ཞིག་ལ་ཡང་མི་དེས་དགེ་རྒན་ལ་མཚང་འབྲུ་དང་གཤེ་གཤེ་གཏོང་སྐབས་དགེ་རྒན་གྱིས་མི་དེར།གལ་ཏེ་ཁྱོད་ལ་མི་ཞིག་གིས་ལེགས་སྐྱེས་ཕུལ་ཡང་སོ་སོས་མ་བླངས་ཚེ།ལེགས་སྐྱེས་དེ་སུ་ལ་དབང་བ་རེད་ཅེས་དྲིས་པར་མི་དེས་དེ་ནི་ལེགས་སྐྱེས་ཉོ་མཁན་གྱི་བདག་པོ་དེར་དབང་བ་མིན་ནམ་ཟེར།དགེ་རྒན་དགོད་ཞོར་དུ་དེས་ན་ཁྱོད་ཀྱིས་ང་ལ་འཕྱ་དམོད་དང་མཚང་འབྲུ།གཤེ་གཤེ་གཏོང་བའི་རིགས་ལ་ངས་ལན་ཅི་ཡང་བཏབ་མེད།དོན་གྱིས་ཁྱོད་ཀྱིས་སོ་སོ་རང་ལ་འཕྱ་དམོད་དང་མཚང་འབྲུ།གཤེ་གཤེ་བཏང་བ་རེད་ཅེས་སྨྲས་པ་ན་མི་དེར་སྨྲ་བ་ཅི་ཡང་མེད་པར་བྱས།གཏམ་རྒྱུད་དེ་ལས་མི་སྨྲའི་བརྟུལ་ཞུགས་ཀྱི་ཚུལ་འཛིན་པ་ནི་བཟོད་སྒོམ་གྱི་རྣམ་འགྱུར་ཞིག་དང་།ཡ་རབས་སྲོལ་བཟང་གི་ཀུན་སྤྱོད་ཅིག་ཡིན་པར་མ་ཟད།ཕར་ལ་རྒོལ་བའི་ཐབས་ལམ་ཞིག་ཀྱང་ཡིན་པ་བསྟན་ཡོད།མི་ཞིག་གི་ཀུན་སྤྱོད་བློ་སྦྱོང་གི་ཚད་ཅི་ཙམ་མཐོ་ན་དེ་ཙམ་གྱིས་མི་གཞན་ལ་གུས་ཞབས་དང་བརྩི་བཀུར་ཡོད།མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་རྒྱུ་རྐྱེན་གཅིག་ནི་ཁེ་ཕན་ཡིན་ལ།ཅིག་ཤོས་ནི་མཛའ་བརྩེ་ཡིན་ནོ། །

བཞི།

འཇིག་རྟེན་གྱི་མི་སུ་ལ་མཚོན་ནའང་གྲོགས་པོ་ཞིག་དགོས་ཤིང་ཡོད་དགོས་པ་ནི་ཆོས་ཉིད་ལྟ་བུ་ཞིག་ཏུ་ཆགས་ཡོད།དེས་ན།གཤམ་ནས་གྲོགས་པོ་ག་འདྲ་ཞིག་དགོས་ཤིང་བརྟེན་དགོས་པའི་སྐོར་གྲོས་མོལ་དུ་ཕུལ་བ་ལ།

རླབས་ཆེན་གྱི་མི་ལ་རླབས་ཆེན་གྱི་གྲོགས་པོ་ཡོད་ཅེས་པ་བཞིན།ཁྱོད་ཀྱིས་རྒྱུན་པར་འབྲེལ་འདྲིས་བྱེད་སའི་མི་དེའི་བྱ་སྤྱོད་དང་སྙན་གྲགས་ཀྱིས་ཁྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་དེ།དཔེར་ན།ཁྱོད་ཀྱི་ཉེ་འགྲམ་གྱི་མིའི་བྱ་གཞག་ལེགས་པར་གྲུབ་ཡོད་པ་དང་།སྤྱི་ཚོགས་སུ་གོ་གནས་ངེས་ཅན་ཡོད་མཁན་དག་ཡིན་ཚེ།ཁྱོད་ཀྱང་ནུས་པ་བླ་ལྷག་ཡོད་མཁན་ཞིག་ཡིན་ཤ་སྟག་གོ། ། དེ་མིན། ཁྱོད་ཁོ་ཚོ་དང་གྲོགས་པོ་ཆགས་དོན་ཡོད་དམ།

