ཀྲུང་གོ་བོད་ཀྱི་དྲ་བ།

འཚེ་བ་གསུམ་འཇོམས་ཀྱི་གཏམ་རྒྱུད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འཇམ་དབྱངས་སྒྲོལ་མས་བསྒྱུར།   སྤེལ་དུས། : 2021-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅིན་རྒྱལ་རབས་ཀྱི་སྐབས་སུ།ཅང་སུའུ་དབྱི་ཞིང་ལ་དབྱི་ཞིང་ཞེས་མི་འབོད་པར་ཡིས་ཞིང་ཅུན་ཟེར།མཁར་དེ་ན་ཀྲོའུ་ཁྲུའུ་ཟེར་བའི་གཞོན་ནུ་ཞིག་ཡོད།དེ་ནི་གཟུགས་སྟོབས་ཆེ་ཞིང་ལག་ཤེད་གཞན་ལས་ཆེ།ཀྲོའུ་ཁྲུའུ་ལོ་ན་གཞོན་དུས་སུ་སྟོབས་ཀྱིས་དྲེགས་ཤིང་ཡུལ་མིའི་ཁྲོད་ན་རང་སྣང་གང་ཤར་གྱིས་རྒྱུའོ། ། མཁར་ཕྱི་ནང་ཀུན་ན་ཁོའི་ངོ་ཡ་ཕོད་མཁན་དང་ཡ་ལན་སྤྲོད་མཁན་གཅིག་ཀྱང་མེད། ཁོ་རང་རྟར་ཞོན་པ་དང་རི་དྭགས་རྔོན་པར་དགའ་བས་ནམ་རྒྱུན་རྟར་བཞོན་ནས་སྲང་ལམ་ནས་བང་རྒྱུག་བྱེད།ཚང་མས་ཁོ་མཐོང་མ་ཐག་གང་སར་འབྲོ་བ་ལས་ཕོག་ཐུག་གཏོང་མི་ཕོད།གལ་ཏེ་སུ་ཞིག་གིས་ཁོ་ལ་ཕོག་ཐུག་བཏང་ཚེ་སྲོག་མི་ཤོར་ན་ཡང་ཁ་ཆག་སྣ་རལ་འབྱུང་ཁོ་ཐག་ཡིན།དེ་བས་ཁོ་ནི་མཁར་ནང་གི་གནོད་འཚེ་ཞིག་ཏུ་གྱུར་ཅིང་མི་སེར་ཁྲོད་ནས་ནམ་རྒྱུན་སྡུག་སྐད་འདོན་བཞིན་ཡོད།

ཉིན་ཞིག ཀྲོའུ་ཁྲུའུ་ལམ་དུ་འགྲོ་སྐབས་བགྲེས་པོ་ཞིག་གིས་ཁོའི་རྗེས་འདེད་ཞོར་ཤུགས་རིང་ནར་ནར་འབྱིན།ཀྲོའུ་ཁྲུའུ་ཡིས་བཟོད་མ་ཐུབ་པར་འཛིན་ཐེངས་གཅིག་གིས་བགྲེས་པོ་དེ་བཟུང་བ་དང་།ལག་འགུལ་ནས་གཅར་རྩིས་བྱས་པ་ན།བགྲེས་པོ་དེས་སྐད་གསང་མཐོན་པོས“དམངས་ལ་སྡུག་ཡོད།རྒད་པོ་ངས་དམངས་ཀྱི་ཚབ་བྱས་ནས་སྡུག་ཡུས་བཤད་དགོས་ཡོད།དེ་ལྟར་ཤི་ཡང་མི་འགྱོད་དོ”ཟེར། ཀྲོའུ་ཁྲུའུ་ཡིས་བགྲེས་པོ་བཏང་སྟེ། ཁོ་ལ་འཇིགས་སྐུལ་ནས“དོན་དག་ཅི་ཡོད་མགྱོགས་པོར་ཤོད་ཅིག”ཅེས་བཤད།

