ཀྲུང་གོ་བོད་ཀྱི་དྲ་བ།

གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཚོ་བ་གསར་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་གཞུང་གི་དུས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྟེ་མཚོ་ངོས་ལས་མཐོ་ཚད་ལ་སྨི4500ཡོད་པའི་ས་འདི་རུ། གྲང་རླུང་རུས་པར་ཟུག་པ་ལྟ་བུའི་ཚོར་བ་སྦྱིན་མོད། འོན་ཀྱང་རྨ་ཁྲ་ལི་གྲོང་རྡལ་གྱི་གནས་སྤོར་སྡེ་གསར་དུ། ལྷས་ར་ཅན་གྱི་ཁྱིམ་གཞིས་གསར་པས་སྦྲ་གུར་དང་ས་ཕག་གི་ཁང་པའི་ཚབ་བྱས་པ་དང་། སྡེ་དམངས་རྣམས་ཀྱིས་གྱོན་པ་སྲབ་མོ་རེ་གྱོན་ཏེ་ཁྱིམ་ནས་གློག་ཐབ་ལ་བསྐོལ་བའི་འོ་ཇ་འཐུང་བཞིན་དྲ་ཐོག་གི་བརྙན་འཕྲིན་ལ་བལྟས་འདུག ཁྱིམ་གྱི་དྲོད་གྲང་དཔྱད་ཆས་ལས་མངོན་པ་ལྟར་ན། ཁང་པའི་ནང་གི་དྲོད་ཚད་ཏུའུ22ལ་སླེབས་ཡོད།

“རྨ་ཆུའི་མགོ་ཁུངས”སུ་འབོད་པའི་རྨ་སྟོད་རྫོང་གི་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་གྲང་གོར་ཐིག་མན་གྱི་ཏུའུ4ཡིན་ལ། དབྱང་དབུགས་འདུས་ཚད་མཚོ་ངོས་ཀྱི59﹪ཙམ་ལས་མེད། གནམ་གཤིས་བཙོག་ཁར། འགྲིམ་འགྲུལ་སྟབས་མི་བདེ་ལ། གོ་རྒྱུ་ཚོར་རྒྱུ་ཉུང་བ་བཅས་ཀྱི་དབང་གིས། ཐོན་ལས་རོགས་སྐྱོར་བྱེད་མགོ་རྩོམ་དཀའ་བ་དང་། འཕེལ་རྒྱས་སུ་གཏོང་དཀའ་ལ། གྲུབ་འབྲས་ཀྱང་ལོན་དཀའ་བས། བར་སྐབས་ཤིག་ལ་མགོ་ལོག་ཁུལ་གྱི་འཕེལ་རྒྱས་ཆེས་རྗེས་ལུས་དང་། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཆེས་ཞན་སའི་རྫོང་ཡིན།

2016ལོ་ནས་བཟུང་ཡུལ་དེར་འགྱུར་ལྡོག་འབྱུང་མགོ་བརྩམས་པ་སྟེ། རྒྱལ་ཁབ་གློག་དྲ་ཀུང་སིས་ས་ཁོངས་ལས་བརྒལ་བའི་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ། ན་གོར་མོ་གྲོང་ཁྱེར་ནས་ཀྲའོ་ཝ10ཅན་གྱི་འོད་ཧྥུ་དབུལ་སྐྱོར་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་པ་དང་། གློག་འདོན་ས་ཚིགས་ཀྱི་ཡོང་འབབ་ཡོད་ཚད་རྨ་སྟོད་རྫོང་གི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པའི་ཐད་སྤྱད། རྨ་ཁྲ་ལི་གྲོང་རྡལ་གྱི་གཞན་སར་གནས་སྤར་བའི་སྡེ་གསར་གྱིས་སྡེ་བ་འདིའི་འོད་ཧྥུའི་ཡོང་འབབ་ཀྱི་ཆ་དྲུག་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པའི་ཐད་སྤྱད་པ་དང་། ཆ་བཞི་དབུལ་སྐྱོར་མ་དངུལ་བྱས་ཏེ་དུད་ཁྱིམ་སོ་སོར་བགོས་སྟབས། གནས་དེ་གའི་དབུལ་ཕོངས་དུད་ཁྱིམ་གྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་།

2017ལོར། སྡེ་གསར་གྱི་བཀྲ་ཤིས་ཚེ་རིང་ཚང་གིས་འོད་ཧྥུའི་དབུལ་སྐྱོར་གྱི་ཁེ་སྤོགས་མ་དངུལ་རེབ་དང་པོ་སྤྱད་དེ་ཕྱུགས་ལས་གསོ་སྤེལ་བྱེད་མགོ་བརྩམས། “གློག་འདོན་ས་ཚིགས་ཀྱིས་གློག་བཏོན་པའི་ཁེ་སྤོགས་ཀྱིས་ཁྱིམ་ཚང་གང་བོར་ཡུན་རིང་བརྟན་འཇགས་ཀྱི་ཡོང་འབབ་ཡོད་དུ་བཅུག་ཁར། ཕྱུགས་ལས་གསོ་སྤེལ་བྱས་པས། ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི1ལས་བརྒལ་ལ། ཡོང་འབབ་དེ་སྔོན་ཆད་དང་བསྡུར་ན་ལྡབ་གཉིས་ཙམ་འཕར་ཡོད།”

