ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་བོད་གཏམ་དཔེ་ཡིག་སྒྱུར་བྱེད་ཐབས་སྐོར་གླེང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཟླ་བ་ཚེ་རིང་།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཏམ་དཔེ་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་། འཚོ་བ། སྤྱི་ཚོགས་ཀྱི་འབྲེལ་གཏུག་སོགས་ཀྱི་ནང་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཡུན་རིང་ཉམས་ཞིབ་དང་ཤེས་རྟོགས་གཏིང་ཟབ་བྱས་པའི་ཐ་སྙད་ཀྱི་སྤྱི་སྡོམ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་དང་ཤེས་ཡོན་གྱི་གསོག་འཇོག་ཅིག་ཀྱང་རེད། འདིར་གཙོ་བོ་གཏམ་དཔེ་དང་རིག་གནས་དབར་གྱི་འབྲེལ་བའི་ཐད་ནས་གཏམ་དཔེ་ཡིག་སྒྱུར་མ་བྱས་སྔོན་དུ་གཏམ་དཔེ་དང་རིག་གནས་བར་གྱི་འབྲེལ་བར་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་དང་། རྒྱུས་ལོན་གཏིང་ཟབ་བྱུང་བའི་རྨང་གཞིའི་ཐོག་གཏམ་དཔེ་ཡིག་སྒྱུར་གྱི་ལག་ལེན་དངོས་ལ་ཞུགས་དགོས་པའི་སྐོར་བརྗོད་ཡོད།

དང་པོ། རིག་གནས་དང་གཏམ་དཔེའི་བར་གྱི་འབྲེལ་བ།

མི་རིགས་གང་འདྲ་ཞིག་གི་གཏམ་དཔེ་ཡིན་རུང་། དེའི་ནང་མི་རིགས་གང་དེའི་ལོ་རྒྱུས་དང་རིག་གནས། རིན་ཐང་ལྟ་བ། ཡུལ་གོམས་གཤིས་ལུགས་སོགས་འདུས་ཡོད། གལ་ཏེ་སྐད་ཆ་ནི་རིག་གནས་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་ན། གཏམ་དཔེ་ནི་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཞིག་ཡིན་པས། གལ་ཏེ་རྒྱ་བོད་གཏམ་དཔེ་ཡིག་སྒྱུར་བྱེད་སྐབས་དོན་ཙམ་བསྒྱུར་བ་ལས་ངག་གི་སྒྱུ་རྩལ་ལ་དོ་སྣང་མ་བྱས་ཚེ་གཏམ་དཔེའི་ཚིག་ཉམས་ཐོན་མི་ཐུབ་ལ་ངག་གི་ནུས་པའང་ཉམས་འགྲོ་བས། ང་ཚོས་ཐོག་མར་གཏམ་དཔེའི་གོ་དོན་དང་ཤུགས་ཀྱི་བསྟན་དོན་ཏེ་རིག་གནས་དང་གཏམ་དཔེའི་བར་གྱི་འབྲེལ་བ་ལ་བསམ་གཞིག་ནན་ཏན་བྱེད་དགོས། གཏམ་དཔེ་འགའ་ཤས་ནི་རྒྱ་བོད་མི་རིགས་ཀྱི་གཏམ་དཔེའི་ནང་དུ་ཚིག་དོན་དང་ཤུགས་ཀྱི་བསྟན་དོན་སོགས་གཅིག་མཚུངས་ཡིན་པ་གང་མང་ཡོད་ལ། ཡང་གཏམ་དཔེ་ལ་ལ་ནི་དེ་ལྟར་མ་ཡིན་པར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་གང་མང་ཡོད། དཔེར་ན། 红光满面 赤胆忠心 一片赤心ལྟ་བུ་ལ་མཚོན་ན། རྒྱའི་རིག་གནས་ནང་ཁ་དོག་དམར་པོ་ནི་ལེགས་པའི་ཆ་དང་བཀྲ་ཤིས་པར་ངོས་འཛིན་བྱེད་པས། 赤ཞེས་པར་ལྷག་བསམ་དག་པ་དང་བཀྲ་ཤིས་པའི་མཚོན་དོན་ཡོད། འོན་ཀྱང་བོད་ཀྱི་རིག་གནས་ནང་ལྷག་བསམ་རྣམ་དག་དང་ཁ་དོག་དཀར་པོ་གཉིས་མཉམ་དུ་སྦྱར་བའི་སྲོལ་ཡོད་པ་མ་གཏོགས། སེམས་པ་དང་ཁ་དོག་དམར་པོ་མཉམ་དུ་སྦྱོར་སྲོལ་གཏན་ནས་མེད། ཡང་དཔེར་ན། 身在操营心在汉ཞེས་པའི་གཏམ་དཔེ་ནི་ལོ་རྒྱུས་དང་གཏམ་རྒྱུད་སོགས་དང་འབྲེལ་བ་ཟབ་མོ་ཡོད་པས། མ་གཞི་ཐད་ཀ་ཐད་སོར་བསྒྱུར་ན་བཟང་མོད། འོན་ཀྱང་གཏམ་དཔེའི་ངག་གི་སྒྱུ་རྩལ་དང་གཏམ་དཔེའི་ཤུགས་ཀྱི་ནང་དོན་ལེགས་པར་མཚོན་ཆེད། “འབྲུག་མོ་ཧོར་དང་བསམ་པ་གླིང”ཞེས་བསྒྱུར་ན་འོས་ཤིང་འཚམས་པ་ཡོད།