བགྲེས་པོ་ཁོང་ཁྲོ་ལངས་ཞོར་དུ“རང་རེའི་མཁར་ནང་ན་རྣམ་པར་འཚེ་བ་གསུམ་ཡོད།དེ་གསུམ་གཙང་སེལ་མ་བྱས་ན་དམངས་ལ་བདེ་བའི་སྐབས་མེད་དོ། ། དང་པོ་ནི།ལྷོ་རི་ན་སྟག་རྒོད་འཇིགས་སུ་རུང་བ་ཞིག་ཡོད་ལ།མི་ཞིག་རི་འགོར་བུད་ཤིང་འཐུ་རུ་སོང་བ་སྟག་རྒོད་དེས་རྨས།ད་ལྟ་ཡུལ་མི་རྣམས་རི་ལ་བུད་ཤིང་འཐུ་རུ་འགྲོ་མི་ཕོད་པས།ཁྱིམ་ཚང་ལ་ལར་བུད་ཤིང་ཚར་ཏེ་ཐབ་ཀྱི་དུ་བ་ཆད་པའི་ཚད་ལ་སླེབས།གཉིས་པ་ནི།ཞི་ཀྲོའུ་ན་ཀླུ་བདུད་ཅིག་ཐོན་ཡོད།དུས་རྒྱུན་རླུང་གཡབ་རླབས་དཀྲུག་བྱས་ཏེ་ཆུ་ཆེན་གྱི་རགས་ཁ་གཏོར།གྲོང་གི་ལོ་ཞིང་བསྣུབས།མི་ཁྱིམ་གྱི་འབྲུ་མཛོད་སྟོངས།གྲུ་ཡི་རྒྱུ་འགྲུལ་བཀག ཚོང་གི་རྒྱུ་ལམ་ཆད།གསུམ་པ་ནི།ཨུན་ཨུན།དེ་ནི་ཁྱོད་རང་རེད་དོ། །ཁྱོད་ཀྱིས་གྲོང་དུ་རང་སྣང་གང་ཤར་བགྱིས། མི་ལས་དགུ་ལས་བྱས་ནས། མི་སེམས་བག་འཁུམས་པར་བྱས་སོ། ། རྣམ་པར་འཚེ་བ་འདི་གསུམ་པོ་མ་བཅོས་ན་དམངས་རྣམས་སྡུག་བསྔལ་ལོ། ། གལ་ཏེ་ཁྱོད་ཀྱིས་ངའི་ཁ་ལ་ཉན་ན་དམངས་ལ་རྣམ་པར་འཚེ་བ་སོལ་ཅིག དེ་ལྟར་མིན་ན་ནི་རྒད་པོ་ང་སྲོག་དང་ཕྲལ་ཡང་ཕངས་པ་མེད་དོ”ཞེས་བཤད།

བགྲེས་པོ་དེས་དབུགས་ཐེངས་གཅིག་གིས་བཤད་ཚར་ནས་གཅར་རྡུང་ཉོ་བར་བསྒུགས་བསྡད་མོད། མ་བསམ་ས་ནས་ཀྲོའུ་ཁྲུའུ་ཡིས་ཐོས་མ་ཐག་ཤིན་ཏུ་ནོངས་ཤིང་འགྱོད་དེ་རྣམ་པར་འཚེ་བ་གསུམ་འཇོམས་པའི་སེམས་ཐག་བཅད།བགྲེས་པོས་ཁོ་ལ་སྐད་ཆ་དྲང་མོ་བཤད་པར་བཀའ་དྲིན་ཞུས་ཏེ་སོང་།

ཀྲོའུ་ཁྲུའུ་མྱུར་དུ་ཁྱིམ་ལ་ལོག་སྟེ་མདའ་གཞུ་བཟུང་ནས་ལྷོ་རིར་འགོས་ཤིང་སྟག་རྒོད་བཙལ།ཁོ་རི་མགོར་ཐོན་མ་ཐག་གློ་བུར་དུ་རླུང་འཚུབ་ཅིག་ལྡང་བྱུང་།ཀྲོའུ་ཁྲུའུ་ལ་བྲེད་ཤ་ལངས་བཞིན་བལྟས་ཙ་ན།སྟག་རྒོད་ནི་རང་དང་ཐག་མི་རིང་བའི་སར་སླེབས་ཏེ་ཁོའི་སྟེང་དུ་མཆོང་བར་རྩོམ།ཁོས་བྲེལ་འཚུབ་དང་བཅས་མདའ་མོ་གཞུ་ལ་སྦྱར་ཏེ“ཟིར”སྒྲ་དང་བཅས་འཕངས་པ་ན་མདའ་ལྕགས་རྣོན་པོ་དེ་སྟག་རྒོད་ཀྱི་གྲེ་བ་ལ་ཕོག་ཅིང་དེ་མ་ཉིད་དུ་ལྔ་བའི་ལམ་དུ་བརྫངས།ཀྲོའུ་ཁྲུའུ་ཡིས་སྟག་རོ་ཁུར་ནས་མཁར་ནང་ལ་སོང་།འབངས་ཀྱིས་མཐོང་ནས་དགའ་སྤྲོ་སྐྱེས་ཤིང་ཀྲོའུ་ཁྲུའུ་ཡིས་དམངས་ཀྱི་ཆེད་དུ་གནོད་འཚེ་གཅིག་བསལ་བ་ལ་བསྟོད་བསྔགས་བྱས།