གལ་ཏེ།ཁྱོད་ཀྱི་གྲོགས་པོ་དག་མ་རབས་ཐ་ཤལ་གྱི་རིགས་དེ་ཡིན་ཚེ་ཁྱོད་ཀྱི་བྱ་སྤྱོད་ལ་གནོད་ཆེན་པོ་མི་ཐེབས་པའི་ངེས་པ་མེད།

ནུབ་ཕྱོགས་སུ་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། བློ་གྲོས་ཅན་གྱི་མི་དང་འགྲོགས་ན་ཁྱོད་ཀྱང་བློ་གྲོས་ཅན་ཞིག་ཏུ་འགྱུར་སྲིད།དེ་བཞིན། སྤྲོ་སྣང་ཅན་གྱི་མི་དང་མཉམ་དུ་བསྡད་ན་ཁྱོད་ཀྱང་མི་སྤྲོ་སྣང་ཅན་ཞིག་ཏུ་འགྱུར་སྲིད་ཟེར།

མི་རེ་རེའི་གྲོགས་པོ་དང་འབྲེལ་འདྲིས་བྱེད་པའི་ཚད་ཐིག་མི་མཚུངས་ཏེ། ཁ་ཅིག་ནི་རང་ལས་དམན་པའི་མི་དང་འབྲེལ་འདྲིས་བྱེད་པར་མོས། དེ་ནི་གཞན་གྱིས་རང་ལ་ཡིད་སྨོན་བྱེད་པའི་མིག་མདངས་དེའི་ཁྲོད་བདེ་སྐྱིད་ཀྱི་ཚོར་བ་འབྱུང་ཐུབ་པར་འདོད། དོན་གྱིས་མི་དེའི་རིགས་ནི་བདེ་བ་ཆུང་ཆུང་ལ་ཆགས་པ་ཤེས་ཐུབ་པས་འཕེལ་རྒྱས་ཀྱི་ལམ་ཆེན་ནམ་ཡང་བརྒལ་མི་ནུས་སོ། །

མི་ལ་ཤས་ཤིག་ནི་དེ་ལས་ལྡོག་སྟེ་རང་ནུས་གང་ཡོད་ཀྱིས་རྒྱུ་འབྱོར་ལོངས་སྤྱོད། བློ་དང་བཀོད་པ་སོགས་གང་ཐད་ནས་རང་ཉིད་ལས་འཕགས་པའི་མི་དང་འབྲེལ་འདྲིས་བྱེད། དེ་ནི་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་རང་ལ་གཞན་གྱིས་རོགས་སྐྱོར་དང་།རང་གི་མིག་རྒྱང་ཇེ་ཆེ་དང་འཕེལ་རྒྱས་སུ་འགྲོ་བའི་ཆེད་ཡིན།

