གྲོང་ཚོ་ཞིག་གིས་ཆུ་བཙལ་བའི་གཏམ་རྒྱུད། 

3.png

ངའི་ཕ་ཡུལ་ནི་ས་སེར་མཐོ་སྒང་(ལུང་ཀྲུང་)བྱང་ཕྱོགས་ཀྱི་གད་རོང་དོག་པོའི་ནང་གི་ལུང་ཁུག་ཅིག་ཏུ་ཡོད།  

མི་ཚོས་བཀྲེས་ལྟོགས་མུ་གེའི་ཡུལ་ངན།། ལོ་མང་ཐན་སྐམ་འབྱུང་ས།། ཞེས་འབོད་པའི་ས་སེར་མཐོ་སྒང་(ལུང་ཀྲུང་)གི་ཡུལ་ཕྱོགས་འདིར། ས་འདིའི་མི་རབས་ནས་མི་རབས་བརྒྱུད་“ཆར་ཆུ་དུས་སུ་བབས་པའི་”རེ་འདོད་ནི་རྨི་ལམ་ལས་མ་གཏོགས་མངོན་འགྱུར་བྱུང་མ་མྱོང་། 

དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་གོང་དུ་ས་འདིར་འཚོ་བའི་མི་རྣམས་ཀྱི་དྲན་ཤེས་ཀྱི་སྦུབ་ན་འདྲ་པར་ཐར་ཐོར་འདི་དག་ནམ་ཡང་བརྗེད་མེད་དུ་ཟིན་ཡོད་དེ། ལོ་རེའི་དབྱར་མགོ་ཚེས་པའི་དུས། ནམ་མཁའ་ལ་སྤྲིན་བྱིའུ་མགོ་ཙམ་ཡང་མེད་པར། ཉི་འོད་ཀྱི་ཟེར་མ་རྣོན་པོས་ས་གཞི་འདི་ཉིད་སྲེག་པར་བྱེད། ཐན་སྐམ་ཐེབས་པའི་ས་ངོས་འདི་ཉིད་སེར་ག་གས་པའི་ངོ་གདོང་དང་འདྲ་བར། སེར་ཁ་བསྣོལ་མའི་ཐིག་གི་དྲ་བ་སྦྲེལ་བ་ལྟར་སྣང་། ཞིང་ནང་གི་ལོ་ཏོག་རྣམས་ཚིག་སྐམ་ཐེབས་ཤིང་ལོ་ཏོག་ལ་འབྲས་བུ་ཧ་ཅང་ཉུང་ཉུང་ཙམ་ལས་མེད། རྨོས་བཤོལ་གྱི་སྣེ་མོ་ནས་ཐལ་རྡུལ་ཚུབ་ཚུབ་བར་མེད་ཕར་ཚུར་ཐོར་འགྲོ  ཇ་ཡུན་ལྟོ་ཐུན་དང་ཞིང་གི་ཕྱི་ནང་། གཡས་གཡོན་ཁྱིམ་མཚེས་ཚང་མས་ཐུག་མ་ཐག་འཚམ་འདྲིའི་སྐད་ཆ་ཐོག་མ་དེ་ནི་“ཁྱེད་ཚོའི་ཁྱིམ་གྱི་ས་དོང་ནས་ཆུ་ལྷག་འདུག་གམ་”ཟེར་བ་དེ་ཁོ་ནའོ།། 

གཅིག 

བྱིས་དུས་ཀྱི་དྲན་ཚུལ་ཞིག་ལ། གྲོང་ཚོའི་ནང་གི་མི་ཚོས་ངོ་གདོང་འཁྲུ་སྐབས། ཆུ་དཀྱོགས་གང་བཅུས་ནས་དེ་དོང་བན་ཆུང་ཆུང་ཞིག་གི་ནང་བླུགས་པ་དང་། དོང་བན་དེ་གྱང་ཟུར་དུ་གསེག་ལ་བླངས་ནས་ལག་གཉིས་པོས་དེའི་ཆུ་དེ་ངོ་ལ་བྱུགས་པ་མ་ཟད་ནང་མི་ཚང་མ་གྲལ་སྒྲིགས་ནས་བཀྲུ་བ་ཡིན། མི་གསུམ་ནས་ལྔ་བར་གྱིས་བཀྲུས་རྗེས་དོང་བན་ནང་གི་ཆུ་རྫོགས་ཟིན་ལ། མཇུག་ཤོས་དེས་ཨ་ཅོར་རློན་པས་ངོ་གདོང་ཕྱིས་ཙམ་བྱེད་པ་ལས་ཐབས་མེད། གལ་ཏེ་ངོ་གདོང་བཀྲུས་ཚར་ནས་དོང་བན་ནང་ཆུ་ལྷག་མ་ཡོད་ན། དེ་ཡང་དོང་བན་ཆེ་བའི་ནང་དུ་གསོག་པ་དང་། ཉིན་ལྔ་དྲུག་ཙམ་བསྟུད་མར་བསགས་རྗེས་དེས་གྱོན་གོས་འཁྲུ་བ་ཡིན། གྱོན་གོས་བཀྲུས་ཚར་རྗེས་ཡང་དྲེག་པ་དེ་དྭངས་སྙིགས་འབྱེད་རྒྱུར་སྒུག་པ་དང་། དྭངས་བ་དེ་ཁྱིམ་བྱ་དང་སྒོ་ཁྱི། ཕག་པ་སོགས་ལ་སྟེར་བ་དང་། སྙིགས་མ་དེ་སྒོ་རའི་ནང་གི་ཚལ་ཞིང་ཆུང་ཆུང་དེར་བྱོ་བ་ཡིན། ཆར་པ་བབས་ཐེངས་རེར་ཚང་མས་ཁྱིམ་ནང་གི་དོང་བན་ཆེ་ཆུང་ཡོད་ཚད་ཁང་པའི་མདའ་གཡབ་འོག་ཏུ་ཆར་ཆུ་བཟེད་དེ་ཁེངས་ཐབས་བྱེད། གྲོང་མི་ཚོས་རྒྱུན་དུ་“ཆུ་ཕོར་པ་གང་། ཚར་གསུམ་བེད་སྤྱོད་གཏོང་། ཚལ་གཅིག་བཀྲུས། ངོ་གདོང་བཀྲུས། ལོ་དེའི་ཐན་སྐྱོན་ཁྱོད་ཀྱི་མཐོང་མ་མྱོང་། བ་གླང་མིག་མཆུ་ཤོར། ར་ལུག་སྡུག་སྐད་འདོན། ཁང་བྱིའུ་འཕུར་ཡང་མཐོ་སར་འཕུར་མི་ཐུབ་་་་་་་་་་་་ ”ཞེས་སྨྲེང་གླུ་ལེན་པ་ཡིན། 

ཁོར་ཡུག་འདི་འདྲར་དུས་ཡུན་རིང་མོར་བསྡད་པའི་དབང་གིས། གྲོང་མི་ཚོས་ཆུ་ལ་གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་དེ་ཐུན་མོང་གི་རེ་འདོད་དྲག་པོ་དེ་ཆགས་ཤིང་། ཆུ་ལ་གྲོན་ཆུང་བསྲི་ཚགས་བྱེད་ཐུབ་མིན་དེ་མ་གྲོས་གཅིག་མཐུན་དུ་ཡུལ་མིའི་ཀུན་སྤྱོད་ཚད་གཞིར་གྱུར་བ་རེད། དྲན་གསལ་ཞིག་ལ། གྲོང་ཚོའི་ནང་ཁྱིམ་ཚང་ཞིག་ལ་མི་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ལུང་ནན་ས་ཆའི་ཆུ་ཀླུང་ནགས་གསུམ་འཛོམས་པའི་གྲོང་ཚོ་ཞིག་ནས་བུད་མེད་ཅིག་མནའ་མར་བླངས་པ་རེད། དངོས་སུ་མནའ་མར་སླེབས་རྗེས། བག་མས་གཞི་ནས་ནང་མི་ཚོས་ཆུ་ལ་སྲོག་ལས་རྩ་ཆེ་བར་འཛིན་པ་ཤེས། མ་གཞི་བག་མ་རང་ཉིད་ཀྱང་གྲོང་གསེབ་པ་ཞིག་ཡིན་རུང་། ཆུང་བྱིས་དུས་ནས་རང་ཁྱིམ་དུ་ཆུའི་ཐོན་ཁུངས་འབེལ་པོ་ཡོད། ཁྱིམ་གསར་དུ་སླེབས་པ་ནས་བཟུང་། དུས་གཅིག་རིང་ཆུ་ལ་སྲོག་ལྟར་རྩ་ཆེན་དུ་གྲོན་ཆུང་བྱེད་རྒྱུར་མ་གོམས་པ་དང་། དེས་རྐྱེན་པས་སྒྱུག་མོའི་ཁ་རྡུང་མི་ཉུང་བ་ཞིག་གཟེད་དགོས་བྱུང་། ཟླ་བ་གཅིག་མ་འགོར་བར་སྒྱུག་མོ་དང་བག་མའི་དབར་འབྲེལ་བ་སྡུག་པོར་གྱུར་བ་དང་། མ་འདོད་བཞིན་དུ་ལོ་ཕྱེད་རིང་བསྡད་རྗེས། བག་ལོག་རྒྱབ་ནས་སྔར་གྱི་རང་ཁྱིམ་དུ་ཕྱིར་ལོག་པ་དང་དེ་ནས་ཚུར་ཐེངས་གཅིག་ཀྱང་ལོག་མེད། སྒྱུག་མོ་ཚང་གིས་ཀྱང་“ཆུ་གྲོན་ཆུང་མི་བྱེད་པའི་བག་མ་”ནི་ཀུན་སྤྱོད་དམན་པར་བརྩིས་ནས་གཉེན་སྒྲིག་རྩིས་མེད་དུ་བཏང་པ་རེད། དེ་དུས་ཀྱི་ཕོ་གཞོན་ཁྱོ་ག་དེ་ད་དུང་ཧྲེང་ཧྲེང་དུ་གནས་ཡོད་ཅིང་། གྲོང་ཚོའི་ནང་གི་རྒན་པོ་ཚོས་ལོ་མང་རིང་དོན་འདིར་ཡི་མུག་ལ་ཨ་ཐང་ཆད་ཀྱིན་ཡོད། ལོ་དེ་དག་ལ་གྲོང་ཚོའི་ནང་“ཕོ་ཧྲེང་མོ་ཧྲེང་”མང་པོ་ཡོད། ད་ཆ་ཕྱིར་འདང་ཞིག་རྒྱབ་ཚེ། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཆུ་ཆད་པ་དེ་རང་རེད། 

