དཀའ་ཁག་ལ་མགོ་མི་སྒུར་བའི“ཧྲུའུ་ཅི་དང་པོ།”

“དཔྱད་དཔོག་ཚན་ཆུང་སྡེ་བའི་ནང་དུ་ཡོང་ནས་དཔྱད་དཔོག་ཞིབ་བཤེར་བྱེད་ཀྱིན་འདུག འདིའི་སྐབས་སུ་ང་མེད་ན་ག་ལ་ཆོག”ཟེར་བཞིན་དཀའ་ཁག་ལ་མགོ་མི་སྒུར་བའི་ཨུ་ཚུགས་ཅན་ལི་ཅིན་ཧྲེང་གིས་ཁྱིམ་མི་རྣམས་ཀྱི་བཀག་འགོག་ཇི་མི་སྙམ་པའི་ངང་སྣང་མེད་དུ་བསྐྱུར་ཏེ། ཨུ་ཚུགས་མཐར་སྐྱེལ་གྱིས་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ཚན་སྨན་ཁང་ནས་བུད་དེ་ཕྱིར་སྡེ་བའི་ནང་དུ་ལོག་སོང་།

དེའུ་གོང་སྡེ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་ས་བབ་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3000ཡོད་པའི་རི་སྒང་ཆེན་པོའི་འདབས་རོལ་ཏུ་ཆགས་ཡོད་ལ། སྡེ་བ་དེ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་གྲོང་སྡེ་ཞིག་ཡིན་ཞིང་། གནས་དེའི་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་མི་བཟང་བའི་ཁར། འགྲིམ་འགྲུལ་ཡང་སྟབས་མི་བདེ། ལོ་ན60ལ་སོན་པའི་ལི་ཅིན་ཧྲེང་གིས་སྡེ་བ་དེའི་ནང་དུ“ཧྲུའུ་ཅི་དང་པོ”ཡི་ལས་འགན་ཁུར་ཡོད།

“དགེ་རྒན་ལི་ལགས། ཁྱོད་རང་ཅིའི་ཕྱིར་ཕྱིར་ཡོང་བ་ཡིན། ”གློ་བུར་དུ་ཕྱིར་ཐོན་པའི་ལི་ཅིན་ཧྲེང་མཐོང་བ་ན། གཅན་ཚ་རྫོང་ཁྲལ་དོན་ཅུས་ཀྱིས་ཆེད་མངགས་བཀོད་སྒྲིག་བྱས་ནས་ཡོང་བའི་སྡེ་སྡོད་ལས་བྱེད་པ་ཝང་ཞིན་ངོ་མ་ཧ་ལས་ཧང་སངས་ཤིང་།“ཁྱོད་ཀྱི་ནད་འདི་འདྲའི་དུས་ཡུན་ཐུང་ངུའི་ནང་མགྱོགས་པོར་དྲག་སོང་ངམ”ཞེས་དྲིས། “ད་སྐྱོན་མེད་ཀི། བྱ་བ་གཙོ་བོ་ཡིན་པས་མྱུར་བར་སྒྲུབ་ཏུ་ཡོང་བ་ཡིན”ཞེས་བཤད་ཚར་མ་ཐག་ལི་ཅིན་ཧྲེང་རང་ཉིད་ཀྱི་བྱ་བའི་ཁྲོད་དུ་སྤྲོ་བས་ཞུགས།

ལི་ཅིན་ཧྲེང་གིས་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་བསྒྲུབས་ནས་ལོ་ངོ་དྲུག་ལྷག་འགོར་ཟིན་པ་དང་། དུས་ཡུན་རིང་པོར་ས་བབ་མཐོ་བའི་ས་གནས་བརྟན་སྲུང་བྱས་ནས་བསྡད། ཁོའི་ཆུང་མའི་ངག་ནས་ཤེས་གསལ་ལྟར་ན་ཁོ་ལ་ཕོག་པ་ནི་རིམ་པ་གཉིས་པའི་ཁྲག་ཤེད་མཐོ་བའི་ནད་རེད།

ཐོག་མའི་བསམ་ཚུལ་ཡིན་ན་ལོ་སྟོད་དུ་སྨན་ཁང་ལ་བསྡད་ནས་གསོ་བཅོས་བཟང་པོ་ཞིག་བྱེད་རྩིས་ཡིན་མོད། འོན་ཀྱང་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བས། ལི་ཅིན་ཧྲེང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་གཞན་གྱི་ཁ་ཏ་བསླབ་བྱ་ལ་ཡང་མི་ཉན་པར་རྒྱ་ལོ་ཚེས་གཉིས་ཀྱི་ཉིན་ཕྱིར་སྡེ་བའི་ནང་དུ་སླེབས་བྱུང་།

