ཀྲུང་གོ་བོད་ཀྱི་དྲ་བ།

སྐུ་ངོ་པའོ་ཡིས་བྱ་གྱོད་འདྲི་གཅོད་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀོན་མཆོག་ལྷ་སྒྲོན་གྱིས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐུ་ངོ་པའོ་ལ་ཁྲིམས་ཐག་གཅོད་སྐབས་གོམས་གཤིས་ཤིག་ཡོད་པ་ནི།སྲོག་ཁྲིམས་གཅོད་དགོས་པའི་གྱོད་དོན་དག་ནི་མི་སྲོག་དང་འབྲེལ་བའི་རྐྱེན་གྱིས། ཁོང་གིས་དོགས་གཞི་ཡོད་པར་སྙམ་པའི་གྱོད་དོན་དག་ལ་སྐུ་དངོས་ཀྱིས་འདྲི་རྩད་བྱེད་པ་རེད། རྒྱུན་པར་དེ་དག་གི་ཁྲོད་ནས་མ་ཉེས་ཁ་གཡོགས་ཐེབས་པའི་གྱོད་གཞི་མང་པོ་ཞིག་ཞིབ་བཤེར་བྱེད་ཐུབ་ལ། བྱ་གྱོད་འདིའང་དེའི་ཁྲོད་ཀྱི་གཅིག་ཡིན།

ཧ་ཅང་ལས་སླ་པོའི་གྱོད་དོན་ཞིག་བྱུང་བ་ནི།སྐྱེས་པ་ཞིག་གིས་རང་གི་བཟའ་ཟླས་བསྲེགས་པའི་བྱ་ཤ་ཟོས་པས་འཕྲལ་མར་དུག་ཕོག་ནས་ཤི་བ་དང་།གྱོད་གཞི་འདིར་དཔང་རྟགས་ཁུངས་བཙུན་ཡོད་དེ། ཉེས་ཅན་མ་ཡིས་ཀྱང་མིང་རྟགས་བཀོད་ཡོད། ཡིན་ཡང་སྐུ་ངོ་པའོ་ཡིས་ཡིག་ཚགས་ལ་བལྟས་རྗེས།ཉེས་ཅན་མ་དེས་ཅིའི་ཕྱིར་རང་གི་ཁྱོ་ག་གསོད་དགོས་པའི་དོགས་གཞི་ཞིག་རྙེད་ལ། གྱོད་གཞིའི་ཡིག་ཚགས་ནང་དུ་དེའི་སྐོར་གསལ་བཤད་ཅི་ཡང་བྱས་མི་འདུག དེ་བས་ཁོང་གིས་དངོས་སུ་འདྲི་གཅོད་བྱེད་རྒྱུའི་སེམས་ཐག་བཅད་པ་རེད།

ཉེས་ཅན་མ་དེ་འདྲི་གཅོད་ཁང་དུ་ཁྲིད་ཡོང་དུས།མོས་ངུ་ཤུམ་བྱེད་པ་ལས་ཅི་ཡང་མི་བཤད་པས།སྐུ་ངོ་པའོ་ཡིས་མོར་འཇིགས་སྐུལ་གང་ཡང་མ་བྱས་པར།མོར་གྱོད་དོན་གྱི་སྔ་གཞུག་ཞིབ་མོར་བཤད་དུ་བཅུག་པས། མོ་རང་སེམས་སྡུག་གིས་མནར་གྱིན

“ངའི་ཁྱོ་ག་ནི་བྱ་ཤ་བཟའ་བར་ཧ་ཅང་དགའ་བས་ངས་ཀྱང་རྒྱུན་དུ་ཁོ་ལ་བྱ་ཤ་བསྲེགས་ནས་ཟ་རུ་བཅུག་པ་ཡིན།བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་ངས་བསྲེགས་པའི་བྱ་ཤ་ཟོས་རྗེས་ཕོ་བ་ན་ནས་ཚེ་ལས་འདས་སོང་། ངས་དངོས་གནས་དུག་སྨན་དེ་གང་ནས་ཡོང་བ་དང་སུས་བཏབ་པ་གཏན་ནས་མི་ཤེས”ཞེས་བཤད།