ཤེས་འཇོན་ཅན་གྱི་མི་དང་འབྲེལ་འདྲིས་བྱས་ཚེ།དང་ཐོག་ཁྱོད་གཉིས་ལ་བར་ཁྱད་ཤིན་ཏུ་ཆེ་བས་གནོན་ཤུགས་ཀྱང་ཆེ། ཡིན་ནའང་དུས་ཚོད་ཅུང་ཕྱིན་རྗེས་རང་ལ་ཕྱོགས་སྒོ་མོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་སྣང་བ་འཆར། མིང་དུ་གྲགས་པའི་སྤོ་ལོ་མཁན་ཁཱང་ནོའུ་འར་གྱིས་རང་ཉིད་ཕུལ་དུ་བྱུང་བའི་མི་སྣ་དང་འགྲོགས་ནས་འཕེལ་རྒྱས་གཏོང་དགོས་ཞེས་བཤད་པ་ལྟར། བྱ་དངོས་གང་ཞིག་ཡིན་ཡང་དེ་ལ་ངོས་གཉིས་ཡོད། མི་དང་འབྲེལ་འདྲིས་བྱེད་སྐབས་ནམ་ཡང་གཟབ་ནན་བྱེད་དགོས། ལས་གནས་དང་འཚོ་སྟངས་མི་འདྲ་བ་ཡིས་མི་ཡི་གོམས་གཤིས་དང་གཤིས་ཀ་མི་འདྲ་བ་སྐྱེད་སྲིང་བྱེད་ཀྱིན་ཡོད་པ་དཔེར་ན།དམག་མི་ནི་སྒམ་པོ་དང་གཟབ་ནན་ཡིན་ཞིང་།ཤེས་ཡོན་པ་ནི་གཤིས་འཇམ་ཞི་དུལ་ཡིན།ཚོང་པ་ནི་ཞིབ་ཚགས་རྩིས་ལ་སྤྲོ།འོན་ཀྱང་།བྱ་བ་དོན་སྨིན་འབྱུང་དགོས་ཚེ་འབྲེལ་བ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།དེ་བས་ངེས་པར་དུ་རང་ཉིད་ལས་འཕགས་པའི་མི་དང་འབྲེལ་འདྲིས་བྱས་ཏེ་ཡར་རྒྱས་སུ་གཏང་རྒྱུ་གལ་ཆེ།འཇོན་ཐང་ཅན་གྱི་མི་ལ་སློབ་སྦྱོང་བྱས་ན་གང་ཟག་གང་དེ་ཡང་འཇོན་ཐང་དང་ལྡན་པའི་སྐྱེས་བུ་ཞིག་ཏུ་འགྱུར་བར་རིགས་སོ། །

ལྔ།

རང་ལ་སྦྱོང་བརྡར་བྱེད་སའི་ཁོར་ཡུག་ཅིག་དགོས་པའི་སྐོར་བཤད་པ་ལ།མི་ཞིག་རྒྱལ་བར་བྱེད་པའི་མཐུན་རྐྱེན་ཉག་གཅིག་ནི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ཡིན་པ་མ་གཏོགས་ལས་དབང་ནི་མིན་ནོ། ། དེ་བཞིན་དུ། མཛེས་སྡུག་གི་ཁོར་ཡུག་གིས་མི་སྣ་འཇོན་པོ་ཞིག་གསོ་སྐྱོང་བྱེད་ཐུབ་ཅིང་། ཡང་སྤྱིར་བཏང་གི་ཁོར་ཡུག་ཅིག་ལས་སྤྱིར་བཏང་གི་མི་ཞིག་མ་གཏོགས་འབྱུང་མི་ཐུབ། དཔེར་ན། མི་ཞིག་བྱམས་བརྩེ་ཡིས་ཕྱུག་པའི་ཁོར་ཡུག་ཅིག་ཏུ་འཚོ་བ་རོལ་ནས་ནར་སོན་ཚེ། རྗེས་སུ་མི་དེ་རང་གཞན་ཀུན་ལ་གཅེས་སྐྱོང་བྱེད་མཁན་ཞིག་ཏུ་ཆགས་ཡོང་ངེས། ཞེ་སྡང་དང་འཁོན་སེམས་ཀྱིས་ཁེངས་པའི་ཁོར་ཡུག་ཅིག་ཏུ་འཚོ་བ་རོལ་མཁན་ཞིག་ཡིན་ཚེ། མི་དེའི་སེམས་རྒྱུད་དུ་རང་ཤུགས་ཀྱིས་སྒེར་སེམས་དང་ཁོང་ཁྲོའི་རྣམ་འགྱུར་ཞིག་ལས་མེད།

