ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་སྲོལ་གྱི་ཐ་སྙད་འགའི་སྒྱུར་སྟངས་བཤད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནི་འགྲོ་བ་སེམས་ཅན་ཡོངས་ཀྱི་མངོན་འདོད་ཅིག་ཡིན་ནའང་། འཚོ་བའི་ནང་སྐབས་རེར་འཁྲུག་འཛིང་དང་རྩོད་པ་སོགས་ཡོང་གི་ཡོད་ཅིང་། རྩོད་རྙོག་སྐབས་ཕྱོགས་ཕན་ཚུན་གཅིག་གིས་གཅིག་ལ་སྐྱོན་བརྗོད་སོགས་བྱས་ནས་ཁ་མཆུ་ཡོང་བ་ཡིན། གནས་སྟངས་དེ་ལ་བརྟེན་ནས་ཁྲིམས་ཀྱི་བྱ་གཞག་གཉེར་དགོས་ཀྱི་ཡོད། ད་རེས་འདིར་ཁྲིམས་དང་འབྲེལ་བའི་ཐ་སྙད་རྒྱུག་ཆེ་བ་འགའི་སྒྱུར་སྟངས་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་ཙམ་གླེང་བར་བྱ།

དང་པོ། ཐ་སྙད་འགའི་སྒྱུར་ཚུལ་དང་སྐྱོན་སེལ།

1. 承认 རྐུ་ཇག་འཕྲོག་གསུམ་དང་མི་བསད་སོགས་ཚབས་ཆེ་ཆུང་ཅི་རིགས་ཀྱི་ཁ་མཆུ་ཡོང་ན། དེ་དང་འབྲེལ་བའི་བྱེད་ངན་སྒྲུབ་མཁན་རྩད་བཅད་ནས་ཉེས་པ་གང་ཡིན་མིན་རྟོགས་པར་བྱེད་དགོས། དེ་ལ། 承认犯罪 ཞེས་པར་རྒྱུན་དུ། རྒྱ་བོད་ཚིག་མཛོད་དུ། ཁས་ལེན་དང་ངོས་ལེན་ཞེས་གཉིས་འཁོད་ཡོད་པར་བརྟེན། ཉེས་པ་ཁས་ལེན། ཞེས་ཇི་བཞིན་བཤུས་ཏེ་སྒྱུར་རྐྱང་བྱེད་བཞིན་ཡོད་ནའང་། དོན་ལ་འདི་ཁྲིམས་སྲོལ་དང་འབྲེལ་བའི་ཐ་སྙད་ཅིག་ཡིན་པ་དང་། བོད་སྐད་ནང་། སུས་ཀྱང་སོ་སོར་ཉེས་ཅན་དུ་ངོས་ལེན་མི་བྱེད། ཅེས་པ་ལྟར། སྐབས་དོན་ལ་བསམས་ཏེ། ངོས་ལེན། ཞེས་བསྒྱུར་ནས་སྐབས་བབ་ལ་འབྲེལ་བ་དང་དོན་གྱི་གནད་ཀྱང་ལེགས་པར་ཐོན་འདུག གལ་སྲིད། ཁས་ལེན། ཞེས་བསྒྱུར་ཚེ་ཐ་སྙད་སྤྱི་ལྡོག་ཙམ་ལས་ཁྲིམས་སྲོལ་དང་འབྲེལ་བའི་དོན་གྱི་ཞིབ་ཆ་མེད་པར་གྱུར།