གཉིས་པ། རྒྱ་བོད་གཏམ་དཔེ་ཡིག་སྒྱུར་བྱེད་ཐབས།

གཏམ་དཔེ་དང་རིག་གནས་དབར་གྱི་འབྲེལ་བར་རྒྱུས་ལོན་གཏིང་ཟབ་བྱས་རྗེས། གཏམ་དཔེའི་ཡིག་སྒྱུར་དངོས་ཀྱི་ལག་ལེན་ཁྲོད། སྒྱུར་ཐབས་ཀྱང་གང་ལ་གང་འཚམས་ཀྱིས་སྤྱོད་མཁས་པོ་བྱེད་རྒྱུ་ནི་གཏམ་དཔེ་ཡིག་སྒྱུར་གནད་ལ་འཁེལ་པོ་ཡོང་བའི་འགག་རྩ་ཞིག་རེད། རྒྱའི་ལོ་ཙཱ་བ་ཅིས་ཤན་ལིན་གྱིས་ཡིག་སྒྱུར་ལ་མཚོན་ན། རྨང་གཞིའི་ཆུ་ཚད་ཇི་ལྟར་མཐོ་ནའང་མ་ཡིག་དང་ཉེ་མཚུངས་སུ་བསྒྱུར་བ་ལས་མ་ཡིག་གི་བརྗོད་དོན་དང་མཛེས་ཉམས་མཐའ་དག་ཡོངས་སུ་བསྒྱུར་མི་ཐུབ་ཅེས་གསུངས་པ་ལྟར། མ་ཡིག་དང་འགྱུར་ཡིག་གཉིས་ཀྱི་བར་དུ་ཕྱིའི་རྣམ་པ་དང་ནང་གི་བརྗོད་དོན་གང་རུང་གི་ཆ་ནས་གཟུགས་མེད་ཀྱི་བར་ཐག་ཅིག་ཡོད་པས། ལོ་ཙཱ་བས་རང་ནུས་ཅི་ལྕོགས་ཀྱིས་བར་ཐག་དེ་ཇེ་ཐུང་དུ་གཏོང་བ་ལས་རྦད་དེ་གཅིག་མཚུངས་སུ་མི་ནུས་པ་གསལ་པོར་བཏོན་ཡོད། རྒྱ་བོད་གཏམ་དཔེ་ཡིག་སྒྱུར་ལའང་དེ་ལྟ་བུའི་དཀའ་ཁག་ཅིག་རང་བཞིན་དུ་འཕྲད་ངེས་པས་རིག་གནས་ཀྱི་ཁྱད་པར་རྣམས་གསལ་པོ་རྟོཌ་པའི་རྨང་གཞིའི་ཐོག གཏམ་དཔེ་མི་འདྲ་བར་སྒྱུར་ཐབས་མི་འདྲ་བ་སྤྱད་དེ་བསྒྱུར་ན་ད་གཟོད་ནང་དོན་ཅུང་ལེགས་པོ་བསྒྱུར་ཐུབ།

