ཀྲུང་གོ་བོད་ཀྱི་དྲ་བ།

ནོ་པེར་བྱ་དགའ།——རྒྱལ་སྤྱིའི་གཟི་བརྗིད་མཚན་སྙན་ཆེས་མཐོ་བའི་བྱ་དགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྗོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ལོ1901ལོའི་ཟླ12པའི་ཚེས10ཉིན་ཏེ།སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་ནོ་པེར་སྐུ་གཤེགས་ནས་ལོ་འཁོར་ལྔ་ལོན་པར་དྲན་གསོ་ཞུ་བའི་ཉིན་མོ་དེར། སུའེ་ཏེན་གྱི་རྒྱལ་པོས་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པ།གསོ་བ་རིག་པ། རྩོམ་རིག ཞི་བདེའི་བྱ་གཞག་བཅས་ཀྱི་ཐད་ནས“འགྲོ་བ་མིའི་དོན་དུ་བྱས་རྗེས་ཆེན་པོ་བཞག་པའི”མི་ལྔ་ལ་ནོ་པེར་བྱ་དགའ་གནང་། དུས་དེ་ནས་བཟུང་སྟེ་བགྲང་བྱ་གང་མང་གི་རིང་ལ་ནོ་པེར་བྱ་དགའ་དེ་འཇིག་རྟེན་སྐྱེ་བོ་ཀུན་གྱིས་ལས་རིགས་ཀྱི་ཆེས་མཐོ་བའི་མཚན་སྙན་གྲགས་སུ་བརྩིས་ཤིང་རྩི་བཞིན་ཡོད།

ནོ་པེར་བྱ་དགའི་སྐོར་གླེང་ཚེ།བྱ་དགའ་དེ་ཉིད་འཛུགས་མཁན་ནོ་པེར་མི་བཤད་རང་བཤད་རེད། ལོ་རྒྱུས་ཀྱི་དེབ་ཐེར་སྟེང་མཚན་སྙན་གྱི་གྲགས་པ་རབ་ཏུ་འབར་བའི་ཚན་རིག་པ་ཁོང་ཉིད་ནི། ལོ་ན་ཕྲ་བའི་དུས་སུ་ཕ་མ་དང་འགྲོགས་ནས་ཨུ་རུ་སུ་རྒྱལ་ཁབ་ཏུ་བྱེས་སྡོད་བྱས་ཤིང་། དགུང་ལོ15ཡི་སྟེང་ནས་ཐོག་མར་དབྱི་ཐ་ལི་དང་དབྱིན་ཇི། ཧྥ་རན་སི་དང་། དེ་ནས་ཨ་མེ་རི་ཁ་བཅས་ཀྱི་རྒྱལ་ཁབ་ཏུ་སོང་ནས་སློབ་གཉེར་བྱས། ཕྱིས་སུ་ཨུ་རུ་སུའི་གྲོང་ཁྱེར་ཧྲིན་པིས་ཏེ་པུའོ་མཁར་རྫོང་དུ་ཡོད་པའི་ཁོང་གི་ཕ་རྒན་གྱིས་བཙུགས་པའི་བཟོ་གྲྭ་ནས་ཚན་རིག་ཞིབ་འཇུག་དང་འཕྲུལ་ཆས་ཇུས་འགོད་ཀྱི་ལས་ཀ་དོན་དུ་གཉེར།