གཉིས། 

ལོ་དེ་དག་རིང་། གྲོང་ཚོའི་ནང་གི་ཁྱིམ་ཚང་ཀུན་གྱིས་“མཚན་མོ་སྒོ་མི་རྒྱག་”ཞིང་པ་ཚོས་སེམས་རྒྱ་ཆེ་ལ་གཤིས་ཀ་དྲང་བས་རྐུན་ཇག་ལ་ཁོང་ཁྲོ་ཟ་ཤོས་བྱེད། འོན་ཀྱང་། “ཆུ་རྐུ་བའི་”སྣང་ཚུལ་ནི་ཐོན་དང་ཐོན་བཞིན་ཡོད། ས་ཆ། སྒོ་ཕྱུགས། ཡོ་བྱད་སོགས་ནི་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡིན་ཡང་ས་དོང་གི་ཆུ་ནི་སྒེར་གྱི་ཡིན། གྲོང་ཚོའི་ནང་གི་ཁྱིམ་ཚང་སོ་སོའི་ས་དོང་ལ་སྒོ་ལྕགས་བརྒྱབ་ཡོད་ཅིང་། དེ་འདྲ་ཡིན་ཀྱང་། གང་ལྟར་ཉིན་ཁ་ཤས་རྗེས་ནས་ས་དོང་གི་སྒོ་ལྕགས་བཅག་ནས་ཆུ་བརྐུས་པའི་“བདེ་འཇགས་དོན་རྐྱེན་”ནི་ཐོན་མུས་ཡིན། ཆར་པ་བབས་པའི་ཉིན་མོར། གྲོང་པ་སོ་སོའི་གཞོན་པ་ཚོས་ཧབ་ཐོབ་བརྒྱབ་ནས་རང་ཁྱིམ་གྱི་ས་དོང་ནང་ཆར་ཆུ་འདྲེན་ཐབས་བྱེད་ཅིང་། ནམ་རྒྱུན་ཞི་བདེ་འཆམ་མཐུན་དུ་གནས་པའི་གྲོང་པ་ཁྱིམ་མཚེས་དབར་དུས་དེར་ཆུ་རྩོད་ཀྱི་དབང་གིས་ངོ་མདོག་དམར་ནག་ཆགས་འགྲོ་ལ་ཐ་ན་རྒྱག་རེས་ཞུ་རེས་ཀྱང་བྱེད་མྱོང་། དོན་དེ་རིགས་ཀྱིས་སྐབས་ཤིག་རིང་གྲོང་ཚོའི་ལས་བྱེད་པ་དཀའ་སྡུག་ལ་གདོང་གཏད་དགོས་ཐུག་གི་ཡོད། 

     མ་གཞི་ཞིང་པས་རྐུན་ཇག་ལ་མཐོང་ཆུང་དང་སྡིགས་མོད། འོན་ཀྱང་གྲོང་མི་ཚོས་ཆུ་བརྐུས་པའི་དོན་དེ་སྣང་མེད་བརྗེད་འགྲོ་ཞིང་། ཆུ་བརྐུ་མཁན་ལ་གྲོང་མི་ཚོས་ཁྲེལ་བགོད་ཙམ་ཡང་མི་བྱེད། དེ་ལས་ལྡོག་ཏེ་ལོ་ཟླའི་འཆར་ནུབ་དང་འགྲོགས་ཏེ་གཏམ་རྒྱུད་ཡོད་ཚད་གཅིག་བསྡུས་ཀྱི་ཕུང་པོ་ཞིག་ལ་གྲུབ་པ་འདི་ནི། ལོ་མང་བསྙལ་བའི་བདུད་རྩི་ཆང་རག་དང་འདྲ་བར་དྲན་ཤེས་ཀྱི་རུམ་ནས་ཆང་དྲི་འཚུབ་འཚུབ་ཏུ་འཐུལ་བའི་རྗེས་སུ་འགྲོའོ།།

ཡང་ན་འཚོ་གནས་ཀྱི་དགོས་མཁོ་ནི་གསར་གཏོད་ཀྱི་འགུལ་ཤུགས་ལེགས་ཤོས་དེ་ཡིན་པའང་སྲིད་དེ།   ཆུ་དོང་ནི་ས་སེར་མཐོ་སྒང་དུ་ལོ་ངོ་སྟོང་ཕྲག་རིང་འཚོ་ཞིང་གནས་པའི་མི་ཚོས་རང་བྱུང་ཁམས་ལ་གདོང་གཏད་ཚུལ་ཞིག་དང་འཐུང་ཆུའི་དཀའ་ངལ་སེལ་ཆེད་ཀྱི་གསར་བཏོད་རླབས་ཆེན་ཞིག་ཀྱང་ཡིན། ས་དོང་དྲུ་བར་དང་དོད་ཆེན་པོ་ཡོད་དེ། དང་ཐོག་ས་ཆ་ལེགས་པོ་ཞིག་འདེམས་དགོས་ཤིང་། གད་པ་དང་ས་རོང་། རོང་འགྲམ། དོང་རྙི་དང་གས་ཁ་ཡོད་ས། དེ་མིན་གྱེན་ཐུར་ཡོད་ས་སོགས་སུ་མི་དྲུ་བར། ས་ཆ་དེ་ཧྲིལ་པོ་མཁྲེགས་པོ་དང་ཆ་ཚང་པོ་ཡོད་པ་གཞིར་བཟུང་འཚི་དམ་པ། ཆུ་སིམ་འཛུལ་ཐུབ་ཚད་ཞན་པའི་སའི་རིམ་པ་དེར་བཟོས་ནས། ཆུ་ཕྱིར་ཤོར་དང་གས་རྡིབ་མི་འབྱུང་བར་བྱེད། ད་དུང་གསང་སྤྱོད་དང་སྐྱག་དོང་། ཕག་ཚང་སོགས་བཙོག་སྐྱོན་ཡོད་ས་དང་ཐག་རིང་སར་བཟོས་ནས་ས་དོང་གི་ཆུའི་གཙང་སྦྲ་སྲུང་བར་བྱེད། དེ་ནས་ཆུ་དོང་གི་ས་ལས་ལག་རྩལ་མཐོ་པོ་ཡོད་དེ། ས་དོང་ཐོག་མར་མིས་དྲུ་བ་དང་གཏིང་རིང་ཚད་རྨི་བཅུ་གྲངས་ཁ་ཤས་དྲུ་དགོས་ཤིང་། ས་དོང་ཁྱོན་སྟེང་འོག་རིམ་པ་གཉིས་ལ་དབྱེ་བ་དང་། འོག་རིམ་དེ་སྒོར་དབྱིབས་(དེ་ལ་“ཆུ་དོང་”ཡང་ཟེར་)ཡིན་ལ་དེའི་ནང་ཆུ་འཁྱིལ་ས་ཡིན། གོང་རིམ་དེ་སྙུང་དབྱིབས་དང་(དེ་ལ་“སྐམ་དོང་”ཟེར་)ཀ་ཟླུམ་དབྱིབས་ཀྱི་དོང་དེའི་ལྡེབས་སུ་གོང་འོག་གཡས་གཡོན་རིམ་པར་སོ་ཁུང་གསུམ་དྲུ་བ་དང་། དེ་དག་གི་བར་ཐག་སྐར་མ་ཉི་ཤུ་དང་སོ་ཁུང་གི་ཚངས་ཕྱེད་ལ་སྐར་མ་བཅུ་རེ་ཚད་འཛིན་བྱེད། དེ་ཡང་ཆུ་སིམ་འཐོར་བྱུང་ཚེ་ཉམས་བཟོ་བྱེད་བདེ་བའི་ཆེད་དུ་ཡིན། མཇུག་མཐར་ཆུ་སིམ་འཐོར་བྱུང་ཚེ་ཉམས་བཟོ་བྱེད་རྒྱུ་ནི་ལག་རྩལ་གཙོ་བོ་དེ་ཡིན། དེ་དུས་ཨར་འདམ་མེད་ཅིང་། ཆུ་སིམ་འགོག་ལ་མདོག་དམར་པོ་ཡིན་པའི་ས་དམར་ཟེར་བ་ཞིག་ཡོད་པ་དེ་ཆུ་ནང་དུ་དཀྲུགས་པ་དང་། རྡོག་རྫིས་གཏོང་བ་སོགས་ལས་རིམ་རྣམས་སྒྲུབ་རྗེས་དེ་སྦྱར་འཚི་ཧ་ཅང་དམ་པོ་ཞིག་ལ་འགྱུར་བ་དང་། ས་དམར་སྦྱར་འཚི་དེ་སོ་ཁུང་དེའི་ནང་བླུགས་པ་དང་དེ་ལ་གཟེར་རྡིགས་པ་ལྟར་ཐོ་བས་བསྣུན་ནས་བརྟན་སྦྱར་ཡོང་བ་བྱེད། དེའི་རྗེས་སུ་ཡང་ཆུ་འཁྱིལ་མཚམས་བར་གྱི་ལྡེབས་ངོས་དང་དོང་མཐིལ་དེ་མཁྲེགས་པོ་མ་ཆགས་པར་ཡང་སེ་སྦྱག་སྦྱག་གཏོང་དགོས། ལས་མཇུག་སྒྲིལ་རྗེས་ས་དོང་གི་ཁ་འགེབ་པ་དང་དོང་ནང་དུ་ཆུ་གཙང་མ་ཐེངས་བདུན་ནས་བརྒྱད་བར་གཏོར་ནས་གཙང་འཁྲུས་རྒྱབ་རྗེས། གཞི་ནས་ཆུ་གསོག་རུང་བ་ཡིན། འཇམ་ཞལ་རྒྱག་པའི་ཉིན་དེར། བདག་པོས་བག་ལེབ་སྐྱ་བག་གི་ཟ་མ་འདྲེན་པ་དང་། ཆ་རྐྱེན་ལེགས་པས་ཆང་འཐུང་དུ་འཐེན་ལ་རོལ་བར་བྱེད། དེ་ཉིན་ཤོག་ཁ་དེའི་ཕོ་མོ་རྒན་གཞོན་ཚང་མས་རོགས་བྱེད་པར་ཡོང་བ་དང་། བུད་མེད་ཚོས་འདམ་སྦྱར་གཡོ་བ་དང་། ཕོ་གཞོན་ཚོས་དོང་ནང་འཇམ་ཞལ་སྦྱོར་བར་བྱེད། 