གཅིག ཐད་སྒྱུར།

ཐད་སྒྱུར་ནི་རྒྱ་བོད་གཏམ་དཔེ་གཉིས་ཀྱི་གོ་དོན་འདྲ་བའམ་ཡང་ན་གོ་དོན་ཧ་ལམ་དོ་མཉམ་པའི་སྐབས་སུ་སྤྱོད་ཆོག་པའི་ཐབས་ཤིག་ཡིན་ཏེ། དཔེར་ན། 良药苦口利于病ཞེས་པར“སྨན་རོ་བསྐ་རུང་ནད་ལ་ཕན” 忠言逆耳利于行ཞེས་པར“ཤ་ཚའི་ཁ་ནས་གཏམ་སྙན་མེད”ལྟ་བུར་མཚོན་ན་བསྟན་དོན་དང་རྣམ་པ་གང་ཅིའི་ཐད་ཡོངས་སུ་མཚུངས་པའམ་ཡང་ན་ཕལ་ཆེར་མཚུངས་པའི་གཏམ་དཔེ་དེ་རིགས་ཐད་སྒྱུར་བྱས་ན་མ་ཡིག་དང་མཐུན་པའི་བརྡ་སྤྲོད་པའི་ནུས་པ་ཐོན་ཐུབ།

འོན་ཀྱང་། ཐད་སྒྱུར་བྱེད་སྐབས། དཔེར་ན། 捡起芝麻丢了西瓜ཞེས་པར་ཐད་ཀར་དུ“ཏིལ་འབྲུ་སྒྲུག་ནས་ཤིས་ཀྭ་བརླག”ཅེས་དང་། 空口说白话ཞེས་པར་“ཁ་སྟོང་པར་སྐད་ཆ་དཀར་པོ”ཞེས་དང་། 癞蛤蟆想吃天鹅肉ཞེས་པར་“སྦལ་པས་ངང་ཤ་ཟ་འདོད་པ”ཞེས་དང་། 聪明反被聪明误ཞེས་པར“སྤྱང་གྲུང་ལྡན་པ་གྲུང་པོས་བརླག”ལ་སོགས། ཐད་སྒྱུར་གྱི་ཐབས་ལམ་སྤྱད་ནས་བསྒྱུར་ན། གཅིག་ནས་བསྒྱུར་བྱའི་གཏམ་དཔེའི་ནང་དོན་གང་ཡིན་མི་ཤེས་པ་དང་། གཉིས་ནས་མ་ཡིག་གི་གཏམ་དཔེའི་མཚར་ཉམས་རྦད་དེ་ཡལ་འགྲོ་བ་མ་ཟད། གསུམ་ནས་བསྒྱུར་བའི་གཏམ་དཔེའང་སྙན་ཆ་དོད་པོ་ཞིག་ཡོང་དཀའ་བས་ལོ་ཙཱའི་དགོས་པ་ཡང་ཉམས་པ་ཡིན། དེས་ན་ང་ཚོས་ལོ་ཙཱའི་ཐབས་ལམ་གཞན་ཞིག་ལ་བརྟེན་དགོས།