སུའེ་ཏེན་རྒྱལ་ཁབ་ཏུ་ཕྱིར་ལོག་རྗེས། ནོ་པེར་གྱིས་འགད་རྫས་ལ་ཞིབ་འཇུག་བྱེད་མགོ་ཚུགས། ཟེ་ཚྭ་འདྲེས་འགྱུར་ཀན་ཡིའུ་སྣུམ(硝化甘油)འབར་གས་འབྱུང་བར་ཚོད་འཛིན་ཇི་ལྟར་བྱེད་པར་ཞིབ་འཇུག་བྱེད་ཆེད།དཀའ་ཁག་དང་བློ་ཡུལ་ལས་འདས་པའི་དོན་རྐྱེན་གང་འདྲ་ཞིག་བྱུང་རུང་ཁོང་ལ་བཀག་འགོག་བྱེད་མ་ཐུབ། འགད་རྫས་དེའི་རིགས་ཐོན་སྐྱེད་བྱས་ནས་མ་འགྱངས་པར་བཟོ་གྲྭར་འབར་གས་ཀྱི་དོན་རྐྱེན་བཀྲ་མ་ཤིས་པ་བྱུང་བས། ནོ་པེར་གྱི་ནུ་བོ་ཆུང་ཤོས་དང་བཟོ་པ་བཞི་འབར་གས་ཀྱི་དོན་རྐྱེན་དེའི་ཁྲོད་དུ་ཚེ་ལས་འདས། སྐབས་ཐོག་དེར་སུའེ་ཏེན་རྒྱལ་ཁབ་སྲིད་གཞུང་གིས་བཟོ་གྲྭ་དེ་བསྐྱར་འཛུགས་བྱེད་མི་ཆོག་ཅེས་བཀག་སྡོམ་བྱས་རྐྱེན། དུས་སྔ་མོ་ནས་ཀུན་གྱིས“ཚན་རིག་གི་སྨྱོན་པ”ཞེས་པའི་མཚང་མིང་བཏགས་ཡོད་པའི་ནོ་པེར་གྱིས་མཚེའུ་ནང་འདྲུད་གྲུ་ཞིག་གི་སྟེང་ནས་མུ་མཐུད་དུ་ཚོད་ལྟ་མི་བྱེད་ཀ་མེད་བྱུང་།

དེ་ལྟར་དཀའ་སྡུག་གི་གནས་ཚུལ་འོག་ཏུ། ནོ་པེར་གྱིས་ཨར་ལས་འགས་གཏོར་དང་གོ་མཚོན་བཟོ་སྐྲུན་དུ་སྤྱོད་པའི་འགད་རྫས་མོད་པོ་ཞིབ་འཇུག་གསར་བཟོ་བྱས། ཁོང་གི་སྐུ་ཚེ་གང་བོའི་གསར་གཏོད་ཀྱི་ཆེད་ཁེ་དབང་ཆ་ཧ་ལམ་སྣ་ཁ400ཡོད་པས། ཁོང་རང་ཉིད་ལ་དབང་བའི་རྒྱུ་ནོར་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན། ཚེ་མཇུག་གི་དུས་སུ་ནོ་པེར་ཁང་བའི་ནང་དུ་འཛུལ་ནས་སྒོར་འབུད་པ་ཤིན་ཏུ་ཉུང་བས།མཐར་འཕྲིན་སྦྱོར་གྱིས་སྤྱི་ལོ1888ལོར་ནོ་པེར་ཁོང་གི་ཕུ་བོ་ཚེ་ལས་འདས་པ་དེ་ཁོང་ཉིད་སྐུ་གཤེགས་པར་གོ་བ་ལོག་ནས། ཚགས་པར་སྟེང་དུ་ཁ་ཡིག་འདི་འདྲ་ཞིག་སྟེ།“སྲོག་ལེན་པའི་ཚོང་པ་དེ་ཤི་བ་རེད།”ཅེས་པ་བཀོད་ཡོད།རྒྱུ་མཚན་དེའི་དབང་གིས་ནོ་པེར་ལ་རང་གི་རྒྱུ་ནོར་ཞལ་འདེབས་སུ་ཕུལ་ནས་ནོ་པེར་བྱ་དགའ་འཛུགས་རྒྱུའི་བསམ་བློ་སྐྱེས་པ་རེད།