ན་ནིང་ལོ་མགོར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ། དགེ་རྒན་ལི་ལགས་ཀྱིས་རྟག་ཏུ་སྨན་མང་པོ་འཐུང་བཞིན་ཡོད་པ་མཐོང་ལ། རང་ཉིད་ཀྱི་ནད་ལ་ཁ་ཡ་ཅུང་ཙམ་ཡང་མི་བྱེད་པར་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་ཕྱིན་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། སྡེ་འདབས་ཀྱི་ས་ཚིགས་སུ་རྒྱུན་པར་མཚན་མོ་ལས་རེས་བྱེད་ཀྱིན་ཡོད་པས། སྡེ་མི་རྣམས་ཀྱིས་བཤད་རྒྱུར། “ཧྲུའུ་ཅི་ལི་འདིར་བསྡད་ན། ང་ཚོའི་སེམས་ཁ་བདེ”ཟེར།

དེའུ་གོང་སྡེ་བ2018ལོར་དབུལ་ཐར་མངོན་འགྱུར་བྱུང་སྟེ་དབུལ་ཕོངས་གྲས་ནས་ཕྱིར་འཐེན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་ཧུར་ཐག་གིས་སྤེལ་བའི་ཆེད་དུ། ལི་ཅིན་ཧྲེང་གིས་སྔར་བཞིན་ཕྱོགས་མང་པོ་ནས་མ་དངུལ་བསྡུ་རུབ་གྲབས་གསོག་བྱས་ཏེ་སྡེ་བའི་ཐུན་མོང་འཕེལ་རྒྱས་གཏོང་བའི་ཕྱོགས་དང་། དབུལ་ཕོངས་ཁྱིམ་ཚང་གི་ཉེན་ཁང་བསྒྱུར་བཀོད་བྱེད་པ། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་གི་ཆ་སྡེབ་ངོས་འཛིན་འཐུས་ཚང་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་སྤེལ་བའི་ཐད་བཀོལ་བ་དང་། དེ་ནས་ཧུར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། ཧུར་ཐག་གིས་ཏང་ཀྲི་པུའུ་མཛའ་འབྲེལ་མཉམ་འཛུགས་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ་རེད།

ལོ་ངོ་མང་པོ་ཞིག་གི་རིང་ལ། ལི་ཅིན་ཧྲེང་གིས་ཁྲལ་དོན་ལས་བྱེད་པའི་གཟབ་ནན་དང་འགན་འཁུར་བའི་བྱ་བའི་སྤྱོད་ཚུལ་བཟང་པོ་དེ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ། དབུལ་སྐྱོར་རོགས་རམ་གྱི་སྐབས་སུ“མེ་ཏོག་གཙགས”པ་ལྟ་བུའི་སེམས་ཤུགས་དང་བརྩེ་ཞེན་དང་སྟོབས་ཤུགས་ཡོད་ཚད་ཕངས་མེད་དུ་བཏོན། 2019ལོའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་པའི་སྔ་རོལ་དུ། ཁོས་གཅན་ཚ་རྫོང་ཁྲལ་དོན་ཅུས་དཔྱ་ཁྲལ་དྲིལ་སྒྲོག་ཡན་ལག་རུ་ཁག་ཆུང་བ་རྒྱང་ཐག་རིང་བའི་དཀར་བོ་ནང་བཅའ་སྡོད་སློབ་གྲྭར་ཁྲིད་ཡོང་ནས། མི་རིགས་སོ་སོའི་བྱིས་པ་ཚོ་དང་མཉམ་དུ་དུས་ཆེན་གྱི་སྤྲོ་དགའི་དཔལ་ལ་རོལ། ལི་ཅིན་ཧྲེང་གིས་བཤད་རྒྱུར།“ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བཀོལ་ནས།སྡེ་མི་རྣམས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ལྕག་བཏང་སྟེ་མཐུན་སྒྲིལ་མཛའ་བརྩེ་ཆགས་པར་བྱེད་དགོས་པ་མ་ཟད། བྱིས་པ་ཚོས་དཀའ་སྤྱད་སྡུག་རུས་ཀྱིས་དཔེ་ཆ་འདོན་པར་ཡང་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པ་དང་། དུས་གཏན་དུ་དབུལ་ཐར་འབྱུང་བ་མངོན་འགྱུར་བྱེད་དགོས”ཞེས་སྨྲས།