2. 审理 ཇག་བཅོམ་བྱས་པ་དང་སྲོག་བཅད་པའི་སྐོར་གྱི་སྦྱོར་ངན་གང་ཞིག་བརྩམས་ཀྱང་། དེང་གི་དཔལ་ཡོན་ལྡན་པའི་རྒྱལ་ཁམས་གང་དུའང་། དོགས་པ་ཟ་ཡུལ་གྱི་གང་ཟག་སུ་ཞིག་ལ་རང་དགར་བཙོན་དུ་འཇུག་པ་དང་ཁྲིམས་ལ་སྦྱོར་མི་རུང་བར། ཐོག་མར་གྱོད་དོན་ཁ་མཆུ་དེར་ཁྲིམས་ཁང་དུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། དེ་ལ་རྒྱ་ཡིག་ཏུ། 审理 ཞེས་པར་ད་ལྟའི་ཚིག་མཛོད་དུ། ཞིབ་བཤེར་ཐག་གཅོད། ཞིབ་གཅོད། ཅེས་བཀོད་ཡོད་ནའང་། མིང་སྔ་མ་རིང་དྲགས་པ་དང་ཕྱི་མ་ཚིག་སྡུད་ལྟ་བུར་གྱུར་ནས། བོད་རང་སྐད་དུ་ཅི་ལྟར་ཟེར་བསམ་མེད་པར་སྣང་། དེ་ཡང་། ཁྲིམས་གཞི་དེ་ལྟར་ན་དབྱིན་ཇི་སྲིད་གཞུང་ལ་སྐྱེ་བོ་སུ་ཞིག་ཡིན་རུང་ཁྲིམས་ཞིབ་མ་བྱས་པར་བཙོན་དུ་འཇུག་པའི་དབང་ཆ་ཡོད་པ་རེད། ཅེས་པ་ལས་གསལ་བཞིན། ཁྲིམས་ཞིབ། ཅེ་ན་བོད་སྐད་ཀྱི་བརྡ་ལ་འཇགས་ཟིན་ཁར་གསར་དུ་བསྒྱུར་བའི་ངལ་བའང་བྱེད་མི་དགོས་པ་ཡིན།

3. 证明 གོང་གསལ་ལྟར། མི་སུ་ཞིག་ལ་ཉེས་པ་ཡོད་པར་བསྙད་བཏགས་ནས་གང་འདོད་དུ་བྱེད་མི་རུང་བར་དངོས་གནས་མི་དེར་ཉེས་པ་ཡོད་ལུགས་གསལ་པོ་ཡོང་བ་དང་ར་འཕྲོད་པར་བྱེད་དགོས། རྒྱ་ཡིག་ཏུ། 证明有犯罪事实 ལྟ་བུར་དཔེར་མཚོན་ན། 证明 ཞེས་པར། ཚིག་མཛོད་ལ་བསྟུན་ནས། ར་སྤྲོད། ར་འཕྲོད། ཁུངས་གཏུག་སོགས་སུ་སྒྱུར་གྱིན་ཡོད་མོད། བོད་སྐད་དུ། ཁྲིམས་ཁང་དུ་མི་དེ་དག་ཉེས་ཅན་དུ་ཁུངས་སྐྱེལ་དགོས་པ་ཡིན། ཞེས་ཁུངས་སྐྱེལ་ལྟ་བུར་བསྒྱུར་བ་ནི་ཧ་ཅང་འཚམ་པར་མངོན། དེ་ལྟར་ན་ཁུངས་བསྐྱལ་ནས་ཁུངས་འཁྱོལ་ན་ཉེས་ཆད་འཁུར་དགོས་པ་ཡིན་ལ་བོད་སྐད་ཀྱི་བྱ་བྱེད་ཐ་དད་མིན་གྱི་ལས་ཚིག་གི་རྣམ་གཞག་ལ་ལྷག་པར་གོ་རྒྱུ་ཆེན་པོ་ཡོད།

