ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་མ་འོངས་ལ་སྔར་ལས་བདེ་སྐྱིད་ལྡན་ངེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཤད་མཁན་ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དྷི་མདའ་ཞང་གྲོང་གྲུ་སྡེ་བའི་སྡེ་དམངས་བསོད་བདེ་ཡིན།

སླར་ཡང་ལོ་གསར་ཐོན་ལ་ཉེ་བ་སེམས་སུ་དྲན་ཚེ། ང་རང་དགའ་སྤྲོ་ཚད་མེད་སྐྱེས་ལ། ལྷག་པར་དུ་ཉེ་བའི་ལོ་གསུམ་གྱི་རིང་ལ། ངེད་ཚང་གི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་སྐྱིད་རེད།

ལོ3གྱི་ཡར་སྔོན་ལ། ངའི་ཆུང་མ་དབང་བོ་སྐྱོན་ཅན་ཡིན་སྟབས་ལས་ཀ་ལས་མི་ཐུབ་པ་དང་། ཨ་ཕར་ཡང་ཀླད་རྩ་འགག་པའི་ནད་བྱུང་བས། ཁྱིམ་ཚང་ཧ་ཅང་དབུལ་བོ་ཡིན། ང་ཚོའི་སྡེ་བར་ཁོད་ཡངས་པའི་རྩྭ་ཐང་མེད་པ་དང་། མང་ཆེ་བར་ནགས་ར་དང་ཞིང་ས་ཉུང་ཙམ་ལས་མེད། འཚོ་ཚིས་ཀྱི་ཕྱིར་དུ་ངས་རང་ཁྱིམ་གྱི་སྤྱི་ཆིང0.2ཙམ་ལས་མེད་པའི་ས་ཞིང་གི་སྟེང་དུ་ནས་བཏབ་པ་དང་། སྨན་རྩྭ་བརྐོ་བའི་དུས་ལ་ཐོན་ཚེ། རི་མགོར་སོང་ནས་སྨན་རྩྭ་བརྐོས་ཏེ་སྒོར་མོར་བརྗེ་བཞིན་ཡོད། ལོ་ཧྲིལ་པོའི་ནང་སྒོར་ཉིས་སྟོང་ལྷག་ལོན་ཐུབ་ན་རབ་རེད།

སྡེ་བའི་ལས་བྱེད་པས་ངེད་ཚང་གི་གནས་ཚུལ་ཤེས་རྗེས་ང་རང་བཙལ་ཏེ། སྡེ་བས་ཐུན་མོང་དཔལ་འབྱོར་གཉེར་རྩིས་ཡོད་པ་བཤད་ཞོར། སྡེ་བའི་ཐུན་མོང་དཔལ་འབྱོར་གཉེར་ཚུལ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཕན་ཆ་ཞིབ་མོར་ངོ་སྤྲོད་བྱས་པ་ན། ངའི་བསམ་པར་དེ་ནི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐབས་ལམ་ལེགས་པོ་ཞིག་རེད་སྙམ།

2019ལོའི་ལོ་གསར་གྱི་སྔོན་དུ། ང་རང་དངོས་སུ་མ་རྐང་དུ་ཞུགས་པར་མ་ཟད། རང་ཁྱིམ་གྱི་ས་ཞིང་ཕྱེད་ཀའི་སྟེང་དུ་ནས་ནག་དང་འཁྲིལ་རྩྭ་བཏབ། སྟོན་དུས་ནས་ནག་དང་འཁྲིལ་རྩྭ་སྡེ་བར་བཙུགས་པའི་ལས་སྣོན་བཟོ་གྲྭས་གཅིག་གྱུར་ངང་ཉོ་བསྡུ་བྱས་ཁར། ངས་རི་མགོ་ནས་འཐུས་པའི་ཤ་མོ་ཡང་བཟོ་གྲྭས་བསྡུས་པས། ལོ་དེའི་ལོ་མཇུག་ལ། སྡེ་བས་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་དུས་ང་ལ་སྒོར་ལྔ་སྟོང་ཐེམས། དེ་ངའི་སྔོན་ཆད་ཀྱི་ཡོང་འབབ་དང་བསྡུར་ན་ལྡབ་གཅིག་གིས་ཇེ་མང་དུ་སོང་།

2020ལོར། ངས་རང་ཁྱིམ་གྱི་ས་ཞིང་ཡོད་ཚད་ཀྱི་སྟེང་དུ་ནས་ནག་དང་འཁྲིལ་རྩྭ་བཏབ་པ་དང་། རང་གིས་ཀྱང་རྐང་གསུམ་འཁོར་ལོ་ཞིག་ཉོས་ཏེ། ལས་སྣོན་བཟོ་གྲྭའི་ཚོང་ཟོག་ཁོ་ན་དྲུད། ལོ་ཧྲིལ་པོའི་ནང་། ངའི་ཡོང་འབབ་ཀྱི་ཡོང་ཁུངས་ཏེ་སྣ་གཅིག་ཅན་གྱི་ཞིང་འདེབས་པ་དང་སྨན་རྩྭ་བརྐོ་བ་ནས་ད་ལྟའི་ཁེ་སྤོགས་བགོ་བ་དང་། འདེབས་འཛུགས་དང་སྐྱེལ་འདྲེན་བཅས་སུ་གྱུར་ཡོད། 2020ལོར་ང་ཡང“སྒོར་ཁྲི་ཅན་གྱི་དུད་ཁྱིམ”དུ་གྱུར།

གྲོང་གྲུ་སྡེ་བར། ང་དང་འདྲ་བའི་སྡེ་དམངས་མང་པོ་ཞིག་གིས་ཏང་དང་སྲིད་གཞུང་གིས་ང་ཚོར་བསྐྱལ་ཡོང་བའི་འཕེལ་རྒྱས་ཀྱི་ཁེ་འབབ་ལོངས་སུ་སྤྱད་དེ། འཚོ་བ་ཇེ་སྐྱིད་དུ་སོང་ཡོད། ད་ལོར། ང་མུ་མཐུད་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་རྒྱུ་ཡིན་ལ། མུ་མཐུད་དུ་ལྗང་མདོག་ཐོན་ལས་ཀྱི་རྗེས་བསྙེག་རྒྱུ་ཡིན། ང་ཚོའི་མ་འོངས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ང་རང་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།