སྐུ་མ་གཤེགས་གོང་གི་སྔོན་ལོ་དེར།ཁོང་གིས་རང་ཉིད་ཀྱི་ཤུལ་བཞག་གི་རྒྱུ་ནོར་ཁ་ཤས་ཐེབས་རྩར་བཞག་ནས། དེའི་སྐྱེད་ཀས་སོ་སོར་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པ།གསོ་བ་རིག་པ། རྩོམ་རིག ཞི་བདེ་བཅས་ཀྱི་བྱ་དགའ་སྣ་ཁ་ལྔ་བཙུགས་ཏེ།ཁྱབ་ཁོངས་དེ་དག་གི་ནང་དུ“འགྲོ་བ་མིའི་རིགས་ཀྱི་དོན་དུ་བྱས་རྗེས་ཆེན་པོ་བཞག་པའི”འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་སྣར་བྱ་དགའ་སྟེར་རྒྱུ་ཞེས་པའི་ཞལ་ཆེམས་བཞག

སྤྱི་ལོ1896ལོའི་ཟླ12པའི་ཚེས10ཉིན་ནོ་པེར་དབྱི་ཐ་ལི་རྒྱལ་ཁབ་ཏུ་སྐུ་གཤེགས། དེ་ནས་ཁོང་གི་གཉེན་ཉེ་འབྲེལ་དག་གིས་ཁོང་གི་ཞལ་ཆེམས་ལག་བསྟར་བྱེད་གྲབས་ཀྱི་དུས་སུ། ཁོང་གིས་རང་ཉིད་ཀྱི་རྒྱུ་ནོར་ཧ་ཅང་མོད་པོའི་ནང་གི་མང་ཆེ་བ་སྟེ་བསྡོམས་པས་ཨ་རིའི་སྒོར་མོ་ཁྲི920ནོ་པེར་བྱ་དགའི་ཐེབས་རྩར་བཞག་ཡོད་པ་ཤེས་རྗེས། རང་དབང་མེད་པར་ཧ་ལས་སོང་།

ཞལ་ཆེམས་ཀྱི་ནང་དོན་ནི་འོལ་སྤྱི་ཙམ་ཡིན་རྐྱེན།ཞལ་ཆེམས་ལག་ལེན་དུ་བསྟར་མཁན་ཚོས་མི་ལོ་ལྔ་རིང་གི་དུས་ཚོད་སྤྱད་དེ་བྱ་དགའ་སྟེར་བའི་ལམ་སྲོལ་དང་བྱ་དགའི་དངུལ་གྲངས་ལ་ཡང་ནས་ཡང་དུ་གྲོས་བསྡུར་བྱས་མཐར། སྤྱི་ལོ1901ལོའི་ཟླ12པའི་ཚེས10ཉིན་ཏེ། ནོ་པེར་སྐུ་གཤེགས་ནས་ལོ་འཁོར་ལྔ་ལོན་པའི་དྲན་གསོའི་ཉིན་མོ་དེར། སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་པོས་བྱ་དགའ་གནང་རྒྱུ་གཞི་ནས་གཏན་འཁེལ་མཛད། སྐབས་དང་པོའི་ནོ་པེར་བྱ་དགའ་ཐོབ་མཁན་ནི་འཇར་མན་རྒྱལ་ཁབ་ཀྱི་དངོས་ཁམས་རིག་པ་བ་ལུན་ཆིན་དང་ཧོ་ལན་རྒྱལ་ཁབ་ཀྱི་རྫས་འགྱུར་རིག་པ་བ་ཧྥན་ཐུའོ་ཧྥུ།འཇར་མན་རྒྱལ་ཁབ་ཀྱི་གསོ་བ་རིག་པ་བ་པེ་ལིན།ཧྥ་རན་སི་རྒྱལ་ཁབ་ཀྱི་རྩོམ་རིག་པ་ཕུའུ་ལུའེ་ཏུའོ་མུའུ་བཅས་ཡིན་ཞིང་།ཞི་བདེའི་བྱ་དགའ་ནི་སུའེ་ཙེར་རྒྱལ་ཁབ་ཀྱི་ཏུའུ་ནན་དང་ཧྥ་རན་སི་རྒྱལ་ཁབ་ཀྱི་ཕཱ་ཞི་གཉིས་ཀས་སོ་སོར་ལོངས་སུ་སྤྱད་པ་རེད།