གཉིས། དོན་སྒྱུར།

དོན་སྒྱུར་ཞེས་པ་ནི་མ་ཡིག་གི་ཚིག་འགྲོས་ཇི་བཞིན་བུ་ཡིག་ཏུ་ཐད་ཀར་བསྒྱུར་བ་ཞིག་མ་ཡིན་པར། བུ་ཡིག་གི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ་དང་། མ་ཡིག་གི་གོ་དོན་དང་མི་འགལ་བ། བུ་ཡིག་གི་ཀློག་པ་པོས་གོ་བདེ་བ་གཙོ་བོར་བཟུང་བའི་སྒྱུར་ཐབས་ཤིག་ཡིན་ཏེ། དོན་སྒྱུར་གྱི་ཐབས་ལ་བརྟེན་ནས་བསྒྱུར་པའི་གཏམ་དཔེ་ནི་བུ་ཡིག་གི་ཀློག་པ་པོར་མཚོན་ན་ངག་ནས་བརྗོད་བདེ་ལ་བསྟན་དོན་རྟོགས་སླ་བའི་ཁྱད་ཆོས་ལྡན་ཡོད། དཔེར་ན། 杀鸡焉用牛刀ལྟ་བུར་མཚོན་ན། བོད་ཡིག་ཏུ་ཡིག་སྒྱུར་བྱེད་སྐབས། ཐད་སྒྱུར་གྱི་ཐབས་ལ་བརྟེན་ནས“ བྱ་གསོད་པར་གླང་གྲི”ཞེས་སྒྱུར་ཆོག་མོད། འོན་ཀྱང་། བོད་པའི་བཤད་སྲོལ་ལ་མི་འགྲོ་ལ་གཏམ་དཔེའི་མཚར་ཉམས་ཀྱང་རང་བཞིན་གྱིས་ཡལ་འགྲོ་བས། དེའི་སྐབས་ང་ཚོས་བསྟན་དོན་འདྲ་མཉམ་ཡིན་པའི་བོད་ཀྱི་གཏམ་དཔེ“ཤིག་གསོད་པར་སྟ་རེ་འཕྱར་མི་དགོས”ཞེས་པས་ཚབ་བྱས་ཏེ་བསྒྱུར་ན་མ་ཡིག་གི་བསྟན་དོན་མཚོན་ཐུབ་པ་གང་ཞིག བུ་ཡིག་ནང་ཤིན་ཏུ་མཛེས་པ་ཞིག་རང་ཤུགས་སུ་ཡོང་ཐུབ། དེ་ལྟར་空口说白话ཞེས་པར“ཁ་བཤད་ཆུ་ཡི་ལྦུ་བ” 聪敏反被聪明误ཞེས་པར“མགོ་བདེ་པོའི་ཞྭ་མོ་བརླག” 留得青山在不怕没柴烧ཞེས་པར“མི་མ་ཤི་ཟོག་གི་སྡོང་པོ” 麻雀虽小,五脏俱全ཞེས་པར“རི་བོང་སུག་ལག་ཐུང་ཡང་། ལ་མོ་འདྲ་འདྲ་བརྒྱབ་ཡོད”སོགས་མ་ཡིག་གི་གཏམ་དཔེའི་ནང་དོན་ལ་གོ་བ་ལེན་པའི་རྨང་གཞིའི་འོག་ཏུ། སྒྱུར་བྱེད་མི་རིགས་ཀྱི་སྐད་ཆའི་ཉམས་དང་ལྡན་པའི་ངང་ནས་བསྒྱུར་ན་ལེགས།

གོང་གསལ་གྱི་སྒྱུར་ཐབས་གཉིས་ནི་རྒྱ་བོད་གཏམ་དཔེ་ཡིག་སྒྱུར་ཁྲོད་རྒྱུན་དུ་སྤྱོད་པའི་ཐབས་གཙོ་བོ་ཞིག་རེད། དེའི་ནང་ནས་ཐད་སྒྱུར་གྱི་སྒྱུར་ཐབས་ལ་ཆ་མཚོན་ན། རྒྱ་བོད་མི་རིགས་གཉིས་ཀྱི་ཐུན་མོང་གི་ཆ་རྣམས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མང་པོ་མཐོང་ཆོས་སུ་གྲུབ་གཤིས། གཏམ་དཔེ་དེ་དག་ཡིག་སྒྱུར་བྱེད་སྐབས་དཀའ་ངལ་དེ་ཙམ་མེད་ཅིང་། མ་ཡིག་གི་ནང་དོན་དང་རྣམ་པ་སྤྱིར་ན་ཇི་མ་ཇི་བཞིན་སྒྱུར་བྱེད་ཡིག་རིགས་ནང་ཐོན་ཐུབ་ལ། སྒྱུར་བྱེད་ཡིག་རིགས་ཀྱི་ཀློག་པ་པོས་གོ་བདེ་ཚེགས་མེད་དུ་དང་ལེན་བྱེད་ཐུབ། རྒྱ་བོད་གཏམ་དཔེའི་ཡིག་སྒྱུར་ཁྲོད། ལོ་ཙཱ་བས་ཐད་སྒྱུར་གྱི་ཐབས་ལམ་སྤྱོད་མཁས་པོ་བྱུང་ཚེ། སྒྱུར་བྱེད་ཡིག་རིགས་ཀྱི་གཏམ་དཔེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ཡོན་མང་པོ་ལྡན། རྒྱ་བོད་གཏམ་དཔེའི་ཡིག་སྒྱུར་ནང་དོན་སྒྱུར་གྱི་ཐབས་ལམ་འོས་ཤིང་འཚམས་པར་སྤྱད་ཐུབ་ན་མ་ཡིག་གི་གཏམ་དཔེའི་ནང་དོན་ལེགས་པར་མཚོན་ཐུབ་པ་མ་ཟད། གོ་བདེ་རྟོགས་སླ་བ་དང་མཚར་ཉམས་ལྡན་པ་ཡོང་ཐུབ་ཅིང་། བུ་ཡིག་གི་གཏམ་དཔེ་རྣམས་མ་ཉམས་རྒྱུན་འཛིན་ཡོང་ཐུབ།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།