ཀྲུང་གོ་བོད་ཀྱི་དྲ་བ།

མཐའ་ཡས་པའི་རྩྭ་ཐང་། (སྙན་ཚོམ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​དབང་ཕྱུག་ཚེ་བརྟན་གྱིས་བརྩམས།རྡེའུ་དཀར་ནག་གིས་བསྒྱུར།   སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྨ་ཆུ།

མི་ལོ་ཉི་ཤུའི་འཕེལ་འགྲིབ་རིང་། ཡིད་ལ་ཉི་མ་ཞིག་ཉར་ཡོད།

མཐའ་ཡས་པའི་རྩྭ་ཐང་ནི་ཁོ་བོའི་ཚེ་སྲོག་འབྱུང་སའི་བསྟི་གནས་ཤིག

མིག་ལ་མེ་ལྟར་འཚེར་བའི་ཉི་མ་ཆེན་པོ་ཞིག

རྨ་ཆུ་ནི་ཁོ་དང་ཐག་ཉེ་ཤོས་ཀྱི་མེ་ཏོག་གི་དགའ་ཚལ་ཞིག

འོད་ཀྱི་རྒྱུ་བས་ཁོང་གི་སེམས་ཀྱི་ཁུག་ཆ་གཙང་འཁྲུད་བྱེད་དུ་བཅུག

འོད་ཀྱི་རྒྱུ་བས་གྲིབ་སོའི་ཁུག་པ་མེ་ཏོག་གི་དགའ་ཚལ་ནས་ཡལ་དུ་བཅུག 

མཐའ་ཡས་པའི་རྩྭ་ཐང་། ཉི་མ་ཆེན་པོའི་འབྱུང་གནས།

ཉི་ཟེར་དྲག་པོས་སྐྱུག་བྲོའི་སྤྱང་པགས་ཤར་མར་བཤུས་ཏེ། 

ལུག་ཁྱུའི་ངོ་བོ་དབྱེར་མེད་སླར་གསོ་བྱེད་དུ་བཅུག

ནས་དང་ལྡུམ་བུ་གང་དགར་འཕེལ་བར་གཟིགས་ཤིག 

ཁོ་ཚོ་དགའ་ཞེན་ཆེ་བ་ཁོ་ནས་མཉམ་དུ་སྡོད་ཅིང་།

འདི་ནི་རང་སྣང་གང་ཤར་གྱི་མཐའ་ཡས་པའི་རྩྭ་ཐང་ཞིག 

འདི་ནི་བདེ་ཐང་དང་ཡར་ཐོན་གྱི་མཐའ་ཡས་པའི་རྩྭ་ཐང་ཞིག

གང་སར་ལྷན་མེར་བཞད་པའི་མེ་ཏོག་གི་ཚོགས།

ཚེ་རབས་ཀུན་ཏུ་རྩྭ་ཆུ་བསྙེགས་ཏེ་འཚོ་ཞིང་གཞེས། 

མི་ལོ་སྟོང་གི་བདེ་སྐྱིད་ལྡན་པའི་རྩྭ་ཐང་ཆེན་པོ་འདི། 

ཉི་འོད་ཀྱིས་ཁོ་བོའི་མིག་ཟུང་ལ་ཤར་ཤར་ངང་ཟུག་གཟེར་སྦྱིན་དུ་བཅུག 

རྩྭ་ཐང་གིས་ཁོ་བོ་ཁེབས་རྒྱ་ཆེ་རུ་བཅུག 

ཁོ་བོ་ནི་ཁྱོད་རང་བདེ་སྐྱིད་ལྡན་པའི་གནོད་འཚེ་ཕོག་མཁན་ཞིག 

ཁོ་བོ་ནི་ཁྱོད་ཀྱི་རྨོངས་ཚོད་དང་འོན་ལྐུགས་ཅན་གྱི་སྙིང་སྡུག་ཅིག