དེ་འདྲའི་ཞིབ་ཕྲ་ཡིན་རུང་ད་དུང་འགོག་ཐབས་མེད་པའི་རྒྱུ་རྐྱེན་འགའ་ཡོད་དེ། གནམ་གཤིས་ཐན་པ་གཏོང་དུས་དོང་ལ་སེར་ཁ་གས་པའམ། ཆར་ཞོད་ཆེ་དུས་དོང་མཉེན་པོ་ཆགས་ནས་ཐོར་ཞིག་ཏུ་འགྲོ་ཉེན་ཡོད། ནམ་རྒྱུན་གནས་ཚུལ་དེ་རིགས་འཕྲད་སྐབས་བདག་པོས་སླར་ཡང་ཉམས་བཟོ་བྱེད་པའམ་ཡང་ན་དོང་དེ་བློས་གཏོང་རྒྱུ་ལས་ཐབས་མེད། 

གསུམ། 

   དེ་ལྟར་ཆུ་དོང་དྲུས་ན་མི་ནུས་དང་དུས་ཚོད་འཕོན་ཆེན་པོ་ཤོར་བ་དང་། དེའི་ཐོག་ཉམས་ཆག་དང་འཕྲོ་བརླག་གི་གནས་ཚུལ་ཡོད་པར་བརྟེན། ཡུལ་མི་ཚོའི་འཐུང་ཆུའི་གནད་དོན་དེ་ཆུ་དོང་གིས་རྩ་བ་ནས་ཐག་ཆོད་མི་ཐུབ་པར་ལུས། ལོ་གཅིག་གི་ནང་ཆུ་ཧ་ཅང་དཀོན་པའི་དུས་ཚོད་ནི་སོ་ནམ་ལུགས་ཀྱི་ཟླ་བ་གསུམ་པ་དང་བཞི་པའི་བར་དེར་ཡིན་ལ། དགུན་དུས་ཀྱི་མི་དང་སྒོ་ཕྱུགས་ཀྱི་འཐུང་ཆུ་བེད་སྤྱོད་བཏང་རྗེས་ས་དོང་ཕལ་ཆེར་ཆུ་རྫོགས་པའི་དུས་ཟིན། ཆུ་དོང་ནང་གི་ཆུ་ཉར་ཚགས་རིང་ཙམ་ཐུབ་ཆེད། གྲོང་མི་ཚོས་རི་སྟེང་གི་ཆུ་མིག་བཞུར་བ་དང་སྐབས་བསྟུན་ནས་ཆུ་དོང་ནང་གི་ཆུ་བེད་མི་སྤྱོད་པར་ཆུ་མིག་གི་ཆུ་དེ་ནས་ལེན་པར་འགྲོ

ཆུ་མིག་ཟེར་ཀྱང་ཆུ་དེ་ཚྭ་ཆུ་ཡིན་ཞིང་བཞུར་ཚད་ཀྱང་ཧ་ཅང་ཉུང་ངུ་རེད། དེས་ཚང་མའི་ཆུའི་དགོས་མཁོ་སྐོང་ག་ལ་ཐུབ་ཨང་། དེ་ལྟར་རུ་གྲལ་སྒྲིག་ནས་ཆུ་ལེན་དགོས་ཀྱི་ཡོད། ལོ་དེ་དག་གི་རིང་། ཞིང་ལས་རུ་ཁག་བཅོས་བསྒྱུར་གྱི་མང་ཚོགས་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང་། ཆུ་ལེན་པ་ནི་སྒེར་དོན་ཡིན་ཞིང་། ལས་དུས་རིང་ཆུ་འཚོལ་བ་སོགས་བྱེད་མི་རུང་བ་རེད། 

དགོང་མོ་ལས་ཀ་ཚར་ནས་ལོག་རྗེས། ས་ཕུག་ནང་དུ་སོལ་སྣུམ་བཞུ་མར་སྤར་བ་དང་། བུད་མེད་ཚོས་གང་མགྱོགས་དགོང་ཟས་གཡོས་སྦྱོར་བྱས་ཏེ་དགོང་ཟས་ཟས་མ་ཐག  གྲོང་ཚོའི་ནང་དུ་ལྕགས་དོང་གི་ཆུ་སྣོད་དང་ལུང་ལྕགས་ཐག་དེའི་“ཏི་ལིང་ཏི་ལིང་ཏོ་ལོང་ཏོ་ལོང་”གི་སྒྲ་ཡིས་ཁེངས་ཤིང་། དེ་ཡང་ཁྱིམ་མཚེས་གྲོང་ཚོའི་ལམ་བདུན་པ་དང་བརྒྱད་པའི་ཐོག་ཏུ་ཆུ་མིག་གི་ཆུ་ལེན་མཁན་རྣམས་ཐོན་མགོ་ཚུགས་པའི་བརྡ་རེད། མུན་པ་ནག་ལ་ལམ་ཐག་རིང་། ཆུ་ལེན་མཁན་རྣམས་ཕན་ཚུན་རོགས་རེས་བྱེད་ཀྱིན་ལམ་དུ་འགྲོ། ཁྱིམ་ནང་ཕོ་གཞོན་གྱི་ངལ་ནུས་ཡོད་པ་ཡིན་ན་ཨོའོ་ཙམ་རེད། དེ་ཚོས་ཆུ་ལེན་ཐེངས་གཅིག་ལ་བརྒྱ་མ་བརྒྱ་དང་བརྒྱད་བཅུ་ཙམ་འཁྱེར་ཐུབ་ཅིང་། དེས་ཉིན་གཉིས་རིང་གི་འཐུང་ཆུ་ལྡང་ཐུབ། གལ་ཏེ་ཕོ་གཞོན་དེ་ན་བའམ་ཁྱིམ་དུ་སྡད་མེད་ཚེ། ཆུ་ལེན་རྒྱུ་དེ་བུད་མེད་དང་ཕྲུ་གུ་ལ་འགན་བབས་ཀྱི་ཡོད། དེ་ཡང་དགོང་མོ་རྟག་ཏུ་ཆུ་ལེན་མཁན་གྱི་གྲལ་དུ་སྒྲིག་ནས་དགོང་ལྟར་ཆུ་ལེན་དུ་འགྲོ་དགོས། ད་དུང་དྲན་གསོས་པའི་སྣང་ཚུལ་ཞིག་ནི་སྐྱེས་པ་དང་བུད་མེད་སྟོབས་ཤེད་ཆེ་བ་ཚོས་ཕྲག་ཤིང་ཐོག་ཆུ་སྣོད་དཔྱངས་ནས་འཁྱེར་འགྲོ   ཤེད་ཤུགས་ཞན་པའི་བུད་མེད་དང་བྱིས་པ་ཚོས་འགྱིག་གི་ཆུ་སྣོད་འཁྱེར་འགྲོ་བ་ཡིན། ལམ་ཐག་རིང་ལ་དཀའ་ཚེགས་ཆེ་བ་དེ་བཤད་མི་དགོས། དེ་ལས་ཀྱང་ལམ་བར་དུ་ཆུ་བོ་ཞིག་བརྒལ་དགོས། ཟླ་འོད་གསལ་པོ་ཡོད་དུས་ཨོའོ་ཙམ་རེད། གལ་ཏེ་ཆར་ཟིམ་བབས་དུས་ཡིན་ཚེ། འདམ་རྫབ་ཀྱི་ལམ་ཐོག་ཏུ་འདྲེད་བརྡར་ཤོར་ཞིང་ཚབས་ཆུང་ན་རྐང་པའི་ཚིག་འཆུས་པ་དང་ཚབས་ཆེ་དུས་རུས་པ་ཆག་བཅོག་ཐེབས་ཀྱི་ཡོད། 