སྐུ་ངོ་པའོ་ཡིས་མོས་གསལ་པོར་བཤད་མ་ཐུབ་པ་མཐོང་ནས།“བྱ་ཤ་མ་ཟོས་གོང་ཁྱོད་ཀྱི་ཁྱོ་གས་ཅི་ཞིག་བྱེད་བཞིན་ཡོད་དམ།”ཞེས་མོ་ལ་དྲིས་པས།མོས་དེའི་ལན་དུ་ངུ་ངག་དང་བཅས་ཏེ།

“ཁོས་འབྲས་རྡུང་བཞིན་ཡོད།འབྲས་བརྡུངས་ཚར་རྗེས།ངས་བྱ་ཤ་བཟའ་རུ་བོས་པ་ཡིན།བྱ་ཤ་ཟོས་མ་ཚར་གོང་ནས་ཕོ་བ་ན་སོང་ཞེས་བོས་སོང་བས།ངས་ཁོའི་ཕོ་བ་ནས་འཕུར་མཉེད་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ནི་ན་ཟུག་དེའི་ཁྲོད་ནས་ཁོ་རང་ཤི་སོང་།མི་ཚོས་བྱ་ཤའི་ནང་དུག་ཁུ་ཡོད་པས། ཁོ་ངས་བསད་པ་རེད་ཅེས་གླེང་བར་བྱེད་ཀྱང་།ངས་ཅིའི་ཕྱིར་གསོད་དགོས་པ་ཡིན་ནམ།”

སྐུ་ངོ་པའོ་ཡིས་བསམ་བློ་ཡང་ཡང་བཏང་སྟེ་སླར་ཡང་།“བྱ་ཤ་དེ་བསྲེགས་ཚར་མ་ཐག་ཟོས་པ་ཡིན་ནམ་ཡང་ན་དུས་ཚོད་ངེས་ཅན་ཞིག་གི་རྗེས་ནས་ཟོས་པ་རེད།བྱ་ཤ་ཟ་དུས་ས་ཆ་གང་དུ་ཡོད་དམ”ཞེས་བཀའ་འདྲི་གནང་བར།མོས་དེའི་ལན་དུ།

“ངས་བྱ་ཤ་བསྲེགས་རྗེས་ར་སྐོར་ཕྱི་མའི་བསིལ་ཁང་ནང་དུ་བཞག་ཡོད་ཅིང་།ཁོས་འབྲས་བརྡུངས་ཚར་མ་ཐག་ཏུ་ཟོས་པ་རེད།དེ་ནས་ཅུང་མ་འགོར་བར་ཁོས་སྒོའི་ཕྱི་ལོགས་ནས་ཕོ་བ་ན་བྱུང་ཞེས་བོས་བྱུང་བས།ང་རང་མྱུར་སྟབས་ཀྱིས་སྒོ་ཕྱི་རུ་བརྒྱུགས་ཀྱང་ཟས་ཐུན་གཅིག་གི་དུས་ཡུན་ཙམ་ཡང་མ་འགོར་བར་ཁོའི་ཚེ་སྲོག་གི་རྒྱུ་བ་ཆད་སོང་།ཨ་གནམ་རྒན་མ།སུ་ཞིག་གིས་དུག་བཏབ་པའང་མ་ཤེས།”མོས་བཤད་ནས་མཚམས་འདིར་སླེབས་སྐབས་ངུ་སྐད་ཆེན་པོ་བརྒྱབ་བྱུང་།

སྐུ་ངོ་པའོ་ཡིས་དགོས་མཁོ་ཅན་གྱི་དོན་ཅི་ཡང་འདྲི་མ་ཐུབ་པ་མཐོང་བས། དོན་རྐྱེན་བྱུང་སའི་ཡུལ་དངོས་ལ་བལྟ་རུ་འགྲོ་རྒྱུ་ཐག་བཅད།ཁོས་རྫོང་དཔོན་དང་གཞུང་གཡོག་པ་ཁྲིད་ནས་ཉེས་ཅན་མ་དེས་ལམ་སྣེ་ཁྲིད་དེ་མོའི་ཁྱིམ་དུ་སོང་བ་དང་།བུད་མེད་དེ་ཚང་ལ་མདུན་དུ་ཁང་མིག་གཉིས་ཅན་གྱི་ཐོག་ཁང་ཞིག་དང་།ལྟག་སྒོའི་ནང་དུ་ར་སྐོར་ཆུང་ཆུང་ཞིག་ཡོད་ལ།ར་སྐོར་དེ་ནི་སྒོ་མེད་པའི་གྱང་ར་དམའ་མོ་ཞིག་གིས་བསྐོར་ཡོད།གཞན་ར་སྐོར་དེའི་ནང་དུ་བསིལ་ཁང་ཆུང་ཆུང་ཞིག་ཡོད་པ་དང་།བསིལ་ཁང་གི་འགྲམ་དུ་གཏུན་ཁུང་ཞིག་ཀྱང་ཡོད་པར་མ་ཟད།སྔོ་ཚལ་ཁ་ཤས་ཀྱང་བཏབ་ཡོད།