བཀྲ་ཤིས་ཚེ་རིང་གིས་འགྲུལ་ཁང་ནང་གསར་དུ་ཉོས་པའི་གཤེར་ཤེལ་བརྙན་འཕྲིན་འཕྲུལ་ཆས་དང་། གློག་ཁབ་ལེན་གྱི་ཐབ་ཀ་དང་། རླབས་ཕྲན་ཐབ་ཀ་བཅས་གསར་འགོད་པར་སྟོན་ཞོར་བཤད་རྒྱུར། རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ནི་བྱ་རྒོད་པོས་ནམ་འཕང་གཅོད་པ་ལྟར་ཇེ་མཐོ་དང་ཇེ་མགྱོགས་ཡིན་པའི་སྣང་བ་ཞིག་འདུག་ཟེར། འདས་མ་ཐག་པའི2020ལོར། བཀྲ་ཤིས་ཚེ་རིང་གིས་འོད་ཧྥུའི་ཁེ་སྤོགས་བགོས་པའི་མ་དངུལ་སྤྱད་དེ་ཡང་བསྐྱར་འཚེམ་འཁོར་འཕྲུལ་ཆས་ཁག་ཅིག་ཉོས་ཏེ། ཁྱིམ་ནས་བོད་ལྭ་ཐོན་སྐྱེད་དང་ལས་སྣོན་གྱི་ཚོང་གཉེར་མགོ་བརྩམས་པས། འོད་ཧྥུའི་ཁེ་སྤོགས་དང་། ཕྱུགས་ལས་གསོ་སྤེལ། གྱོན་པ་ལས་སྣོན་བཅས་ཀྱི་ཡོང་འབབ་སྣ་གསུམ་ཐོབ་ཀྱིན་ཡོད།

ཁ་བརྡ་བྱེད་སྐབས། བཀྲ་ཤིས་ཚེ་རིང་གི་བུ་མོ་ཆུང་བ་གཡང་སྐྱིད་གཉིད་ལས་སད་བྱུང་། མོས་ཕག་ཕྲུག་ཕའེ་ཆི་ཡི་རི་མོ་དཔར་ཡོད་པའི་བྱིས་པའི་ཉལ་ཐུལ་དེ་ཟུར་ལ་དེད་རྗེས། མལ་ཁྲི་ལས་བབས་ཏེ་རྐང་རྗེན་དུ་ཤིང་གཅལ་བཏིངས་པའི་འགྲུལ་ཁང་དུ་བརྒྱུགས་ཤིང་། ཆུ་ཚོན་སྨྱུ་གུ་བླངས་ཏེ་གསར་འགོད་པར་བུ་བཅོལ་ཁང་ནས་བསླབས་པའི་རི་མོ་འབྲི་ཚུལ་གྱི་ནུས་རྩལ་བསྟན།

“ཕུ་བོ་དང་ཨ་ཅེ་རྣམས་དང་བསྡུར་ན། མོའི་འཚོ་བའི་ཆུ་ཚད་ཤིན་ཏུ་བཟང་བ་རེད”ཅེས་བཀྲ་ཤིས་ཚེ་རིང་གིས་བསྡུར་མགོ་བརྩམས་བྱུང་། “བུ་ཆེ་བ་ཆུང་དུས་ཞོར་ཟས་ཤ་སྐམ་ལས་མེད་ལ། རི་མོ་འབྲི་ན་རྡེའུ་ཞིག་སྤྱད་དེ་ས་ངོས་སུ་འབྲི་དགོས།”

ད་ལྟའི་འཚོ་བ་སྔོན་ཆད་དང་བསྡུར་ཚེ། དངོས་གནས“གནམ་ས་བླ་འོག་བསྒྱུར་བ”ཞེས་དཔེ་འཇོག་བྱེད་ཆོག ཤིང་གཅལ་གྱི་ཞབས་སུ་བཏིངས་པའི་ས་འོག་ཚ་ཐབ་ཀྱིས་ལྕི་བ་དང་རྡོ་སོལ་ལ་བརྟེན་ནས་དྲོད་ལེན་པའི་ཚབ་བྱས་པ་དང་། འཁྱག་སྒམ་གྱིས་ཤ་ཁང་གི་ཚབ་བྱས་ལ། གློག་ཁབ་ལེན་གྱི་ཐབ་ཀ་དང་གཞི་གཅིག་ཅན་གྱི་གསོལ་ཅོག་གིས་མེ་ཐབ་ཀྱི་ཚབ་བྱས་པ་དང་། དྲ་ལམ་བརྙན་འཕྲིན་གྱིས་ཁང་ཀླད་དུ་བཀལ་པའི“ཟངས་ཆེན”གྱི་ཚབ་བྱས།

བཀྲ་ཤིས་ཚེ་རིང་གིས་ད་ལོར་གློག་ཀླད་ཅིག་ཉོས་ནས་ཕྱི་རུ་ཞོར་ལས་སུ་སོང་བའི་བུ་ཆེ་བ་ཡུལ་ལ་བོས་ནས། ཁོར་དྲ་ཚོང་བྱེད་དུ་འཇུག་རྩིས་ཡོད་ལ། ཚོང་རྫས་ནི་རང་གིས་ལས་སྣོན་དང་ཐོན་སྐྱེད་བྱས་པའི་བོད་ལྭ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།