དེ་ནས་ཀྲོའུ་ཁྲུའུ་ཡིས་རལ་གྲི་བཟུང་སྟེ་ཞི་ཀྲུའུ་ལ་སོང་ནས་ཕྱོགས་གང་སར་ཀླུ་བདུད་བཙལ།ཀླུ་བདུད་དེ་ཀྲོའུ་ཁྲུའུ་ཡིས་རལ་གྲི་བཟུང་ནས་ཡོང་བ་མཐོང་མ་ཐག་ཁ་ཕྱིར་འཁོར་ནས་བྲོས་སོང་།ཁོས་སྐད་གསང་མཐོན་པོས“ས་བདག ས་བདག ཀླུ་བདུད་དེ་ཁོགས་ཤིག”ཅེས་བོས་པ་ན།ཆུ་ནང་ནས་ས་འབུར་ཞིག་ཡར་འཕགས་ནས་ཀླུ་བདུད་དེའི་སྐེ་བསྒགས་ཏེ་བཟུང་།རྗེས་ནས་ས་འབུར་དེའི་མིང་ལ“ཀླུ་སྐེ་བསྒགས་ས”ཟེར།

ཀླུ་བདུད་དེ་འཕག་འཚག་འགའ་བྱས་རྗེས།ས་འབུར་ལས་ཐར་ཏེ་བྲོས།ཀླུ་བདུད་སྔུན་ན་འབྲོ་བ་དང་།ཀྲོའུ་ཁྲུའུ་ཡིས་རྗེས་ནས་དྲག་འདེད་བྱས།ཐང་ཞིག་ལ་ཐོན་དུས།ཀླུ་བདུད་ཁ་ཕྱིར་འཁོར་ནས་འགྲེ་ལྡོག་ཅིག་བརྒྱབ།ཀྲོའུ་ཁྲུའུ་ཡིས“ཐར་བ་མེད་དོ། ། ཐར་བ་མེད་དོ”ཞེས་སྐད་བརྒྱབ།ད་ལྟ་ཞི་ཀྲོའུ་ན“ཐར་མེད་རྫིང་བུ”ཟེར་བའི་རྫིང་བུ་ཞིག་ཡོད་པ་ནི་ཀླུ་བདུད་འགྲེ་ལྡོག་བྱས་ཏེ་བྱུང་བ་ཡིན།

ཀླུ་བདུད་འགྲེ་ལྡོག་ཅིག་བརྒྱབ་པ་དང་མཉམ་དུ་ཁ་ཕྱིར་འཁོར་ནས་ཤར་ཕྱོགས་སུ་བྲོས་ཏེ་མཁར་ལས་ཐར། ཏུང་ཀྲོའུ་བརྒྱུད་ནས་ཐའེ་ཧུའུ་མཚེའུའི་ནང་ལ་འཛུལ་རྩིས་བྱས། གལ་ཏེ་ཀླུ་བདུད་ཐའེ་ཧུའུ་མཚེའུའི་ནང་ལ་ཤོར་ཚེ་འཛིན་དཀའ་བས་ཀྲོའུ་ཁྲུའུ་ལ་བྲེལ་བ་ལངས་ནས་རི་མཐོན་པོ་དེར“རི་བོ་ལགས།རི་བོ་ལགས།ང་ལ་འགོག་རོགས་བྱོས”ཞེས་བོས།རི་བོ་དེས་མཆུ་ཏོ་བསྲིངས་ནས་ཀླུ་བདུད་བཀག དེ་བས།ད་ལྟའི་ཐའེ་ཧུའུ་མཚེའུ་འགྲམ་ན“འགོག་རི་ཉག་ག”ཟེར་བའི་གནས་ཤིག་ཀྱང་ཡོད།