འབྲོག་ཕྲུག་གིས་རྟ་ཐོག་ནས་ལྕག་གིས་གཞུས་པའི་སྒྲ།

ནམ་མཁར་གློག་དམར་འཁྱུག་པ་དང་འདྲ་བར།

ཁོ་བོའི་རྨོངས་སེམས་སུ་ཧོལ་གྱིས་གཞུ་ཡོང་།

ཁོ་བོ་ནི་རྩྭ་ཐང་འདིའི་མགྲོན་པོ་ཁོ་ན་ཙམ། 

མི་ཚེ་གང་བོ་རྒྱང་རིང་གི་རྩྭ་རའི་ཕ་རོལ་དུ་སྐྱེལ་ཞིང་། 

འདོད་ཧམ་དང་རེ་མེད་ངང་ཕར་འགྲོ་ཚུར་འགྲོ་བྱེད། 

མཛོད་དགེ།

ཐོག་མའི་སྙིང་སྡུག་ཅིག་དང་འདྲ་བར། 

ཐེངས་དང་པོར་མིག་གི་དབང་བོར་ཕབ་བྱུང་། 

ཨེ་མ། མཐའ་ཡས་པའི་རྩྭ་ཐང་། 

འདི་ནི་དག་གཙང་དང་ནག་ནོག་མ་གོས་པའི་ལྗང་མདོག་གི་འཇིག་རྟེན་ཞིག 

འདི་ནི་ནོར་ལུག་གིས་ཁེངས་ཤིང་རྩྭ་ཆུ་རྒྱས་པའི་བརྩེ་དུང་གི་དགའ་ཚལ་ཞིག

རྩྭ་ཐང་ལས་མཐའ་ཡངས་ཤིང་རྒྱ་ཆེ་བའི་སེམས་པ་ཕྲ་མོ་འཚོལ་ཞིབ་ཀྱི་ལམ་དུ་བཞུད་སོང་། 

མཛེས་སྡུག་ཡི་གར་འོང་བའི་ཡུལ་ཁམས་ཆེན་མོ་འདི།

ན་ཆུང་རྣམས་དེ་ནས་བཟུང་འཚར་ལོངས་རྒྱས་སུ་བཅུག 

མཐའ་ཡས་པའི་རྩྭ་ཐང་ལ་གཟིགས་ཤིག

རྫུབས་མཐུག་པའི་ཁྱོད་ཀྱི་ནགས་ཚལ་ལ་གཟིགས་ཤིག

དགའ་འབོད་བྱས་ཟིན་པའི་ཞབས་བྲོ་དུས་ཚོད་ཀྱི་འཁྱུག་འོད་ཁྲོད་ཆེམ་ཆེམ་འཕྲོ། 

དོ་ནུབ་ཁད་ཀྱིས་འོང་སྟེ་ཆུ་མིག་གི་སྒྲ་རུ་འགྱུར། 

ཉིན་བཞིན་རྒྱང་དུ་བཞུད་ཅིང་ཉིན་བཞིན་རྒྱུས་མེད་པའི་མཐའ་ཡས་པའི་རྩྭ་ཐང་འདི། 

ཁྱོད་ཀྱི་ཚེ་སྲོག་གང་དུ་བྱ་འཕུར་བ་ལྟར་རྒྱུག་སོང་།

ཁྱོད་རང་བརྩེ་བ་མེད་པའི་ལོ་ཟླའི་འཇིག་རྟེན་དུ་གབ་ཡོད། 

ལོ་ནམ་ཞིག ཟླ་ནམ་ཞིག དུས་ནམ་ཞིག  ཡང་བསྐྱར་ཁྱོད་རང་མཐོང་ཐུབ་བམ།

མཐའ་ཡས་པའི་རྩྭ་ཐང་གི་མཚན་མོ། 

འདི་ལས་སྨག་རུམ་ལྡན་པ་ཞིག་གང་དུ་ཡོད་དུས།

སླར་ཡང་ནག་འཐིབས་སེར་གྱུར་སོང་།