སྤྱི་ལོ1968ལོར། སུའེ་ཏེན་གྱི་ཀྲུང་དབྱང་དངུལ་ཁང་གིས་དངུལ་ཁང་བཙུགས་ནས་ལོ་འཁོར300ལོན་པའི་དུས་སུ། དཔལ་འབྱོར་ནོ་པེར་བྱ་དགའ་སྣོན་འཛུགས་བྱས་པ་དང་སྦྲགས།སྤྱི་ལོ1969ལོ་ནས་བཟུང་བྱ་དགའ་དེ་སྟེར་མགོ་ཚུགས། དངོས་ཁམས་རིག་པའི་ནོ་པེར་བྱ་དགའ་དང་རྫས་འགྱུར་རིག་པའི་ནོ་པེར་བྱ་དགའ། དེ་མིན་ཕྱིས་སུ་ཁ་སྣོན་བྱས་པའི་དཔལ་འབྱོར་རིག་པའི་བྱ་དགའ་བཅས་ནི་སུའེ་ཏེན་རྒྱལ་ཁབ་ཀྱི་གོང་མ་ཚང་གི་ཚན་རིག་ཁང་གིས་དཔྱད་བསྡུར་གཏན་འབེབས་བྱས་པ་ཡིན་ཞིང་།ལུས་ཁམས་རིག་པའམ་ཡང་ན་གསོ་བ་རིག་པའི་བྱ་དགའ་ནི་སུའེ་ཏེན་རྒྱལ་ཁབ་ཀྱི་ཁ་ལུའོ་ལིན་སི་ཁ་གསོ་རིག་སློབ་གླིང་གིས་དཔྱད་བསྡུར་གཏན་འབེབས་དང་། རྩོམ་རིག་བྱ་དགའ་ནི་སུའེ་ཏེན་རྒྱལ་ཁབ་ཀྱི་རྩོམ་རིག་ཁང་གིས་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། དེ་ཡང་ནོ་པེར་གྱིས་ཞལ་ཆེམས་འཇོག་དུས་སུའེ་ཏེན་དང་ནོར་ཝེ་རྒྱལ་ཁབ་གཉིས་ནི་སྐབས་དེར་ད་རུང་མཉམ་འབྲེལ་རྒྱལ་ཕྲན་གཅིག་གི་ཁོངས་སུ་གཏོགས་པའི་ཁར། ནོར་ཝེ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་དངོས་དོན་གཉེར་བའི་ཞི་བདེའི་སྲིད་ཇུས་ལྷག་ཏུ་ཁྱབ་སྤེལ་བྱས་པའི་དབང་གིས། ཞི་བདེའི་བྱ་དགའ་དཔྱད་བསྡུར་གཏན་འབེབས་ཀྱི་གཟི་བརྗིད་དང་ལྡན་པའི་མཚན་སྙན་དེ་ནོར་ཝེ་རྒྱལ་ཁབ་ཀྱི་གྲོས་ཁང་ལ་སྤྲད་པ་རེད། བྱ་དགའ་སྟེར་མཁན་གྱི་ལས་ཁུངས་རེ་རེས་མི་ལྔའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་དཔྱད་བསྡུར་འདེམས་བསྐོའི་བྱ་བའི་འགན་ཁུར་བ་དང་།འགན་ཡུན་ལོ་གསུམ་རེ་ཡིན། མཐའ་མཇུག་ཏུ་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱེད་པ་མ་གཏོགས།གདམ་བྱའི་འོས་མིའི་མིང་ཐོ་དེ་མི་ལོ50ཡི་ནང་དུ་ཕྱི་ལ་ཁྲོམ་བསྒྲགས་མི་བྱེད་པ་གཏན་ལ་ཕབ་ཡོད།