གཅན་ཚ་རྫོང་ཁྲལ་དོན་ཅུས་ཀྱི་ཏང་ཨུའི་མགོ་ཁྲིད་ཚན་ཁག་གིས་ལི་ཅིན་ཧྲེང་གི་གཟུགས་གཞི་བདེ་ཐང་མིན་པའི་གནས་ཚུལ་ལ་བསམ་གཞིགས་བཏང་སྟེ། ཐེངས་མང་པོར་ཁོ་ལ་ཁ་བརྡ་བྱས་ནས། ཁོ་རང་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོའི་དཀའ་ཚེགས་ཆེ་བའི་བྱ་བའི་ཁྲོད་ནས་ཕྱིར་འཐེན་རྒྱུའི་རེ་བ་བཏོན་མོད། འོན་ཀྱང་ཁོས་ཐེངས་རེ་རེར་ཚིག་འཇམ་པོའི་སྒོ་ནས་མི་འཐད་པའི་བརྡ་ལན་བསློགས། ཁོའི་སྐད་ཆ་ལྟར་བཤད་ན། ཁོས་གནད་ཁེལ་དབུལ་སྐྱོར་གྱི་དོན་དག་ཕྲན་ཚེགས་རེ་རེ་དངོས་སུ་མིག་གིས་མཐོང་ནས་བདེན་དཔང་བྱས་ཡོད་པས། མིག་སྔའི་འཚོ་བ་ཕུན་སུམ་ཚོགས་ཤིང་སེམས་ཁམས་བདེ་མོས་བརྟན་པོར་འགྲོ་ཆོག་ལ། ཁོས་འཐབ་ཕྱོགས་དང་པོའི་བྱ་བ་ཚང་མ་ཚར་རེག་བར་དུ་བརྟན་སྲུང་བྱས་ནས་འདུག་འདོད་ཟེར།

ལི་ཅིན་ཧྲེང་གི་ལས་གྲོགས་ཝུན་ཅི་མིང་དབུལ་སྐྱོར་རོགས་རམ་གྱི་བྱེད་སྒོར་ཞུགས་པའི་རྗེས་སུ་ཚོར་སྣང་ཟབ་མོ་ཡོད་པའི་ངང་དབུགས་རིང་ཞིག་འབྱིན་ཞོར་བཤད་རྒྱུར། “ལི་ཅིན་ཧྲེང་ནི་ཏང་ཡོན་ཞིག་ཡིན་པ་དང་། སྔོན་ཆད་ད་དུང་དམག་མི་ཡིན། ད་ལྟ་ནི་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ཁྲལ་དོན་མི་སྣ་ཞིག་ཡིན། དགེ་རྒན་ལི་ལ་མཚོན་ནས་བཤད་ན། ཉིད་ཀྱི་ཐོབ་ཐང་རེ་རེ་ཚང་མ་ཧ་ཅང་གཟི་བརྗིད་ལྡན་པ་དང་ཚང་མར་འགན་འཁྲི་གལ་ཆེན་རེ་དཀྲིས་ནས་ཡོད།”

ལི་ཅིན་ཧྲེང་གི་སྐོར་གླེང་ཡོང་ཚེ། གཅན་ཚ་རྫོང་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་མཱ་ཀྲེང་ལུང་གིས་བཤད་དོན།“ལི་ཅིན་ཧྲེང་ནི་ང་ཚོའི་མིག་དཔེ་བལྟ་ས་ཡིན”ཞེས་བརྗོད་པ་དང་། མཱ་ཀྲེང་ལུང་གི་བྱ་བའི་ཟིན་བྲིས་སྟེང་དུ་ལི་ཅིན་ཧྲེང་ལ་གདེང་འཇོག་བྱས་པའི་སྐད་ཆ་དུམ་བུ་ཞིག་འདི་ལྟར་བྲིས་ཡོད་དེ། “ཁོ་རང་མི་དྲང་མོ་ཞིག་ཡིན་པ་དང་། བདེན་པ་བདེན་དྲང་གིས་འགན་འཁྲི་ཕྲག་ཏུ་བླངས་ནས། ཁུར་འགན་ལ་བློ་སེམས་དཀར་ཞིང་འབད་འབད་དུང་དུང་གིས་རང་ཉིད་ཀྱི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྲལ་དོན་མི་སྣའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཤིག་མངོན་བཞིན་ཡོད། མི་ཕལ་བའི་དྲང་བདེན་གྱི་བྱ་སྤྱོད་ཐོག་ནས་ཁྲལ་དོན་མི་སྣའི་བསམ་པའི་ཉམས་འགྱུར་ཞིག་ལེགས་པར་མངོན་བཞིན་ཡོད། །”

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།