4. 申诉 ཁྲིམས་ཁང་གི་བཅད་ཁྲ་དེ་ཚད་ལས་བརྒལ་བའམ་ཉེས་ཅན་རང་གི་བློ་མ་མགུ་ན། བསྐྱར་དུ་བསམ་འཆར་ཞུས་ནས་སླར་ཡང་ཐག་གཅོད་བྱ་རྒྱུའི་རེ་བ་འདོན་པ་དང་གཏུག་བཤེར་བྱེད་ཆོག དེ་ལ་རྒྱ་སྐད་དུ། 申诉 ཞེས་པར། བསམ་འདུན་བསྐྱར་ཞུ། དག་སེལ་དགོས་པའི་ཞུ་བ་འབུལ་བ། གནས་ལུགས་ཡོང་རྐྱེན་ཞུ་བ་སོགས་ལྟར་སྒྱུར་ཚུལ་སྣ་ཚོགས་མཐོང་རྒྱུ་ཡོད་ཀྱང་མཐར་གཏུགས་ན། གོང་དང་འདྲ་བར་ཚིག་མཛོད་ཁག་གི་རྗེས་འབྲངས་པ་དང་དེ་དག་གི་ནང་དུ་ཇི་བཞིན་གསལ་བ་ལྟར་བཤུ་རྐྱང་བྱས་འདུག ཇི་སྐད་དུ། ཁྲིམས་ཁང་འོག་མ་ཚོས་ཁྲིམས་བཅད་པ་དེ་ལ་ཁས་ལེན་བྱས་པར་ཁྲིམས་ཁང་ཆེན་མོ་ཁག་ལ་ཞུ་གཏུག་བྱ་ཆོག་པ་ཡིན། ཞེས་བོད་རང་གི་སྐད་ཡིག་ཏུ་གསལ་བ་བཞིན། ཞུ་གཏུག་ཅེས་བཤད་སྲོལ་ཡོད་པའི་ཕྱིར། དེ་བཞིན་དུ་བསྒྱུར་ཚེ་ཀུན་གྱིས་གོ་སླ་བ་དང་འཛིན་བདེ་ཞིང་། གོང་དུ་ཚིག་མཛོད་དུ་འཁོད་པ་བཞིན་བསྒྱུར་ན་བོད་སྐད་དུ་ཚིག་སྣ་རིང་དྲགས་པ་དང་དགོས་མེད་གསར་སྒྱུར་གྱི་སྐྱོན་ཡང་ཡོད་པར་སྙམ།

5. དངུལ་ཊམ།货币 བཅའ་ཁྲིམས་ཁྲིམས་སྲོལ་སྐོར་གྱི་ཡིག་ཆ་དང་གསར་འགྱུར་སྒྱུར་དུས་དཔལ་འབྱོར་དང་འབྲེལ་བའི货币 硬币 纸币 ཞེས་པའི་མིང་བརྡ་འདི་དག་རྒྱུན་དུ་འཕྲད་སྐབས། དོན་གྱི་ཞིབ་ཆ་ལྟར་སྒྱུར་དགོས་མོད། མིང་སྔ་མ་དེར། དངུལ་ལོར། དངུལ་ཊམ། ཞེས་དང་། མིང་བར་མ་དེར། དངུལ་སྒོར། ལྕགས་སྒོར། ཞེས་པ། མིང་ཕྱི་མ་དེར། ཤོག་ལོར། ཤོག་དངུལ་ཞེས་སྒྱུར་ཚུལ་ཡོད་པ་དང་། སྐབས་རེར་དེ་གསུམ་གར། དངུལ་ལོར་ཞེས་གཅིག་ཏུ་བསྒྱུར་པའང་མཐོང་། ཞིབ་ཏུ་བསམས་ན། མིང་དེ་གསུམ་ནི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་པས་དོན་མ་འདྲེས་པར་གསལ་བར་བསྒྱུར་དགོས་ཏེ། 货币 ནི་སྤྱི་མིང་ཡིན་པས། དངུལ་ལོར། ཞེས་བསྒྱུར་རྗེས་དེའི་ནང་གསེས་ཀྱི་རྒྱུ་ཤོག་བུ་དང་ལྕགས་རིགས་ལས་བཟོས་པར་བལྟོས་ཏེ་ཤོག་དངུལ།纸币 དང་ཊམ་སྒོར།硬币ཞེས་བསྒྱུར་ན་ཁ་གསལ་བ་དང་དོན་ལའང་མཐུན། གོང་སྨྲས་དག་ནི་དཔེ་མཚོན་ཙམ་ཡིན་པས་ཞིབ་རྒྱས་སུ་བཀོད་ན་མང་བར་དོགས་པས་གཅིག་ཤེས་ཀུན་གྲོལ་ཐུབ་པའི་རེ་བ་ཞུ།