ཁོར་ཡུག་གིས་མི་བཟང་པོ་ཞིག་སྐྱེད་སྲིང་བྱ་ཐུབ་པ་ཇི་བཞིན་མི་ནུས་མེད་དུའང་གཏོང་བར་ནུས།མི་ཡིས་ཁོར་ཡུག་ལ་འགྱུར་བ་གཏོང་རྒྱུ་དེ་ལས་སླ་བོ་མིན་ཡང་།གང་ཟག་རང་ལ་འཚམ་པའི་ཁོར་ཡུག་ཅིག་གདམ་རྒྱུ་ནི་དེ་འདྲའི་ཁག་པོ་ཞིག་མ་ཡིན།སྤྲོ་སྣང་ལྡན་ཞིང་ཡར་ཐོན་ཅན།ཕུལ་དུ་བྱུང་བ།ཕུགས་བསམ་རྒྱང་རིང་ལ་ཕྱོགས་པ།གཞུང་རྒྱུད་དྲང་བ།དྲང་བདེན།གནས་ལུགས་བརྩི་བའི་མི་དང་མཉམ་དུ་འགྲོ་དགོས།མི་དེའི་རིགས་ཀྱི་ཤུགས་རྐྱེན་དང་སྣང་བརྙན་གྱིས་རང་ལ་གོམས་གཤིས་ཡག་པོ་ཐེབས་ངེས་ཤིང་། ཡར་རྒྱས་འགྲོ་བའི་གོ་སྐབས་ཡོད་པ་ཡིན།

སྐད་ཆ་ནི་མ་གཞི་ནས་མི་དང་མིའི་དབར་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཞིག་ཡིན་ལ། མིའི་རང་གཤིས་ནི་ཡུན་རིང་གི་འཚོ་གནས་ཀྱི་ཁོར་ཡུག་དང་། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་ནས་རིམ་གྱིས་གྲུབ་པ་ཞིག་ཡིན། དེ་བས། ཡར་བསྐྱེད་མེད་པའི་ཁོར་ཡུག་ཅིག་ཡིན་ཚེ་རང་དང་འཚམ་པའི་ཁོར་ཡུག་ཅིག་གདམ་རྒྱུ་དོན་སྙིང་ཆེའོ། །

མཐར་ན་གཞོན་བློ་གསལ་ཅན་རྣམས་ལ་སེམས་གཏམ་ཞིག་མོལ་འདོད་པ་ལ།འཚོ་བའི་ཁྲོད་དུ་མི་ལ་ཕམ་ཁ་དང་བར་ཆད།སེམས་ཁྲལ་ཅི་རིགས་ཡོད་མོད།དེ་དག་གང་ནུས་ཀྱིས་བཏང་སྙོམས་སུ་བསྐྱུར་ཏེ་དཀྱེལ་ཡངས་ཀྱི་སེམས་ཁམས་ཤིག་སྤྱད་དེ་འཇིག་རྟེན་ལ་བལྟ་དགོས་ཤིང་།དེ་འདྲའི་སྤྲོ་སྣང་གི་སེམས་ཁམས་ཤིག་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེ།སྤྲོ་སྣང་གི་སེམས་ཁམས་ནི་མི་ཚེའི་ཁྲོད་མེད་དུ་མི་རུང་བའི་རྒྱུ་ནོར་ཉག་ཅིག་ཡིན།དེ་བཞིན་དུ་དཀའ་ཁག་གི་ཁྲོད་དུ་རང་གིས་རང་ལ་ཡོད་ཚད་ཇེ་བཟང་ལ་ཡོང་ངེས་ཞེས་སེམས་གསོ་བྱ་རྒྱུ་དེ་ཡང་གཙོ་ཆེ།འཇིག་རྟེན་སྟེང་གི་ཆེས་རྒྱ་ཆེ་བ་ནི་རྒྱ་མཚོ་ཡིན་ཞིང་།རྒྱ་མཚོ་ལས་ཀྱང་དཀྱེལ་ཆེ་བ་ནི་ནམ་མཁའ་ཡིན།ནམ་མཁའ་ལས་ཀྱང་རྒྱ་ཆེ་བ་ནི་མི་སེམས་ཡིན།མི་ཚེ་ལ་དོན་སྙིང་ལྡན་མིན་དེ་ཡང་དོན་གྱིས་རང་ཉིད་ཀྱི་སེམས་རྒྱ་ཆེ་ཆུང་ལ་རག་ལས་པ་ཞིག་ཡིན་པ་མཁྱེན་པར་མཛོད་ཅིག །

འབའ་སྨད་ཀྱིས《ཡ་ཧུ་ད་པའི་བློ་གྲོས་དཔེ་ཚོགས》ལས་བདམས་ཏེ་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།