ཀླུ་བདུད་ཁ་ཕྱིར་འཁོར་ནས་མཁན་པའི་གསེབ་ཏུ་ཡིབ། ཀྲོའུ་ཁྲུའུ་ཀླུ་བདུད་དང་ཉེ་བར་བཅར་བ་ན།དེས་རང་གི་རྔ་མ་ཤུགས་ཀྱིས་ཀྲོའུ་ཁྲུའུ་ཡི་ཕྱོགས་སུ་གཡུགས། ཁོས་ཁ་ནས“མ་བཟང་ཐལ”ཞེས་ཤོར་བ་དང་རྔ་མ་གཡུགས་ནས་མིག་མདུན་དུ་ཐོན་ན་ཡང་མ་བསམ་ས་ནས་ཀླུ་བདུད་ཀྱི་རྔ་མ་མཁན་པས་དཀྲིས་འདུག ཀྲོའུ་ཁྲུའུ་ཡིས་ལམ་སང་རལ་གྲི་ཤུགས་ཀྱིས་གཡུག་ཐེངས་གཅིག་གིས་ཀླུ་བདུད་ཀྱི་རྔ་མ་རྨས།ཁོས་ཀླུ་བདུད་ཀྱི་རྔ་མ་རྨས་ཡོད་པས་ཐར་དཀའ་བ་མཐོང་རྗེས་མཆོང་ཐེངས་གཅིག་གིས་ཀླུ་བདུད་ཀྱི་རྒྱབ་ལ་བཞོན་ནས་མཁན་པས་ཀླུ་བདུད་བཀྱིགས།

རྗེས་རབས་པས་ཀྲོའུ་ཁྲུའུ་ཡིས་མཁན་པས་ཀླུ་བདུད་བཀྱིགས་པར་རྗེས་དྲན་བྱེད་ཆེད།ས་འདི་ལ“མཁན་པའི་རགས”ཟེར།

ཀྲོའུ་ཁྲུའུ་ཡིས་ཀླུ་བདུད་བཀྱིགས་ནས་མཁར་ནང་ལ་ཁྲིད་ཅིང་།མཁར་ནང་གི་ཟམ་ཆེན་སྟེང་ནས་མང་པོའི་མདུན་སར་དམར་གསོད་བྱས།རྗེས་ནས་ཟམ་པ་དེའི་མིང་ལ“ཀླུ་བདུད་ཟམ་པ”ཟེར།བཤད་སྲོལ་ལ་ད་ལྟ་ད་དུང་ཡང་ཟམ་ཐོག་གི་རྡོ་ཞིག་གི་སྟེང་དུ་ཀླུ་བདུད་ཀྱི་ཁྲག་རྗེས་ཡོད་ཟེར།ཀྲོའུ་ཁྲུའུ་ཡིས་ཀླུ་བདུད་འདེད་གསོད་བྱེད་པའི་གོ་རིམ་ཁྲོད།ཉིན་ཞག་གསུམ་ལ་འཛིང་རེས་བྱས་པས་མང་ཚོགས་ལ་ལས་ཀྲོའུ་ཁྲུའུ་ཡང་ཤི་བ་དང་།གནོད་འཚེ་གསུམ་པོ་བསལ་ཡོད་པར་འདོད་དེ་ཕན་ཚུན་ལ་རྟེན་འབྲེལ་ཞུས།

ཀྲོའུ་ཁྲུའུ་ཡིས་ཀླུ་བདུད་བསད་ནས་ཕྱིར་ཐོན་རྗེས་ཡུལ་མི་ཚོས་འཚེ་བ་གསུམ་གཙང་སེལ་བྱས་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བ་ཐོས་པ་ན།ད་གཟོད་ཡུལ་མི་ཚོ་རང་ལ་སྡང་བ་དང་རང་ཉིད་སྔ་མོ་ནས་ཤི་ན་ཅི་མ་རུང་སྙམ་བཞིན་ཡོད་པ་ཤེས།ཁོས་སེམས་སྡུག་ཞོར་དུ་ཝུའུ་རྒྱལ་ཁབ་ཀྱི་མཁས་པ་ལུའུ་ཅི་དང་ལུའུ་ཡུན་བཙལ་ནས་རང་ཉིད་ཇི་ལྟར་བསྒྱུར་བཅོས་དགོས་པར་བཀའ་འདྲི་ཞུ་རུ་སོང་།སྐབས་དེར་ལུའུ་ཅི་མི་བཞུགས།ཁོ་རང་ལུའུ་ཡུན་དང་འཇལ།“ངས་ཀུན་སྤྱོད་བློ་སྦྱོང་བྱེད་འདོད་ནའང་ལོ་ན་ཆེ་བས།ཕལ་ཆེར་འཕྱི་དྲགས་སོང”ཞེས་དངོས་ཡོད་གནས་ཚུལ་ཞུས།ལུའུ་ཡུན་གྱིས“གནའ་མིས་བཤད་སྲོལ་ལ།ནངས་ཞོགས་མི་ཆོས་ཀྱི་གཟུང་ཉན་ནས།མཚན་ལ་ཉེས་པ་གསོས་ཀྱང་འཕྱིས་པ་མེད་ཟེར།ཁྱོད་ད་དུང་ལོ་ན་གཞོན།མདུན་ལམ་རྒྱ་ཆེ།མ་འོངས་ཕུགས་འདུན་མེད་པར་སེམས་ཁྲལ་དགོས་པ་ལས་མཚན་སྙན་ཡག་པོ་མི་ཡོང་བར་སེམས་ཁྲལ་བྱེད་དགོས་དོན་ཅི་ཡོད།”