གཉིས། ཁྲིམས་སྲོལ་གྱི་ཚིག་མཛོད་དང་ལོ་ཙཱ་བའི་ཤེས་ཚད།

སྔོན་རབས་དང་ཉེ་དུས་ཀྱི་ལོ་ཙཱ་བ་དང་མཁས་དབང་རིམ་བྱོན་གྱི་བཀའ་དྲིན་དང་ཐུགས་བསྐྱེད་ཆེན་པོ་ལས་ཚིག་མཛོད་སྣ་ཚོགས་བྱུང་ནའང་། ད་ལྟའི་ཆར་ང་ཚོའི་སྐད་ཡིག་ལ་དེ་ཙམ་གྱིས་ད་དུང་ཡང་མི་འཐུས་པར་ཤེས་རིག་དར་བའི་ཡུལ་ལུང་དང་མི་རིགས་གཞན་རྣམས་དང་འདྲ་བར་རིག་ཚན་གསར་པའི་ཚིག་མཛོད་ཁུངས་ལྡན་སྤུས་དག་བསྒྲིག་རྒྱུ་ནི། དེང་དུས་ཀྱི་འཚོ་བ་དང་རིག་ཚན་སོ་སོའི་འཕེལ་འགྲོས་དང་མཐུན་དགོས་པའི་རང་སྐད་ལ་གལ་ཆེན་ནང་གི་འགངས་ཆེན་དུ་གྱུར་འདུག དེ་ཡང་དེང་རབས་རྒྱ་སྐད་ཀྱི་མིང་མཛོད་ཅེས་པར་ཆ་མཚོན་ན། ད་སྔའི་བར་དག་བཅོས་བྱས་ནས་པར་གཞི་བདུན་པར་སླེབས་ཟིན་ནའང་། བོད་ཡིག་གི་ཚིག་མཛོད་རེ་ཟུང་ཉེ་བའི་ལོ་འདི་དག་གི་རིང་ད་གཟོད་དག་བཅོས་བྱས་ཏེ་པར་གཞི་གཉིས་པ་བཀྲམ་མ་ཐག་རེད། དེའི་ཕྱིར་གོང་དུ་བརྗོད་པ་བཞིན་ཁྲིམས་སྲོལ་གྱི་བརྡ་ཆད་སོགས་སྒྱུར་དུས་ཞིབ་ཆ་མ་ཐོན་པ་དང་འགྱུར་ལོག་སོགས་ཀྱི་འགྱུར་སྐྱོན་མང་བ་ཡང་སྒྱུར་པ་པོའི་ལག་ཏུ་བསྣམས་པའི་ཚིག་མཛོད་སྤུས་དག་མེད་པར་ཡང་རག་ལས་ཏེ། མཁས་དབང་དཔའ་རིས་སངས་རྒྱས་ལགས་ཀྱིས་ཇི་སྐད་དུ། ལས་ཆོད་ཆེ་བར་ཡོ་བྱད་ངར་བ་དགོས། ། ཚེགས་ཆུང་བསྒྲུབ་སླ་སྤུས་ཀ་རྩལ་དུ་ཐོན། ། ཡོན་ཏན་སློབ་པར་དག་ཡིག་ཚད་ལྡན་དགོས། ། དཔལ་མགོན་སྡོངས་གྲོགས་ཉེ་བར་བསྟེན་པ་བཞིན། ། ཞེས་གསུངས་ལྟར་ཡིན་ལ། རིག་ཚན་སོ་སོའི་བོད་ཡིག་གི་ཚིག་མཛོད་ཡོ་བྱད་ཚད་ཐུབ་རེ་ཡོད་ཚེ་སྒྱུར་མཁན་ལའང་ཕན