ལམ་ཐག་རིང་ལ་དུས་ཚོད་དམ་འཛིན་བྱེད་དགོས་པའི་དབང་གིས། ཕོ་གཞོན་ཚོས་ལམ་བར་དུ་ངལ་གསོ་ཐེངས་གཅིག་ཀྱང་མི་རྒྱག དུས་ཚོད་ཡུན་རིང་སོང་རྗེས། ཆུ་འཁྱེར་སྟངས་ལ་ཡང་“བྱང་ཆུབ་”པོར་གྱུར་བ་སྟེ། ཕྲག་པ་གཅིག་གི་སྟེང་དུ་དུས་ཚོད་རིང་ཙམ་འཁྱེར་རྗེས་ངལ་གསོ་མི་དགོས་པར་ཕྲག་ཤིང་མཇིང་པའི་ཐོག་ཏུ་སྐོར་ནས་ཕྲག་པ་གཞན་དེའི་ཐོག་ཏུ་འཁྱེར་འགྲོ  དེའི་བཟོ་ལྟ་ནི་སྤྲེལ་རྒན་གྱིས་གསེར་རྒྱུག་སྐོར་ནས་རྩལ་རྩེད་བྱེད་པ་དང་འདྲ། ཁོ་ཚོས་ད་དུང་ཆུ་ལེན་སྐབས་ཀྱི་ཐབས་རྩལ་མི་ཉུང་བ་ཞིག་གསོག་འཇོག་བྱས་ཡོད་དེ། ཆུ་སྣོད་ནང་དུ་རྩྭ་དང་ཤིང་དུམ་བླུགས་ནས་ཡ་ཡོར་བྱེད་སྐབས་ཆུ་ཕྱིར་མི་བོར་བར་བྱེད། ཕྲག་སྟེང་དུ་འཁྱེར་རྗེས་དལ་མོར་རྒྱུགས་ནས་ཕྲག་ཤིང་ལྡེམ་ལྡེམ་དུ་གཡོ་བའི་ཐབས་ཀྱིས་ཕྲག་པའི་ལྗིད་ཚད་ཡང་དུ་གཏོང་བར་བྱེད་་་་་་་དེ་མིན་་་་་་་་། 

གྲོང་ཚོའི་ནང་དུ་ཤར་ནུབ་ཏུ་རྒྱུགས་ཤིང་ནམ་རྒྱུན་ཐན་སྐམ་ཐེབས་པའི་ཆུ་བོ་ཞིག་ཡོད་པ་དེ། དབྱར་ཁ་དྲག་ཆར་བབས་པའི་སྐབས། ཆུ་དེ་འཁྱིལ་ནས་བཞུར་མགོ་ཚུགས་པ་དང་མཚམས་རེ་དལ་ལ་མཚམས་རེ་ལུད་འགྲོ  དེ་ནས་ཉིན་ཤས་ཆར་པ་མ་བབས་ན་སྐམ་ནས་ཆད་འགྲོ་བ་ཡིན། ཆུ་རྒྱུགས་ཤུལ་གྱི་ས་མཐིལ་ཀོང་ཀོང་དེ་དག་ནང་ཆུ་དྭངས་མ་ཉུང་ཉུང་དུ་འཁྱིལ་ཞིང་། ཆུ་དེ་ཚང་མ་ཚྭ་ཆུ་ཡིན་རྐྱེན་མི་དང་སྒོ་ཕྱུགས་གང་གི་ཀྱང་འཐུང་མི་རུང་བ་རེད། 

དགུན་མགོ་ཚུགས་མ་ཐག རུ་ཁག་གི་ངལ་ནུས་ཡོད་པའི་ཕོ་གཞོན་རྣམས་གཅིག་བསྡུས་ཀྱིས་ཆུ་བོར་ཆུ་བཀག་གྱང་རགས་འཛུགས་པ་དང་། ཆུ་འཁྱིལ་ནས་འཁྱགས་པ་ཆགས་རྗེས་ཆུའི་བྲོ་བ་ཡག་ཏུ་གྱུར་འགྲོ ཟླ་བ་བཅུ་གཉིས་པ་ཟིན་པ་དང་། ཐོན་སྐྱེད་རུ་ཁག་ལས་མཚམས་བཞག་རྗེས། ཁྱིམ་ཚང་སོ་སོའི་ལོ་ཆུང་ཚོས་འཁྱགས་པ་ལེན་པར་བྲེལ། ཞོགས་པར། གྲོང་པ་སོ་སོའི་ཕོ་མོ་རྒན་གཞོན་ཚོས་ཆུ་སྣོད་བཟོ་ལྟ་འདྲ་མིན་འཁྱེར་ནས་ཆུ་རགས་ཀྱི་འགྲམ་དུ་ཡོང་ནས་སོ་མིག་ཐོད་ཀྱི་འཁྱགས་ལེབ་བདམས་པ་དང་། ཟབ་ནན་ངང་སྒལ་པར་འཁྱེར་ཡོང་ནས་ས་དོང་གི་ནང་དུ་དལ་མོས་འཇོག་གི་ཡོད། དུས་ཚོད་རིང་ཙམ་སོང་རྗེས་ཆུ་དོང་ནང་གི་འཁྱགས་པ་དེ་བཞུར་ནས་ཆུ་དོང་གི་ཆུ་ཁ་མཐོ་རུ་འགྲོ འཁྱགས་པའི་ཐོག་གི་ཆུ་དྲི་དེས་ཆུ་དོང་གི་ཆུ་ཡང་དྲི་མ་ཁག་ཏུ་གྱུར་མོད། ལོ་གཅིག་ལ་སྤྱོད་པའི་ཆུ་འདི་རང་ལས་མེད་པས་དོན་དེར་བསམ་བློ་གཏོང་ཁོམ་བྲལ། 

   བཞི། 

  དེ་ཡང་དོན་དེ་ནི་དུས་རབས་གོང་མའི་ལོ་རབས་བདུན་བཅུ་པའི་དུས་མགོར་རེད། གྲོང་ཚོའི་ནང་དུ་ཡུལ་ཀྲོང་ལཱང་ནས་ཡིན་པའི་རུས་ཤཱེ་ཅན་གྱི་མི་ཞིག་སླེབས་ཤིང་། ཁོ་ལོ་ལྔ་བཅུའི་གཡས་གཡོན་གྱི་དར་མ་ཞིག་རེད་འདུག་ལ་ཕར་བལྟས་ན་ཡིན་མདོག་ཁ་པོ་ཞིག་ཡོད་ཅིང་། ཁོ་ཕྱིང་པ་བསྡུ་བ་དང་ཨར་སྐྲུན། དྲག་རྩལ་དེ་གསུམ་ཀ་ཤེས་པའི་“འཇོན་མི་ཕྱོགས་འགྲོ་བ་”ཞིག་ཡིན། དེ་དུས་ཐོན་སྐྱེད་རུ་ཁག་ལ་“སྒ་གདན་”ཁ་ཤས་དགོས་མཁོ་ཡོད་པས། ཤཱེ་ལགས་ང་ཚོའི་ཐོན་སྐྱེད་རུ་ཁག་གི་ས་ཕུག་ཅིག་གི་ནང་བསྡད་པ་རེད། རུ་ཁག་གི་ལས་ཀ་དེ་ཉིན་བརྒྱད་དགུའི་ནང་བཟོས་ཚར་སོང་། དེ་ནས་ཤཱེ་ལགས་ཀྱིས་ཁྱིམ་ཚང་རེར་ཕྱིང་གདན་རེ་བཟོས་ཤིང་། ལུག་པགས་ཆེ་ལ་མང་བའི་ཁྱིམ་ཚང་ལ་ད་དུང་ཕྱིང་པའི་སྟོད་གོས་རེ་བཟོས་པ་རེད། ཤཱེ་ལགས་ཀྱིས་བཤད་པ་ལྟར་ན་ལས་ཀ་དེ་ལ་ཁོ་རང་ཧ་ཅང་བྱང་ཆུབ་པ་ཡིན་ཟེར། དུས་ཚོད་ཡུན་རིང་སོང་རྗེས། ཡུལ་མི་ཚོ་དང་ཤཱེ་ལགས་ཕན་ཚུན་འབྲེལ་འདྲིས་ཟབ་མོར་གྱུར་ཞིང་། ལས་ཀ་ཚར་ནས་ཚང་མ་ངལ་གསོ་སྐབས། ཤཱེ་ལགས་ཀྱིས་ཕྲག་ཤིང་བཟུང་ནས་རྩལ་རྩེད་འཁྲབ་སྟོན་བྱས་པར། ཚང་མའི་ཡིད་འཕྲོག་ཅིང་བསྔགས་བརྗོད་བྱེད། ཕྱིས་སུ་ཁོས་རང་གི་ལག་ཤེས་ལས་གྲོགས་སྐད་བཏང་ནས་རུ་ཁག་ལ་ས་ཕུག་ཁང་པ་ཞིག་བསྐྲུན་པ་རེད། མ་གཞི་དེ་ཕྱེད་ཀ་ལྷག་ཙམ་ལས་གྲུབ་མེད་ཀྱང་བེད་སྤྱོད་གཏོང་རྒྱུ་ཡོད། ལས་ཀ་དེ་དག་ལ་ཚང་མས་ཁས་ལེན་ཐོབ་ཅིང་རུ་ཁག་གི་རུ་དཔོན་གྱིས་ཤཱེ་ལགས་ལ་ཡིད་ཆེས་ཆེན་པོ་བྱེད། དེའི་རྗེས་ནས་བཟུང་རུ་དཔོན་གྱིས་ཤཱེ་ལགས་ཀྱང་ཚང་མ་དང་འདྲ་བར་ཐོན་སྐྱེད་ངལ་རྩོལ་ནང་སྐོང་པ་རེད། ཡིན་ནའང་ཉིན་ཤས་མ་འགོར་བར་ཤཱེ་ལགས་ཀྱིས་ངལ་ལས་ལྗི་པོ་དེ་མ་བཟོད་པར། རུ་དཔོན་ལ་རང་ཉིད་ལ་དེ་མིན་གྱི་འཇོན་ཐང་“ཁྲོན་པ་འཚོལ་ཤེས་”ཀྱི་ཡོད་ཅེས་རེ་ཞུ་བྱས། དོན་འདིས་ལོ་གཅིག་དུས་བཞིའི་རིང་ཆུའི་དོན་དུ་སྡུག་སྐད་འདོན་བཞིན་པའི་གྲོང་མི་ཚོར་རེ་བའི་འོད་ཟེར་ཞིག་སྦྱིན་ཡོང་། ཐོན་སྐྱེད་རུ་དཔོན་གྱིས་ཀྱང་རྩལ་འཇོན་རྒན་པོ་འདིའི་སྐད་ཆ་ལ་བརྟག་དཔྱད་བྱེད་ལོང་མེད་པར་ཁོའི་རེ་བ་ཁས་བླངས་ནས། རི་ཁུག་ཀྱག་ཀྱོག་ནང་རུ་ཁག་ལ་ཁྲོན་པ་འཚོལ་བར་བཀོད་སྒྲིག་བྱས། མི་གཞན་རྣམས་ཉིན་མོར་དཀའ་སྡུག་གི་ལས་ལ་འཇུག་དུས། ཤཱེ་ལགས་ནི་རྡོ་ཤེལ་མིག་ཤེལ་ཞིག་རྒྱབ་པ་དང་། རྒྱབ་ལག་བཅིངས་ཏེ་ཉིན་གང་པོར་རི་ཁུག་ལུང་ཀྱོག་ནང་ཕར་འགྲོ་ཚུར་འོང་དྱེད། དུས་ཡུན་ཟླ་ཕྱེད་འདས་རྗེས་ཀྱི་ཉིན་ཞིག་གི་ཕྱི་དྲོར། ཤཱེ་ལགས་ཀྱིས་དངོས་སུ་རུ་དཔོན་ལ་རང་གི་ལས་ཀ་སྙན་སེང་ཞུས་པ་རེད། ཀཱོ་ཅཱ་གྲོག་རོང་ནང་ཁོའི་སྡོད་གནས་དང་བར་ཐག་རྨི་ལྔ་བརྒྱ་ཡི་ས་འོག་ཏུ་ཆུ་འདུག་  དེར་ས་བརྐོས་ནས་ཁྲོན་པ་དྲུ་ཐུབ་ཟེར། ཤཱེ་ལགས་ནི་ནམ་རྒྱུན་རང་ཉིད་སྡུག་རུས་ཆེན་པོ་ཡིན་པ་དེ་གཞན་ལ་ངོམ་སོ་བྱེད་རྒྱུར་དགའ། གྲོང་ཚོའི་མིས་ཁོ་པ་ནི་“ཕྱི་རྫིག་ནང་སྟོང་”ཞིག་ལ་ལྟ་ཞིང་། རུ་ཁག་གི་མི་རྒན་འགའ་ཤས་ཀྱིས་ཤཱེ་ལགས་ཀྱི་འཇོན་ནུས་ལ་དེ་འདྲའི་ཡིད་ཆེས་མི་བྱེད། འོན་ཀྱང་རུ་དཔོན་གྱིས་ཐ་མར་ཚོད་ལྟ་དང་སྦྲགས་དམངས་འཚོའི་“ལས་གཞི་”འདིར་མོས་མཐུན་གནང་། རུ་ཁག་གིས་སྟོབས་རྩལ་ལྡན་པའི་ངལ་ནུས་མི་ལྔ་མངགས་གཏོང་བྱས་པ་དང་། ཤཱེ་ལགས་ཀྱི་བཀོད་སྒྲིག་འོག་ཁོ་ཚོས་ཉིན་མཚན་ལྟོས་མེད་དུ་ངལ་རྩོལ་ལས་གཞིར་བཞུགས་པ་རེད། ཤཱེ་ལགས་ཀྱི་བསྡོམས་ཚིག་ལྟར་ན་རྨི་༤༢ལྷག་ཙམ་གྱི་ས་ནས་ཆུ་དོན་ངེས་ཡིན་མོད། ད་ཆ་རྨི་༦༦དྲུས་ཟིན་མོད་ཆུ་ཐིགས་པ་གཅིག་ཀྱང་དོན་རྒྱུ་མེད། ཤཱེ་ལགས་མགོ་བོར་བགྲད་བགྲད་གཏོང་གིན་རུ་དཔོན་གྱི་བཀའ་བཀྱོན་གཟེད་དགོས་བྱུང་ལ་ཁ་ནས་ཚིག་གཅིག་ཀྱང་བཤད་མ་ཐུབ། མཐར་ཤཱེ་ལགས་ན་རེ། “ང་རང་འཁྲུལ་བ་འདྲ། ཆུ་མགོ་དང་རྨི་༥ཡི་བར་ཐག་ཆོད་པ་འདྲ་”ཟེར་བར། ད་ཐེངས་རུ་དཔོན་དང་ཡུལ་མི་ཚོས་ཁོ་པར་ཡིད་ཆེས་མ་བྱས་སོ།། ཉིན་གཉིས་པའི་ཞོགས་པར་ཤཱེ་ལགས་ནི་ལུང་པ་གཞན་དུ་རྡོག་ཐོན་བྱས་ཚར་འདུག ་་་་་་་་་་། 