ར་སྐོར་ནང་གི་གནས་ཚུལ་ལ་གཞིགས་ན།མི་ཞིག་གྱང་ཁ་ནས་ནང་ལ་ལྡིང་སྟེ་དུག་འདེབས་པ་ནི་མི་སྲིད་པ་ཞིག་རེད་ལ། བྱ་ཤ་ནི་བསིལ་ཁང་ཆུང་ཆུང་དེའི་ནང་དུ་བཞག་ནས་ཟོས་པས།སྐུ་ངོ་པའོ་ཡིས་བསིལ་ཁང་དེར་བརྟག་དཔྱད་ཞིབ་མོ་བྱེད་དུས།བསིལ་ཁང་དེ་ནི་ཐལ་རྡུལ་གང་ཡང་མེད་པར་གཙང་སིང་ངེར་ཡོད་ཅིང་།ནང་དུ་རྐུབ་སྟེགས་དམའ་མོ་ཞིག་དང་ཅོག་ཙེ་ཆུང་ངུ་ཞིག་མ་གཏོགས། གཞན་རྒྱུན་ལྡན་མིན་པའི་གནས་ཚུལ་གང་ཡང་མཐོང་རྒྱུ་མི་འདུག

སྐུ་ངོ་པའོ་ཡིས་ར་སྐོར་ནང་དུ་སྐོར་བ་འགའ་རྒྱག་ཞོར་ཡུན་དུ་བསམ་བློ་བཏང་བ་ན།གློ་བུར་དུ་ཅི་ཞིག་ཧ་གོ་སོང་བ་ལྟར།མྱུར་དུ་གཞུང་གཡོག་པ་ཞིག་འབྲས་རྡུང་བར་མངགས་པ་དང་།ཉེས་ཅན་མ་དེར་ཡང་སྔོན་ཆད་ཀྱི་ལྭ་བ་གྱོན་ནས་སྔར་དང་གཅིག་མཚུངས་ཀྱི་བྲོ་རྫས་བཏབ་ནས་བྱ་ཤ་སྲེག་ཏུ་བཅུག་སྟེ།སྔར་གྱི་གནས་ཚུལ་དེ་ཉིད་སླར་ཡང་བསྐྱར་འཁྲབ་བྱས་ནས་མི་རྣམས་ལ་བལྟ་རུ་བཅུག

ཅུང་མ་འགོར་བར།ཉེས་ཅན་མ་དེས་རླངས་པ་ཐུ་ལུ་ལུ་བྱེད་པའི་བྱ་ཤ་སྡེར་མ་གང་ཁྱེར་ཡོང་ནས་བསིལ་ཁང་ནང་གི་ཅོག་ཅེའི་སྟེང་ལ་བཞག་སྟེ།ཤ་ཟ་རུ་ཤོག་ཅེས་བོས་རྗེས་ཕྱིར་ཐོག་ཁང་ནང་དུ་སོང་།

