ཀྲུང་གོ་བོད་ཀྱི་དྲ་བ།

གསེར་དོང་ཙེ་གཅིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྲ་ཉིང་པོ་ལོའུ་ཁུ་ཡིས་བརྩམས།(ཨ་རི)འབྲུག་བྱམས་ཐར་གྱིས་བསྒྱུར།   སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་ཞོད་འཇགས་སུ་སོང་བར་བསྟུན། ཧྥ་རན་སེའི་དམག་མི་རྒན་པ་སྐོར་ཞིག་ཕྱིར་རང་ཡུལ་དུ་ལོག་ནས་ཕལ་ཆེ་བ་ཟས་གོས་གནས་མལ་ལ་སྡུག་མི་དགོས་པ་ཞིག་ཏུ་གྱུར། ཧྥུ་ལང་ཁུ་ལེ་པོར་དུག་རླངས་ཕོག་པས་སྔར་སོས་སུ་འགྱུར་མ་ནུས། ངལ་རྩོལ་གྱི་ནུས་པ་ཤོར་ཏེ་འཚོ་ཆས་ཤིན་ཏུ་ཉམ་ཐག་པར་གྱུར། ཡིན་ནའང་ལེ་པོ་ནི་རང་རྩིས་ཆེ་བ་ཅན་ཞིག་ཡིན་པས་སྤྱིར་གཞན་གྱི་གཏོང་བ་ལ་ལག་མི་བཟེད།

དམག་མི་རྒན་པ་དེ་དག་ལོ་རེར་ལྷན་འཛོམས་ཐེངས་རེ་བྱེད་པའི་སྲོལ་ཡོད་ཅིང་། ལོ་ཞིག་ལ་ཁོ་ཚོ་ཀྲུའུ་ལི་སི་ཀུ་ལུན་ཏེན་གྱི་ཁྱིམ་དུ་འཛོམས་ནས་དགའ་སྟོན་ལ་རོལ། ཀུ་ལུན་ཏེན་ནི་སྐུ་ཤ་རྒྱགས་ཤིང་ནོར་གྱིས་ཕྱུག་པ་ཞིག་ཡིན། མཚམས་ཤིག་ཏུ་ཁོས་གསེར་དོང་ཙེ་གཅིག་སྤྲོ་སྣང་ཆེན་པོས་ཀུན་གྱི་མཐོང་སར་བླངས་ཏེ། དེའི་གོང་ཐང་དང་། ལོ་རྒྱུས་རྒྱུ་མཚན་སོགས་ཞིབ་ཏུ་ཞུས། སྐུ་མགྲོན་རྣམས་ཀྱང་ཅོག་ཙེ་སྲིད་དུ་རིང་བ་དེའི་མཐའ་ལ་གནས་བཅས་ཏེ་ནོར་བུ་དེ་གཅིག་ནས་གཅིག་ལ་བརྒྱུད་པ་དང་དེར་སྙན་པའི་ཚིག་གིས་བསྟོད་བསྔགས་བྱས། ཁོ་ཚོས་དེ་ལྟར་དགྱེས་སྤྲོ་ཕུད་བཞེས་ཀྱིས་དུས་བདའ་བར་བྱེད་དོ། །དེའི་ཚེ་ཀུ་ལུན་ཏེན་གྱི་ཞེ་ལ་འཁོར་བའི་གསེར་གྱི་དོང་ཙེ་དེ་གར་སོང་ཆ་མེད་དུ་གྱུར།

གཞི་མགྲོན་ཀུན་བྱ་ཚང་ལ་རྡོ་འཕངས་པ་ལྟར་འུར་ཆིལ་ལེར་སོང་ཞིང་ཕན་ཚུན་ལ་ཡུས་འཁང་ཆེ་བར་བྱས། མཐར་གྲལ་མི་གཅིག་གིས་ལུས་གློངས་པའི་གྲོས་བཏབ་པ་ན། ལེ་པོ་གཅིག་པུ་མ་གཏོགས་ཐམས་ཅད་བསམ་པ་མདུང་ཡུ་གཅིག་པའི་དཔེ་རུ་སོང་། གྲོགས་པོ་ཡོངས་ལེ་པོའི་སྤྱོད་ཁྱེར་ལ་འཚིག་པ་གཏིང་ནས་ཟོས།

“ཁྱོད་ལུས་གློངས་རྒྱུར་འཐད་པ་མིན་ནམ།” ཀུ་ལུན་ཏེན་གྱིས་དེ་ལྟར་དྲིས།

“འོ་ལེ། ང་འཐད་པ་མིན།”ལེ་པོས་གདོང་དམར་ཐག་ཆོད་ནས་དེ་ལྟར་སྨྲས།

“ཁྱོད་ལུས་གློངས་པར་མ་འཐད་པ་དེས་ཅི་ཞིག་བསྟན་པ་ཤེས་སམ། ” ཀུ་ལུན་ཏེན་གྱིས་སླར་ཡང་ནན་ཏན་གྱིས་དྲིས།