ཤཱེ་ལགས་གྲོང་ཚོ་ནས་ཁ་བྲལ་བའི་ལོ་གཉིས་ཀྱི་རིང་། རུ་ཁག་གི་རུ་མི་མང་པོས་ཁོ་ལ་དམོད་ཚིག་མཚམས་ཆད་མ་མྱོང་། 

ཤཱེ་ལགས་སྐོར་གྱི་དོན་དངོས་གནས་ཚུལ་མང་པོ་ཞིག་ནི། ད་ལྟ་ཡང་“གབ་ཚིག་”དང་མཚུངས་པར། ཁོ་རང་གིས་བཤད་ཀྱང་བཤད་ཚུལ་མི་འདྲ་ཞིང་། གྲོང་མི་ཚོར་ཡང་ཤོད་ཚུལ་མི་གཅིག་པ་མཆིས་་་་་་་་་་། ལོ་མང་རྗེས་ནས་ཤཱེ་ལགས་ཀྱི་སྐོར་གླེང་དུས། ཚང་མའི་སེམས་སུ་ཁོ་རང་དངོས་གནས་དོན་སྙིང་ཡོད་པའི་མི་ཞིག་རེད་བསམ་དུ་འཇུག 

གྲོང་མི་ཚོས་ཆུ་རྙེད་པའི་རྨི་ལམ་མཚར་པོ་དེ་སླར་ཡང་འཇིགས་ཤིང་། ཐབས་ཤེས་ཉག་ཅིག་ལས་མེད་པ་དེ་ནི་མུ་མཐུད་དེ་ཅན་ཐེན་ཆུ་མིག་ཏུ་ཆུ་ལེན་དུ་འགྲོ་རྒྱུའོ།། 

ལྔ་། 

ཆུ་མིག་དེ་ནི་ཨན་ཏིང་ཁུལ་གྱི་གྲན་ཁོའོ་གྲོང་རྡལ་ཅིན་ཐན་གྲོང་ཚོའི་ཅན་ཐེན་རུ་ཁག་གི་ཤར་ལྷོར་ཡོད་པའི་གྲོག་རོང་ནང་ཡོད། ས་དེའི་རྒན་པོ་ཚོའི་ངག་སྒྲོས་ལྟར་ན། ས་ཁུག་དེར་མང་དུས་ཆུ་མིག་དྲུག་ཡོད་ཀྱང་ཆུ་སྤུས་ཚད་ལེགས་པ་གཅིག་ལས་མེད་ཟེར། ད་དུང་ལོ་ཧྲིལ་པོར་ཁོར་ཡུག་གཙང་མར་གནས་ཤིང་སྦལ་པ་དང་ལྕོང་མོ་ཡང་མེད་པ་རེད། མིས་འཐུང་རུང་བའི་ཆུ་མིག་གཉིས་ལས་མེད་ཅིང་། དེ་མིན་ཆུ་མིག་གཉིས་ནི་ཚྭ་ཆུ་ཡིན་རྐྱེན་སྒོ་ཕྱུགས་ཀྱིས་བཏུང་བ་ལས་འོས་མེད། ལྷག་མ་གཉིས་པོ་དེ་ནི་ཆུ་ཁ་དིག་ཅན་རེད། དེ་གྱོན་གོས་བཀྲུ་བར་སྤྱོད་པ་ཡིན། 

ཅན་ཐེན་ཆུ་མིག་དེ་ནི་ལོ་དེའི་སྲོག་སྐྱོབ་ཆུ་མིག་རེད་ཟེར་ན་ཐལ་དྲག་མེད་དེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཆུ་མིག་དེས་ཡང་ནས་ཡང་དུ་གྲོང་ཚོ་འདི་དང་ཉེ་འཁོར་གྱི་སྤྱི་ལེ་བཅུ་གྲངས་ས་ཁོངས་ཀྱི་ཡུལ་མི་མང་པོ་ཞིག་སྐོམ་པ་ཆུ་འདོད་ཀྱི་ཉེན་ཁ་ལས་བསྐྱབས་པ་རེད། 

ཅན་ཐེན་ཆུ་མིག་ནི་མི་རབས་གོང་མ་ཚོའི་བློ་མིག་ནང་བླ་ན་འཕགས་པ་ཡིན་ཞིང་། དེ་ནི་སྲོག་སྐྱོབ་ཆུ་མིག་ཡིན་པ་ཙམ་མ་ཟད་དེའི་སྐོར་གྱི་ངོ་མཚར་བའི་བཤད་རྒྱུན་ཡང་ཡོད། 