ནོ་པེར་བྱ་དགའ་ཐོབ་མཁན་ལ་གསེར་གྱི་རྟགས་མ་དང་དཔང་ཡིག བྱ་དགའི་དངུལ་སྤྲོད་འཛིན་ཤོག་བཅས་སྟེར་བ་དང་། དེའི་ནང་ནས་བྱ་དགའི་དངུལ་གྲངས་ནི་ནོ་པེར་ཐེབས་རྩ་ཚོགས་པའི་ཡོང་འབབ་ལ་གཞིགས་ནས་ཐག་གཅོད་དགོས། སྤྱིར་བཏང་དུ་མང་དུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་སྲུང་བྱས་ཡོད་དེ།དང་ཐོག་གི་བྱ་དགའ་ནི་བྱ་དགའི་རྣམ་གྲངས་རེར་ཨ་རིའི་སྒོར་མོ་ཁྲི་གསུམ་རེ་སྟེར་བ་ནས།དུས་རབས20པའི་ལོ་རབས60པར་ཨ་རིའི་སྒོར་མོ་བདུན་ཁྲི་ལྔ་སྟོང་རེ་སྟེར་བ།ལོ་རབས80པའི་ནང་དུ་ཨ་རིའི་སྒོར་མོ་ཉིས་འབུམ་ཉིས་ཁྲི་ལ་སླེབས་པ།ཉེ་བའི་ལོ་དུ་མའི་རིང་ཨ་རིའི་སྒོར་མོ་ས་ཡ་གཅིག་ལས་བརྒལ་ཡོད།  

སྲོལ་རྒྱུན་ལྟར་ན། ནོ་པེར་བྱ་དགའི་རྣམ་གྲངས་སོ་སོའི་བྱ་དགའ་ཐོབ་མཁན་གཏན་ལ་ཕབ་རྗེས། བྱ་དགའ་གནང་བའི་མཛད་སྒོ་དེ་ནོ་པེར་ཁོང་ཉིད་སྐུ་གཤེགས་པའི་ལོ་རེའི་དྲན་གསོའི་ཉིན་མོ་སྟེ།སྤྱི་ཟླ12པའི་ཚེས10ཉིན་ལ་འཚོགས་པ་ཡིན། ཞི་བདེའི་ནོ་པེར་བྱ་དགའ་དེ་ནོར་ཝེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་སི་ལོ་ནས་སྩོལ་བ་མ་གཏོགས། བྱ་དགའི་རྣམ་གྲངས་གཞན་དག་ཚང་མ་སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་ས་གྲོང་ཁྱེར་སི་ཐོག་ཁོར་མོ་ནས་སྩོལ་བ་རེད།བྱ་དགའ་སྩོལ་བའི་མཛད་སྒོ་ནི་གཟབ་རྒྱས་ཡིན་ལ་སྟབས་བདེ་བབ་ཆགས་ཀྱང་ཡིན། ལོ་རེའི་མཛད་སྒོར་ཞུགས་པའི་མི་གྲངས་མི1500ནས1800ཡི་ནང་དུ་ཚོད་འཛིན་བྱེད་པ་ཡིན་ཞིང་། སྐྱེས་པ་ཚོས་ཁུག་མཇུག་ལྭ་དང་། བུད་མེད་ཚོས་སྒམ་བརླིང་གཟབ་ནན་ཡིན་པའི་མཚན་མོའི་གཟབ་མཆོར་མནབ་དགོས། མཛད་སྒོའི་སྟེང་དུ་སྤྱོད་པའི་མེ་ཏོག་དཀར་པོ་དང་མེ་ཏོག་སེར་པོ་ནི་ངེས་པར་དུ་དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཧྲིན་མོ་ལེ་ས་ཆ་ནས་ཁྱེར་ཡོང་བ་ཡིན་དགོས། དེའི་རྒྱུ་མཚན་ནི་ནོ་པེར་ལགས་གྲོང་ཁྱེར་ཧྲིན་མོ་ལེ་ནས་སྐུ་གཤེགས་པས་རེད། །

《ཚན་རིག་གིས་མིའི་རིགས་ཀྱི་འཚོ་བར་འགྱུར་ལྡོག་བཏང་བ》ཞེས་པའི་དུས་དེབ་ལས་བདམས།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།