འབྲས་རྡུང་བཞིན་པའི་གཡོག་པོ་དེས་རྡུང་ཆས་ས་རུ་བཞག་སྟེ།བསིལ་ཁང་ནང་དུ་ཡོང་ནས་བྱ་ཤ་ཟ་གྲབས་བྱས་ལ།སྐུ་ངོ་པའོ་ཡིས་གཡོག་པོ་དེའི་འགྲམ་ནས་འཇམ་ཅག་གེར་བསིལ་ཁང་གི་ཕྱོགས་བཞི་དང་།ཏག་ཏག་དྲི་ཞིམ་འཐུལ་བཞིན་པའི་བྱ་ཤ་སྡེར་མ་གང་པོ་དེར་ལྟ་ཞིབ་བྱས་ཀྱང་དོགས་གཞི་ཅི་ཡང་མ་རྙེད།དེ་ནས་གློ་བུར་དུ་འཁྱག་བསིལ་བསིལ་གྱི་ཆུ་ཐིགས་ཤིག་ཁོའི་མགོ་རུ་ལྷུང་བ་ལྟ་བུའི་ཚོར་བ་བྱུང་བས།སྡེར་མའི་ནང་གི་ཚ་རླངས་བརྒྱུད་ནས་ཡར་ལ་བལྟས་པ་ན།དེ་མ་ཐག་ཁོ་རང་སྐྲག་ཐག་ཆོད་སོང་།མ་གཞི་བསིལ་ཁང་ཀླད་ཀྱི་གྱོ་མོ་དང་གདུང་མའི་བར་དུ་སྦྲུལ་ཆེན་པོ་ཞིག་འཁྱིལ་ཡོད་པར་མ་ཟད།སྐབས་དེར་སྦྲུལ་ཆེན་དེས་ཁ་གདངས་ཤིང་ལྕེ་ཕྱུང་སྟེ། ཁ་ཆུ་ཏག་ཏག་སྡེར་མའི་ནང་དུ་ལྷུང་བཞིན་ཡོད་པ་མཐོང་།གཞུང་གཡོག་པ་དེས་གནས་ཚུལ་དེ་དག་རྩ་བ་ནས་ཤེས་ཀྱིན་མེད་པས་བྱ་ཤ་བླངས་ནས་ཟ་རྩིས་བྱས་པ་ན།

སྐུ་ངོ་པའོ་ཡིས་བྲེལ་འཚུབ་ཀྱིས“ཨ་རོགས་སྡོད་སྡོད།མྱུར་དུ་མགོ་བོ་ཡར་དགྱེ་ནས་ལྟོས་ཤིག”ཟེར་ནས་མྱུར་དུ་བཀག་འགོག་བྱས་པས།གཡོག་པོ་དེས་མགོ་བོ་བཀྱགས་ནས་བལྟས་པ་ན།དུག་སྦྲུལ་ཆེན་པོ་དེ་མཐོང་བས་སྐྲག་ཐག་ཆོད་དེ“ཨ”ཞེས་སྐད་ཅོར་བརྒྱབ་པ་དང་སྦྲུལ་དེ་ཁོའི་མགོ་ཐོག་ཏུ་དངོས་སུ་ལྷུང་ཡོད་པ་བཞིན་མྱུར་དུ་བསིལ་ཁང་གི་ཕྱི་རུ་བྲོས།སྦྲུལ་དེས་མིའི་སྐད་གོ་བ་ན་ག་ལེར་གདུང་མའི་བར་དུ་འཛུལ་ནས་ཡུད་ཙམ་གྱིས་གར་སོང་ཆ་མེད་དུ་གྱུར།དེ་ནས་སྐུ་ངོ་པའོ་ཡིས་མི་རྣམས་ལ་བསིལ་ཁང་བཤིག་ཏུ་བཅུག་ནས་དུག་སྦྲུལ་དེ་ཉིད་བཙན་གྱིས་བཟུང་སྟེ་ཁྲིམས་ལ་སྦྱར་ཞིང་།མ་ཉེས་ཁ་གཡོགས་ཐེབས་པའི་བུད་མེད་དེར་ཉེས་པ་མེད་པར་ཐག་བཅད་ནས་བཙོན་གྲོལ་བཏང་ངོ་། །

ཡང་གཅིག་བཤད་ན། སྔར་གྱོད་གཞི་འདིའི་མཇུག་སྡུད་མཁན་གྱི་རྫོང་དཔོན་དེས་ཐོག་མར་སྐུ་ངོ་པའོ་ཡིས་དགོས་མེད་ཀྱི་ངལ་བ་བྱེད་བཞིན་འདུག་ཨང་སྙམ་མོད།འོན་ཀྱང་དོན་དངོས་ཀྱི་མདུན་ནས་ཁོས་ཀྱང་མགོ་བོ་བསྒུར་ནས་ཆད་པ་དང་ལེན་མི་བྱེད་ཀ་མེད་བྱུང་།

ཕྱིས་སུ་དེར་ཡོད་ཀྱི་མི་རྣམས་ཀྱིས་རང་དབང་མེད་པར“སྐུ་ངོ་པའོ་ངོ་མ་ཕོ་རྒོད་རེད།སྐུ་ངོ་པའོ་ངོ་མ་ཕོ་རྒོད་རེད”ཟེར་བཞིན་བསྔགས་བརྗོད་བྱས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།