ལོ་ངོ་གསུམ་བརྒྱའི་གོང་དུ། ས་དེར་རུས་ལིའུ་ཅན་གྱི་མི་ཞིག་ཡོད་ཅིང་། ལོ་མང་པོ་ཞིག་གི་རིང་ཁོས་སྦྲང་ནོར་བུ་གསོས་ནས་སྦྲང་ཚང་བཞི་ལྔ་ཞིག་ཏུ་སྦྲང་རྩི་གསོག་གི་ཡོད། ལོ་ལྟར་སྦྲང་རྩི་དེ་རང་གི་ནང་མིས་ལོངས་སུ་སྤྱོད་པ་ཕུད། དེའི་ཆ་ཤས་ཤིག་བཙོངས་ནས་ལག་དངུལ་ལ་བརྗེས་པ་དང་ཁྱིམ་གྱི་འཁོས་ཀ་ཡང་ལེགས་པོ་ཡོད། འོན་ཀྱང་ཆུང་མར་དུས་ཡུན་རིང་མོ་ཞིག་ལ་ཕྲུ་གུ་མ་སྐྱེས། ཁྱད་མཚར་བ་ཞིག་ལ་ཁྱོ་ཤུག་གཉིས་ལོ་བཞི་བཅུ་ཞེ་ལྔ་ལོན་པའི་ལོ་དེར་བུ་ཆུང་ཞིག་སྐྱེས་ཤིང་། ཕྲུ་གུའི་མིང་ལ་རེ་ཕྲུག་ཅེས་བཏགས་པ་རེད། རེ་ཕྲུག་ལོ་ཉི་ཤུར་སོན་མ་ཐག ཁྱོ་ཤུག་གཉིས་པོས་བུའི་གཉེན་དོན་ལ་དོ་སྣང་དང་གྲ་སྒྲིག་བྱས་ཤིང་།  རེ་ཕྲུག་ལ་ཁྱིམ་མཚེས་གྲོང་ཚོའི་ལོ་བཅོ་བརྒྱད་ཡིན་པའི་བུ་མོ་ཅོན་ཅོན་བག་མར་བླངས་པ་རེད། གཉེན་སྒྲིག་ནས་ལོ་བདུན་བརྒྱད་འདས་ཀྱང་།  ཅོན་ཅོན་ལ་ཕྲུ་གུ་འཁོར་མེད། སྨན་ཟས་པ་དང་ལྷ་གསོལ་མོ་ལུང་སོགས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བཏང་བ་ལ་བསམ་ཚེ།  བཟའ་ཚོ་གཉིས་པོར་རང་གི་བུ་ཆུང་ནོར་བུ་སྐྱེས་ཐུབ་པ་བྱུང་།  ཡིན་ཀྱང་མི་རྟག་བདུད་ཀྱི་བར་ཆད་ནི་གནམ་གཤིས་ཀྱི་འགྱུར་ལྡོག་དང་མཐུན་པས།  ཅོན་ཅོན་རང་ལོ་ཉེར་བརྒྱད་ཀྱི་ལོ་དེར།  རང་ལོ་སུམ་ཅུར་བུད་པའི་ཁྱོ་བོ་རེ་ཕྲུག་ཡུལ་མི་ཚོར་ས་དོང་དྲུ་བའི་སྐབས་སྟབས་མ་ལེགས་པར་ཚེ་ལས་འདས།  ལོ་དེར་ཅོན་ཅོན་གྱི་བུ་རྒན་པ་ལོ་གཅིག་ལྷག་ཙམ་དང་ཕྲུ་གུ་གཅིག་ཁོག་པའི་ནང་ཡོད།  སྒྱུག་མོ་ལ་ཕྲུ་གུ་རེ་ཕྲུག་འདི་ལས་མེད་ཅིང་།  བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་རྩ་བ་ཚུགས་ལོང་མེད་པར་གོད་ཆགས་ལ་འཕྲད་སོང་།  ཅོན་ཅོན་ཁྱིམ་ཚང་གཞན་དུ་བག་མར་མ་ཕྱིན་པར་ཉིན་མཚན་སྦྲེལ་ནས་ཕྱི་ནང་གི་ངལ་རྩོལ་ལ་འབད་དེ་བྱིས་པ་གཉིས་ལ་གཉོར་སྐྱོང་བྱས།  ལོ་ཤས་སོང་རྗེས་སྒྱུག་མོ་ཡང་ནད་ཀྱི་ཟིན་ནས་མལ་ཁྲིའི་ཐོག་ཏུ་ལུས།  ཅོན་ཅོན་གྱིས་སྒྱུག་མོའི་བཙོག་གཅིན་འདོར་ལེན་བྱེད་སྐབས་སྒྱུག་མོའི་སེམས་ལ་ཕོག་ཐུག་མི་ཕོག་པ་བྱེད་ཅིང་།  རྒན་རྒོན་ཁྱོ་ཤུག་གཉིས་ཚེ་རིང་སེམས་སྐྱིད་ངང་འཚོ་ཐུབ་པ་བྱུང་ལ།  གཡས་གཡོན་ཡུལ་མི་ཚང་མས་ཅོན་ཅོན་ནི་ཡ་རབས་གུས་བཀུར་ཤེས་པའི་ཆུང་མ་བཟང་པོ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།

ཡང་ཐན་སྐམ་ཆེན་པོ་ཐེབས་པའི་ལོ་ཉེས་ཤིག་ལ་རེད།  ཚ་ཞིང་སྲེག་པའི་ཉི་མས་ས་གཞི་འདི་སྐམ་སྲེག་བཏང་སོང་།  ལོ་ཏོག་རྣམས་སྐམ་ཤི་ཐེབས་སོང་། ཁྱིམ་ཚང་རེ་རེའི་ས་དོང་ནང་འདམ་རྫབ་ལས་ལྷག་མེད།  གྲོང་པ་ཚང་མ་སྤྱི་ལེ་བཅུ་གྲངས་སར་ཡོད་པའི་ཁྱིམ་མཚེས་གྲོང་ཚོར་ཆུ་ལེན་དུ་འགྲོ་བའི་དཀའ་སྡུག་ལ་གཏད་སོང་། ཉིན་ཞིག་གི་དགོང་མོར། ཅོན་ཅོན་ཁྱིམ་ལ་ཆུ་མེད་པའི་སྡུག་བསྔལ་མྱོང་དགོས་བྱུང་ཞིང་། ཁ་སྐོམ་པ་དང་ལུས་པོ་ཕར་ཚུར་ཨ་ལོག་རྒྱག་བཞིན་གཉིད་ཁུག་མ་ཐུབ། ནམ་སྨད་ལ་གཞི་ནས་ཟ་རི་ཟི་རིའི་ངང་ཐང་ཆད་དེ་མིག་གཉིས་ཟུམ་པར་བྱས། ཐམ་ཐོམ་གྱི་ཁྲོད་ཅོན་ཅོན་གྱི་སྒྱུག་མོས་རང་ལ་ཆུ་དྭངས་མ་ཕོར་པ་གང་སྟེར་བ་དང་། དེ་མོས་ཧུབ་ཐེངས་གཅིག་གིས་བཏུངས་ཤིང་། མི་ཚེ་འདིར་ཆུ་འདི་ལས་ཞིམ་མངར་ལྡན་པ་ཞིག་བཏུང་མ་མྱོང་སྙམ་བཞིན། མོས་སྒྱུག་མོ་ལ་“ཆུ་འདི་གང་ནས་བླངས་པ་ཡིན་ནམ། འདི་འདྲའི་ཞིམ་པ་ལ་”ཞེས་བཤད་པར། སྒྱུག་མོས་“གྲོང་ཚོའི་ས་དམར་རོང་ནས་བླངས་པ་ཡིན་”ཟེར་བར། སླར་ “ས་དམར་རོང་དེ་གྲོག་རོང་ཐན་པ་ཐེབས་པ་ཞིག་མ་ཡིན་ནམ། དེ་རུ་ཆུ་གང་ནས་རྒྱུགས་པ་རེད་”ཅེས་དྲིས། “སང་ཉིན་རང་ས་དམར་རོང་དུ་ཕྱིན་ནས་ལྟ་བར་སོང་དང་། རང་ཚོའི་ཁྱིམ་གྱི་སྦྲང་ནོར་བུ་དེ་དག་གིས་ཕ་གི་ནས་ཆུ་འཐུང་གིན་འདུག་”ཅེས་བཤད་ཚར་མ་ཐག  མིག་མདུན་གྱི་སྒྱུག་མོ་མི་སྣང་བར་གྱུར། ཅོན་ཅོན་གཟུགས་པོ་རྔུལ་ཆུས་བརླན་ཞིང་། ད་བྱེད་དུས་རང་ཉིད་ལ་རྨི་ལམ་མཚར་པོ་ཞིག་རྨིས་པ་དེ་རེད། ནམ་སྐྱ་ག་ལེར་གསལ་དུ་སོང་། ཅོན་ཅོན་གྱིས་བྲེལ་བྲེལ་འཚུབ་འཚུབ་ངང་བུའི་ཉལ་ཁྲིའི་མདུན་དུ་ཡོང་ནས་མདང་དགོང་གི་རང་ཉིད་ལ་རྨིས་པས་རྨི་ལམ་གྱི་ནང་དོན་མགོ་ནས་མཇུག་བར་ཕྲུ་གུ་གཉིས་པོར་བཤད་རྗེས། ཕྲུ་གུ་གཉིས་པོས་ཀྱང་མ་གྲོས་གཅིག་མཐུན་དུ། “མདང་ནུབ་ང་ལ་ཡང་རྨོ་ལགས་ཀྱིས་ཆུ་ཞིམ་པོ་ཞིག་སྟེར་བ་རྨིས་བྱུང་་་་་་་་།”ཟེར།

 སྐབས་ཤིག་རིང་ཅོན་ཅོན་སེམས་པ་བློང་བློང་པོར་གྱུར་བ་དང་། ཉིན་གུང་ཞིང་ལས་བྱས་ཚར་རྗེས་ཅོན་ཅོན་གྱིས་ས་དམར་རོང་དུ་ཡོང་ནས་ཕར་ལྟ་ཚུར་ལྟ་དང་། ཕར་འགྲོ་ཚུར་འོང་བྱས་མོད། ས་དམར་རོང་དུ་ཆུའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མིན་འདུག དུས་དེར་མོ་ཧོན་འཐོར་བཞིན་པའི་ཚེ། རང་གི་མདུན་ནས་སྦྲང་མ་གཉིས་འཕུར་ཡོང་ཞིང་མོའི་གཡས་གཡོན་དུ་འཕུར་གཡེང་བྱེད། མོའི་སེམས་སུ་མདང་དགོང་གི་རྨི་ལམ་དེ་དྲན་བཞིན་སེམས་སུ་མངངས་སྐྲག་ཀྱང་སྐྱེས། ད་དུང་སྐོམ་པ་ཆུ་འདོད་དྲག་པོར་གྱུར་ལ་མོས་གོམ་འགྲོས་མགྱོགས་སུ་བཏང་ནས་ཐག་ཉེ་རིང་དུ་འཕུར་བཞིན་པའི་སྦྲང་མ་གཉིས་ལ་དམ་པོར་ལྡིར། སྦྲང་མ་དེ་གཉིས་ག་ལེར་ཤིང་ཏོག་པོའོ་ལོ་ཡི་འདབ་མའི་སྟེང་དུ་བབས་སོང་། ཕར་བལྟས་ཚེ་ཆུ་འཐུང་བཞིན་པ་འདྲ། མོས་དེར་ཆུ་ཚོད་ཕྱེད་ཀ་ཙམ་བལྟས་རྗེས་དོན་སྙིང་མེད་པར་འདོད་དེ་ཁྱིམ་དུ་ལོག 