ཀྲོའུ་ཁྲུའུ་ཡིས་ལུའུ་ཡུན་གྱི་གཏམ་ལ་མཉན་རྗེས།བློ་སྟོབས་སྦྱོང་བརྡར་དང་སྙིང་རུས་ཆེར་བསྐྱེད་ཀྱིས་སློབ་སྦྱོང་བྱེད་པའི་སེམས་ཐག་བཅད།ཁོང་གིས་རང་ཉིད་ཀྱི་གཏམ་སྤྱོད་ལ་ཚོད་འཛིན་དང་།ཁ་དན་ཚིག་ལ་གནས་པར་བྱས་ཏེ་ཡོན་ཏན་ལྡན་ལ་བྱམས་སེམས་ཀྱང་ལྡན་པའི་དཔོན་ཆེན་ཞིག་ཏུ་གྱུར།

རྗེས་སུ་ཀྲོའུ་ཁྲུའུ་ནི་ཅིན་རྒྱལ་རབས་ཀྱི་དམག་དཔོན་ཆེན་མོར་གྱུར།གཡུལ་ས་ནས་གྲོངས་རྗེས་ཀྲོའུ་རྒྱལ་པོའི་ཆོ་ལོ་སྦྱར་ཏེ།རྗེས་རབས་པས་དྲན་གསོ་ཞུས་པ་རེད།ཅང་སུའུ་དབྱི་ཞིན་གྲོང་ཁྱེར་དུ་ཀྲོའུ་རྒྱལ་པོའི་ལྷ་ཁང་ཡོད་ལ་ཀྲོའུ་རྒྱལ་པོའི་བང་སོའང་ཡོད།ཀྲོའུ་རྒྱལ་པོའི་ལྷ་ཁང་ལ་ཀྲོའུ་ཞའོ་ཧོའུ་ལྷ་ཁང་ཡང་ཟེར།ཀྲོའུ་ཁྲུའུ་འདས་རྗེས“ཞོའོ”ཞེས་པའི་མཚན་སྙན་གནང་བ་དང་།རྗེས་སུ“རྒྱལ་པོ”ཡི་མཚན་སྙན་ཡང་གནང་བ་རེད།ཀྲོའུ་རྒྱལ་པོའི་ལྷ་ཁང་གི་འགྲམ་དུ་དེ་སྔ་ཀྲོའུ་བང་སོའི་རྡོ་སྟེགས་ཆེན་པོ་ཞིག་ཡོད་པ་དེ་ཀྲོའུ་ཁྲུའུ་ཡི“གསེར་ཁྲབ་བང་སོ”ཡིན་པ་དང་།ཀྲོའུ་རྒྱལ་པོའི་ལྷ་ཁང་གི་ཞའོ་ཧོའུ་ཕོ་བྲང་དུ་ད་དུང《ནུབ་རྒྱུད་བདེ་འགོད་དམག་དཔོན་ཀྲོའུ་ཧྥུ་ཅུན་གྱི་རྡོ་རིང》ཞེས་པ་ཞིག་ཉར་ཚགས་བྱས་ཡོད། དེ་ནི་ཅང་སུའུ་ཞིང་ཆེན་དབྱི་ཞིང་གི་ཆེས་མིང་དུ་གྲགས་པའི་རིག་དངོས་ཁྲོད་ཀྱི་གཅིག་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།