“ངས་དོང་ཙེ་མ་ཁྱེར་བས་ལུས་གློངས་དགོས་པ་མེད། ” ལེ་པོས་ཕྱིར་ལན་བཏབ།

དེ་སྟེ་ལུས་སྔར་བཞིན་གློངས་དགོས་བྱུང་། སྐུ་མགྲོན་རྣམས་ཀྱིས་རང་རང་གི་ཁུག་མ་ཕྱིར་བསློགས་ནས་གློངས་པར་བསྒུགས། ཡིན་ཡང་དོང་ཙེ་སྔར་བཞིན་རྙེད་མ་སོང་། མཐར་གཞི་མགྲོན་ཀུན་གྱི་བློ་རྩེ་སྔར་བཞིན་ཧྥུ་ལང་ཁུ་ལེ་པོའི་ཕྱོགས་སུ་གཏད།

“ཁྱོད་ཀྱིས་ད་རུང་ཨུ་ཚུགས་ཚད་རྒྱུ་ཡིན་ནམ། ” ཀུ་ལུན་ཏེན་གྱིས་སླར་ཡང་དེ་ལྟར་དྲིས་པ་ན། ཕོ་རོག་ལུས་དཀར་གྱི་ངང་ཚུལ་འཛིན་པའི་ལེ་པོ་ནི་དར་ཅིག་དགུན་གྱི་ཁུ་བྱུག་བཞིན་སྨྲ་བ་མེད་པར་ལུས། རྒྱུ་བདག་ཁྲོ་འཁྲུགས་དང་བཅས་སྒོ་ཕྱིར་ཐོན། ལེ་པོས་ཀྱང་ཁྲོམ་དཀྱིལ་གཤགས་ཏེ་ཐབས་ཟད་འུ་ཐུག་གིས་ཕྱིར་རང་ཁྱིམ་དུ་ལོག

དུས་དེ་ནས་བཟུང་ལེ་པོའི་མཚན་སྙན་ཟླ་བ་མར་འགྲིབ་པ་བཞིན་ཉམས་དམས་སུ་གྱུར། མི་རྣམས་ཀྱང་ཁོ་ལ་བསམ་གཟས་ནས་གཞའ་བར་བྱེད། ཉམ་ཐག་པའི་ལེ་པོ་ཡུན་རིང་པོར་ཕོངས་བཀྲེན་གྱིས་མི་བཟོད་པ་བྱུང་གཤིས། མི་རིང་བར་བརྩེ་བའི་ཆུང་མ་ཡང་གནས་ཁྱིམ་དེ་དང་ཤི་བྲལ་བྱུང་།

ཐེངས་ཤིག་ཀུ་ལུན་ཏེན་ཚང་གི་སྡོད་ཁང་ཞིག་གསོ་ལ་རེམ་པའི་སྐབས་སུ་བསམ་ཡིད་ལས་འདས་པའི་དོན་ཞིག་བྱུང་སོང་། སྔར་བོར་བའི་གསེར་གྱི་དོང་ཙེ་ཡིད་དུ་འོང་བ་དེ་ལས་བཟོ་པ་ཞིག་གིས་སླར་ཡང་ཁང་པའི་མཐིལ་ཤིང་གི་གསེབ་ནས་རྙེད་ཅིང་ནག་མེད་ལ་ནག་འགེལ་བྱས་པའི་གཏམ་མི་སྙན་པ་དེ་ཡུལ་དེའི་ཐ་གྲུ་ཀུན་ལ་ཁྱབ། ཀུ་ལུན་ཏེན་ནི་བརྙས་པ་སྔོན་དུ་སོང་བས་ཤིན་ཏུ་གནོང་འགྱོད་སྐྱེས་ཏེ་བྲེལ་སྟབས་ཀྱིས་ལེ་པོའི་རྩར་ཕྱིན་ནས་དགོངས་དག་ངོས་ལེན་གྱི་གཏམ་མང་པོ་ཞུས།

“ སྤུན་ཆུང་། ཁྱེད་ཅི་འདྲའི་ཨུ་ཚུགས་ཆེ་བ་ལ། དོང་ཙེ་ཁྱེད་ཀྱིས་ཁྱེར་བ་མིན་ན་དེ་དུས་ལུས་གློངས་པར་མི་འཐད་དོན་ཅི།”

ལེ་པོའི་མིག་འབྱེད་འཛུམ་མེད་པར་ཀུ་ལུན་ཏེན་གྱི་གདོང་ལ་གཡེང་ནས།“མིན། སྐབས་དེར་ང་ནི་ངེས་དོན་གྱིས་རྐུན་མ་ཞིག་ཡིན་ཏེ། བསྟུད་མར་གཟའ་འཁོར་དུ་མའི་རིང་ལ་ངེད་རྒན་གཞོན་རྣམས་ལྟོགས་ནས་འཆི་ལ་ཁད་ཅིག་བྱས་པས། ངས་སྒྲོག་ཙེ་སྟེང་གི་སྟོན་ཟས་ཁ་རོག་གེར་ཁྱེར་ནས་རང་གི་ཆུང་མ་དང་བུ་གཉིས་ལ་བཟའ་བཏུང་ཡིད་ཚིམ་པ་ཞིག་སྤྱོད་དུ་འཇུག་བསམ་པ་ཡིན”ཞེས་སྨྲས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།