ཁྱིམ་དུ་ལོག་རྗེས་ཅོན་ཅོན་གྱི་སེམས་སུ་དོན་འདི་ཁྱད་མཚར་རེད་བསམ་པ་དང་། ཡང་མདང་དགོང་མ་བུ་གསུམ་པོའི་རྨི་ལམ་དང་། སྦྲང་མ། ཤིང་ཏོག་པོའོ་ལོ་དེ་དག་དབར་འབྲེལ་བ་གང་ཡང་མེད་པ་འདྲ་མོད། གནས་ཚུལ་གྱི་མགོ་ནས་མཇུག་བར་མོས་གྲོང་ཚོའི་ནང་གི་རྒན་པོ་གྲགས་ཅན་ཨ་ཁུ་ཙེ་ཆོན་ལགས་ལ་བཤད་དེ་སྐད་ཆ་དྲིས་པ་རེད། ཙེ་ཆོན་གྱིས་དགའ་ཚོར་ཆེན་པོས་ཅོན་ཅོན་ལ་བཤད་པར། “ད་ཐེངས་གཏན་འཁེལ་ཡོད་པའི་ཡིད་ཆེས་དགོས། དེ་ལ་ཡིད་མི་ཆེས་པ་གང་ན་ཡོད་”ཟེར། 

ཉིན་དེའི་ཕྱིར་དྲོར། ཅོན་ཅོན་གྱིས་ཨ་ཁུ་ཙེ་ཆོན་ལགས་མཉམ་དུ་ས་དམར་རོང་དུ་ཕྱིན་ནས་ཁ་སང་སྦྲང་མ་བབས་སའི་པོའོ་ལོ་ཡོད་ས་བསྟན། ཙེ་ཆོན་གྱིས་ཅོན་ཅོན་ཁྱིམ་དུ་ལོག་བཏང་པ་དང་། རང་ཉིད་གཅིག་པུས་ཕྱི་དྲོའི་དུས་ཚོད་རིང་ས་དམར་རོང་དུ་རྟོག་ཞིབ་བྱས། ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་ཙེ་ཆོན་གྱིས་རང་གི་བུ་ཁྲིད་དེ་ཕ་བུ་གཉིས་པོས་ཆུ་མིག་དྲུ་མགོ་བཙུགས། ཉིན་གསུམ་པ་དང་བཞི་པ། ཆུ་མིག་དྲུ་བར་ཡོང་མཁན་ཡུལ་མི་མང་དུ་ཕྱིན་སོང་། ཉིན་ལྔ་པའི་ཕྱི་དྲོར་སྲོག་སྐྱོབ་ཆེད་ཀྱི་ཆུ་མིག་དྭངས་མོ་ཞིག་བརྡོལ་བྱུང་ངོ་།། བཀྲ་ཤིས་པའི་དོན་དེས་ཅན་ཐེན་གྲོང་ཚོའི་ཕོ་མོ་རྒན་དར་ཀུན་ཉིན་ཤས་རིང་གཉིད་ཀྱང་མ་ཁུག དེ་ནས་བཟུང་ཅན་ཐེན་ཡུལ་མི་ཚོར་རང་གི་ཚེ་སྲོག་རྒྱུན་བསྲིངས་ཀྱི་ཆུ་མིག་ཡོད་པར་གྱུར། མི་རབས་མང་པོའི་རིང་“ས་དམར་རོང་”ཞེས་འབོད་པ་དེ་“ཆུ་མིག་རོང་”ཞེས་འབོད་མགོ་ཚུགས་སོ།།

ཡ་རབས་གཤིས་བཟང་གི་ཆུང་མ་ཅོན་ཅོན་གྱིས་ཆུ་མིག་རྙེད་པའི་དོན་དེ་ཡུལ་མི་ཚོར་དྲིན་ཆེན་པོ་ཡིན་པས། ལོ་ངོ་བཅུ་གྲངས་སོང་རྗེས་ཀྱང་། ཡུལ་མི་ཀུན་གྱིས་ཅོན་ཅོན་ལ་གུས་བཀུར་ཆེན་པོ་བྱེད། ཅོན་ཅོན་འདས་གྲོངས་བྱུང་བའི་ལོ་དེར། མོའི་སྐུ་ཕུང་ཁྱོ་བོའི་བང་སོའི་འགྲམ་དུ་སྦས་པ་རེད། ས་དེ་ཏག་ཏག་ཡུལ་མི་ཚོས་ཆུ་ལེན་དུ་འགྲོ་སྐབས་བརྒྱུད་དགོས་པའི་རྐང་ལམ་དེའི་རི་ལྡེབས་ཏུ་ཡོད། ཕྱིས་སུ་མི་ཚོས་མོའི་བང་སོའི་འགྲམ་དེར་མེ་ཏོག་རྒྱ་སེ་ཁ་ཤས་བཏབ་ཅིང་། བསམ་ཡུལ་ལས་འདས་པ་ཞིག་ལ། རྒྱ་སེ་དེ་དག་ནི་ཐན་སྐམ་ཐེབས་པའི་རི་ལྡེབས་དེར་བཀྲག་མདངས་རྒྱས་ཤིང་བཞད་ཁ་ཕྱེ་ལ། ལོ་རེ་བཞིན་མཛེས་སྡུག་གི་དཔལ་དང་མཚར་སྡུག་ངང་གསོན་བཞིན་འདུག ལོ་རེའི་སོ་ནམ་ཟླ་བ་བཞི་པ་དང་ལྔ་པར་རྒྱ་སེ་མེ་ཏོག་བཞད་པའི་དུས་ཚིགས་ཡིན་ལ། སྦྲང་ནོར་བུ་ཁྱུ་དང་ཁྱུ་འཕུར་ལྡིང་གི་གར་ལ་རྩེན་ནས་རྒྱ་སེ་མེ་ཏོག་ལ་འཁོར་ཡོང་ཞིང་། དེ་ལས་བྲལ་འདོད་མེད་པའི་རྣམ་པ་མངོན་གསལ་དོད། ཚུལ་དེ་ནི་“དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།” ཞེས་པའི་ལེགས་བཤད་ཀྱི་དོན་དང་ཡོངས་སུ་མཐུན་ནོ།། 

མི་རྒན་པ་ཚོའི་བཤད་སྒྲོས་ལས། ཅན་ཐེན་ཆུ་མིག་ནི་མཚར་སྡུག་ཡིད་དབང་འཕྲོག་པ་ཞིག་ཡིན་ལ། ཅན་ཐེན་ཆུ་མིག་གི་ཆུ་ནི་ཡན་ལག་བརྒྱད་ལྡན་རང་ཡིན། ཅན་ཐེན་ས་ཆའི་མི་རྣམས་ཆུ་མིག་འདིའི་དོན་དེས་སྤྱི་ལེ་བཅུ་གྲངས་དུ་གནས་ཀྱང་ཕར་ལྟ་ཚུར་ལྟའི་ངང་དུས་ཚོད་རིང་མོ་འགོར་མྱོང་། ལོ་དེ་དག་རིང་གྲོང་ཚོ་གཞན་གྱི་དམན་ཤར་དང་མོ་གསར་མང་པོ་ཞིག་ཅན་ཐེན་གྲོང་ཚོར་མནའ་མར་ཡོང་འདོད་ཡོད་པའི་གནས་ཚུལ་ཡང་བྱུང་། 

རང་ལོ་ལྔ་དྲུག་གི་གཡས་གཡོན་དུ། ང་ཡང་ཁོམ་ལོང་མེད་པར་སྒོ་ཕྱུགས་དེད་དེ་ཅན་ཐེན་ཆུ་མིག་ནས་ཆུ་ལེན་དུ་འགྲོ་བའི་རུ་ཁག་ནང་བཞུགས་དགོས་བྱུང་ལ། ངས་ཀྱང་ཅན་ཐེན་ཆུ་མིག་གི་སྒེག་ཉམས་དེ་སྤྲོས་པར་འདོད། བག་ཆགས་ཟབ་ཤོས་ཤིག་ནི། ལོ་དེ་དག་རིང་ཆུ་མིག་དང་བར་ཐག་རྨི་ཉིས་བརྒྱའི་གཡས་གཡོན་དུ་རྒྱ་སེ་མེ་ཏོག་རྐང་གཅིག་བཞད་འདུག  ད་ལྟ་བསམ་ཚེ་དེ་ནི་ངས་མི་ཚེ་ཕྱེད་ཀའི་རིང་མཐོང་མྱོང་བའི་ཆེས་ལྟ་ན་སྡུག་པའི་མཛེས་པ་དེ་རེད།