་ཐོགས་ནས་འགྱུར་གྱི་སྤུས་ཀ་ལེགས་པོ་ཡོང་ངེས་རེད། དེར་མ་ཟད་གཞན་ཡང་ལོ་ཙཱ་བའི་ཤེས་ཚད་ཇེ་རྒྱས་ཇེ་བཟང་དུ་གཏོང་རྒྱུ་ནི་གཞི་རྩ་ཡིན་ལ་ཁོང་རྣམ་པར་སྔོན་གྱི་དུས་སུ་ཡབ་མེས་དམ་པ་ཚོས་འཇིག་རྟེན་མིག་ཅེས་མཚན་ཐོབ་ཕུལ་བ་དང་དང་བཀུར་བསྟི་ཞུས་པ་ལས་ཀྱང་མཁྱེན་རྒྱ་ཡངས་དགོས་ལུགས་གསལ་པོར་མཚོན། ཅུང་གསལ་བར་བཤད་ན། ཐོག་མར་བསྒྱུར་བྱའི་སྐད་ཡིག་དང་སྒྱུར་བྱེད་སྐད་ཡིག་གཉིས་ཀྱི་ཤེས་ཚད་ལེགས་དགོས་ཏེ་བསྒྱུར་བྱའི་མ་རྩོམ་གྱི་དོན་རབ་རིབ་སབ་སིབ་ཙམ་གོ་བས་མི་ཆོག་པར་ཡོངས་སུ་དཔྱིས་ཕྱིན་པར་གོ་བའི་ཚད100%ལ་སླེབས་དགོས། དེའི་ཐད་རྒྱལ་ཁབ་གཞན་གྱི་ལོ་ཙཱའི་གཞུང་ལུགས་སྨྲ་བས་ལོ་ཙཱ་ནི་ཞིབ་འཇུག་གི་རྨང་གཞིའི་ཐོག་སྒྲུབ་དགོས་པའི་ལས་ཤིག་ཡིན་ཞེས་གསུང་གནད་ལ་ཁེལ་བ་མཛད་མྱོང་། དོན་ཡོངས་སུ་གོ་བའི་རྗེས་སུ་སྒྱུར་བྱེད་སྐད་ཡིག་གི་ཤེས་ཚད་ནི་སྔ་མ་དེ་ལས་བྱང་ཆུབ་པ་རྩེ་གྲས་སུ་སླེབས་དགོས་ཤིང་། དེ་ལྟར་བྱུང་ན་དོན་ཇི་བཞིན་དུ་མཚོན་ཐུབ་སྟེ་ཕ་རོལ་གཞན་སྐད་ནས་ཚུར་རོལ་རང་སྐད་ཀྱི་ཀློག་མཁན་ལ་གོ་བརྡ་འཕྲོད་ཐུབ།

མདོར་ན། ཁྲིམས་སྲོལ་གྱི་ཡིག་ཆ་དང་གསར་འགྱུར་སྤུས་དག་ཅིག་བསྒྱུར་དགོས་ན། ལོ་ཙཱ་བའི་ཤེས་ཚད་ལེགས་པ་དང་ཚིག་མཛོད་སྤུས་དག་ཅིག་ཡོད་ཚེ་གང་ས་ཅི་ཐད་ནས་ཕུན་སུམ་ཚོགས་པོར་འགྲོ་ངེས་རེད་སྙམ་མོ། །

(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་ཁང་གི་གནམ་ཕྱུག་རྒྱལ)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།