དུས་རབས་གོང་མའི་ལོ་རབས་བདུན་བཅུའི་དུས་མཇུག་ཏུ། ཅན་ཐེན་གྲོང་ཚོའི་ནང་མི་འབོར་ཇེ་མང་ནས་ཇེ་མང་དུ་འཕར་སྣོན་བྱུང་བ་དང་། ཆུ་མིག་གི་ཆུ་རྒྱུན་དེས་ཆུའི་དགོས་མཁོ་སྐོང་མ་ཐུབ་པར། རྒྱུན་དུ་རུ་སྟར་སྒྲིག་ནས་ཆུ་ལེན་པའི་རྣམ་པ་མཐོང་རྒྱུ་ཡོད། 1980ལོར། ཅན་ཐེན་རུ་ཁག་ནང་དམག་ལོག་ལས་བྱེད་ལིའུ་ཧུང་ཏུང་ཟེར་བ་ཞིག་སླེབས། ཁོས་དོན་དེ་མཐོང་བཞིན་སེམས་ནས་མ་བཟོད་པར་ཕྱོགས་མང་པོ་ནས་མ་དངུལ་བསྡུ་རུབ་བྱས་པ་དང་། དེ་དུས་ཆུ་ཐོན་ཚད་ཅུང་མང་ཡང་ཚྭ་དྲི་ཅུང་ཟད་བྲོ་བའི་ཆུ་མིག་ཅིག་ཡོད་པ་དེ་རྨི་གསུམ་ཙམ་སྔོག་པ་དང་། དེར་སོ་ཕག་རྩིག་ཏེ་ཁྲོན་ཁ་བཟོས་རྗེས་ཆུ་ཐོན་ཚད་མང་དུ་སོང་ལ་ཆུའི་སྤུས་ཚད་ཀྱང་ཡག་ཏུ་སོང་བ་མ་ཟད་དགུན་ཁ་ཡང་ཆུ་དེ་མི་འཁྱགས། དེའི་རྗེས་ནས་བཟུང་དུས་ཡུན་རིང་མོ་ཞིག་ལ་ཅན་ཐེན་གྲོང་ནང་ཆུའི་དོན་དུ་སེགས་སྡུག་དང་སེམས་ངལ་བྱེད་མཁན་མེད། ཡུལ་མི་ཚོས་དམངས་ཕན་གྱི་ལས་གཞི་འདིར་བསྟོད་བསྔགས་ཡང་ཡང་གཏོང་བ་དང་། “ཆུ་འཐུང་ན་ཁྲོན་པ་བརྐོ་མཁན་མི་བརྗེད་”ཟེར་བ་ལྟར། ལོ་ངོ་མང་པོ་ཞིག་འདས་ཟིན་པ་དང་། འཐུང་ཆུའི་ལས་གཞི་མང་པོ་ཞིག་ལག་བསྟར་དོན་འཁྱོལ་བྱས་པས། ཅན་ཐེན་ཆུ་མིག་གིས་རང་གི་འགན་འཁྲི་ལེགས་སྒྲུབ་ཐུབ་ཅིང་། མི་ཚོའི་མིག་རྒྱ་ལས་བར་ཐག་ཇེ་རིང་གྱུར་བཞིན་ཡོད། འོན་ཀྱང་ཅན་ཐེན་ཆུ་མིག་གི་རོ་མངར་མྱོང་བཞིན་འཚར་ལོངས་བྱུང་བའི་ཡུལ་མི་ཚོས་ཆུ་མིག་དྲིན་ཅན་དེའི་བཀའ་དྲིན་བརྗེད་མེད་སེམས་སུ་དྲན་ཡོད་ཅིང་། གུས་བཀུར་འོས་པའི་ལིའུ་ཏུང་ཧུང་ཟེར་བ་ཁོང་ཡང་བརྗེད་མེད་་་་་་་་་་།

དུས་ཚོད་ནི་འགྱུར་ལྡོག་ཆེ་ལ་ལོ་ཟླ་དེ་གླུ་དབྱངས་དང་འདྲ་བར། དུས་རབས་བསྣོལ་སྦྲེལ་གྱི་ཁྲོད་དུ། རྒྱལ་ཁབ་ཀྱི་སྔ་ཕྱིར་“121ཆར་ཆུ་བསྡུས་བཞུར་ལས་གྲྭ་”དང་“ཆུ་ཁྲིད་ལས་གྲྭ་”ལག་བསྟར་བྱས་རྗེས། ཨར་འདམ་གྱི་དོང་གིས་སྲོལ་རྒྱུན་གྱི་ས་དོང་གསར་བརྗེ་དང་། ཆུ་ཀ་ལས་དོང་ཆུའི་ཚབ་བྱེད་ཐུབ་པ་བྱུང་། ཕྲག་ཤིང་། ཆུ་དོང་། བདུད་པ་དམ་པའི་ཆུ་སྣོད་འཐེན་ཐག་སོགས་ཐན་སྐམ་ཕོག་སའི་མི་ཚོསི་དྲན་ཤེས་ཀྱི་ཏིང་དུ་ཉར་ཡོད་ཅིང་། དེ་ལོ་རྒྱུས་ཀྱི་སྦས་དོན་ཆགས་པ་རེད། ངོ་མཚར་ཅན་གྱི་ཅན་ཐེན་ཆུ་མིག་  ལོ་རྒྱུས་ཀྱི་ཅན་ཐེན་ཆུ་མིག་  ཕ་ཡུལ་གྱི་ཅན་ཐེན་ཆུ་མིག་ཡ། ཁྱོད་དང་ཁོང་། ང་ཚོ་ཚོ་ཚང་མའི་དྲན་པའི་ཟབ་སར་བཞུགས་པའི་ཅན་ཐེན་ཆུ་མིག དྲན་པའི་ཁྲོད་དུ་ཆུ་འཚོལ་བའི་གྲོང་ཚོ་འདི་ནི། ངའི་ཕ་ཡུལ་གྲན་ཁོའོ་གྲོང་རྡལ་ཡན་ཀོའོ་གྲོང་ཚོ་ཡིན་ནོ།། 

(“ཅན་ཐེན་ཆུ་མིག་གི་ངག་སྒྲོས་”སྒྲུང་གཏམ་འདི་འབྲི་བའི་ཁྲོད་མི་རབས་དུ་མའི་རིང་ཅན་ཐེན་ཆུ་མིག་གནས་ཡུལ་གྲོང་ཚོར་བསྡད་ཅིང་། ད་ལྟ་ཐེན་ཧྲུའི་ལ་བཞུགས་པའི་སྐུ་ཞབས་ལིའུ་ལགས་ཀྱི་རོགས་རམ་གནང་བར་དམིགས་སུ་ཐུགས་རྗེ་ཆེ་ཞུ་བ་ཡིན།)

1.png

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།  སུསུ་ཡན་ཆིང་ནི་སློབ་འབྲིང་གི་ས་ཁམས་རིག་པའི་མཐོ་རིམ་དགེ་རྒན་ཡིན་ཞིང་། ཀན་སུསུ་ཞིང་ཆེན་གྱི་རྐང་འཛིན་དགེ་རྒན་དང་ཏིང་ཤིའི་གྲོང་ཁྱེར་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞི་ཁང་གི་ཞིབ་འཇུག་པ། ལྷུག་རྩོམ། སྒྲུང་ཐུང་། འབོལ་རྩོམ་སོགས་མི་ཉུང་བ་ཞིག་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཐོག་འགོད་མྱོང་། ས་ཁམས་རིག་པའི་སློབ་ཁྲིད་དཔྱད་གཞི་མང་པོ་རྩོམ་སྒྲིག་གནང་མྱོང་། དུས་དེབ་ཚན་པ་མང་པོའི་གདན་ཞུའི་རྩོམ་འབྲི་བ་ཡིན།།

2.jpg

ལོ་ཙྰ་བ་ངོ་སྤྲོད་མདོར་བསྡུས། ཨུ་རྒྱན་ནི་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་གི་མི་ཡིན་ཞིང་། ལོ་བདུན་ནས་བཟུང་སྔ་རྗེས་སུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བརྒྱུད། 2015ལོའི་ཟླ་བདུན་པར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་2011ལོའི་བོད་སྐད་ཡིག་རྩོམ་རིག་ལས་རྒྱ་བོད་ལོ་ཙཱའི་འཛིན་གྲྭ་ནས་སྦྱངས་འབྲས་མི་དམན་པ་བླངས་ཤིང་དངོས་གཞིའི་དམ་བཅའ་བཞག་ཏེ་མཐར་ཕྱིན། དེ་སྔ་2014ལོའི་ཟླ་བཞི་པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་སྒྱུར་ཁང་དུ་ཟླ་བ་གཅིག་ལྷག་ཙམ་སྲིད་གཞུང་གི་གཞུང་ཡིག་ལོ་ཙཱ་བྱས། ལོ་དེའི་ཟླ་བ་དྲུག་པ་ནས་བཟུང་ཀྲུང་གོའི་བོད་ལྗོངས་དྲ་བར་གསར་འགྱུར་ལོ་ཙཱར་བཞུགས། སྔ་ཕྱིར་བྱིས་སྒྲུང་ལོ་ཙཱ་དང་རྩོམ་རིག་ལོ་ཙཱ་བྱས་ཤིང་འགྱུར་རྩོམ་མི་ཉུང་བ་ཞིག་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིགགསར་འགྱུར། གཞིས་རྩེའི་ཚགས་པར། བོད་ལྗོངས་གཞོན་ནུའི་ཚགས་པར་སོགས་སུ་སྤེལ་མྱོང་། 2015ལོའི་ཟླ་བ་12པ་ནས་བཟུང་གཞུང་གི་སྤྱི་ཞབས་པའི་ཡིག་ཚད་བླངས་ནས་ཉི་མ་རྫོང་མི་དམངས་ཁྲིམས་ཁང་དུ་བྱ་བར་བཞུགས། ད་བར་རྫོང་ཁྲིམས་ཁང་གི་ཁྲུན་གཅོད་ཡིག་ཆ་དང་ཁྲིམས་ལུགས་ཐ་སྙད་སྒྱུར་སྒྲིག་གི་བྱ་བ་སྒྲུབ་བཞིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།