མཐའ་ཡས་པའི་རྩྭ་ཐང་། རྣོ་ངར་ལྡན་པའི་སྤུ་གྲི་འདིས།

དུས་ཀུན་ཏུ་རྣམ་ཤེས་ཀྱི་འོ་དོད་ལ་ན་ཟུག་སློང་ངེས།

ལོ་ངོ་སྟོང་གི་མཚན་མོ་འདི་ནག་འཐིབས་སེ། 

འཁྱམ་པོའི་འཇིག་རྟེན་ན་དེ་ལས་ཀྱང་ནག་འཐིབས་སེར་འདུག་པ་ཞིག་གང་དུ་ཡོད།

སྐྱོ་གདུང་དང་ནད་རིགས། སེམས་ཁམས་ཀྱི་སྡུག་བསྔལ་ཀུན་ལ་བསྡུར་ཚེ། 

ཕྱི་ཡུལ་གྱི་མིར་དེ་བས་མནར་གཅོད་གཏོང་ངེས། 

ཕྱི་ཡུལ་གྱི་མི། རྩྭ་ཐང་འདིར་སྐྱེས་ཤིང་གྲོང་ཁྱེར་དུ་ནར་སོན་པའི་འཁྱམ་པོ་ཞིག

ཁྱོད་ཀྱིས་ཅ་ལག་ཅི་ཞིག་ཉིན་མཚན་བར་ཤོར་ངེས།

ཁྱོད་ཀྱིས་ལྷིང་འཇགས་ཀྱི་སྨག་རུམ་ཁྲོད། 

འཇམ་ཐིང་ཐིང་གི་སྒྲ་ཅི་འདྲ་ཞིག་ཐོས་བྱུང་། 

མཐའ་ཡས་པའི་རྩྭ་ཐང་གི་མཚན་མོ། 

མཐའ་ཡས་པའི་རྩྭ་ཐང་གི་མཚན་མོ་ནི་ཤོར་ཟིན་པའི་མཚན་མོ་ཞིག 

ནམ་མཁས་འོད་ཟེར་ཤོར་སོང་། 

འཁྱམ་པོས་ཁ་ཕྱོགས་ཤོར་སོང་། 

བྱ་ཁྱུས་གླུ་སྐད་ཤོར་སོང་། 

མེ་ཏོག་གིས་སྐྱེ་སྟོབས་ཤོར་སོང་། 

ཨེ་མ། མཛེས་སྡུག་ལྡན་པའི་རྩྭ་ཐང་། 

ཁྱོད་ཀྱིས་མཚན་མོའི་སྨག་རུམ་སྤྱད་ནས་སྡིག་ཉེས་ཡོད་ཚད་ལྗིད་དུ་བཏང་། 

ཁྱོད་ཀྱིས་མཚན་མོའི་སྨག་རུམ་སྤྱད་ནས་འཁྱམ་པོའི་ནག་ནོག་གི་མིག་འབོར་གཙང་འཁྲུད་བྱས། 

ཁྱོད་ཀྱི་མི་ཚེ་མཚན་གཅིག་ཁོ་ནར་གཉིད་ལས་སད་ཐུབ་མེད། 

རྩྭ་ཐང་ཆེན་པོ། དེ་ནི་ཁྱོད་ཀྱིས་འཁྱམ་པོ་དང་ལེན་བྱས་པའི་མཚན་མོ་ཞིག

སེམས་ཁོང་གི་མཐའ་ཡས་པའི་རྩྭ་ཐང་། 

ཁྱོད་རང་དྲན་པ་མེ་ནང་ལྷུང་བའི་སྡུག་བསྔལ་བཞིན།

བཞུད་མི་ཚར་བའི་མཐའ་ཡས་པའི་རྩྭ་ཐང་ཞིག

ཁོ་བོས་བྱ་དངོས་ཡོད་དགུ་བྱིས་དུས་ཀྱི་འཇིག་རྟེན་དུ་ལོག་འདོད། 

ཁོ་བོས་ཕྱུགས་ར་དང་མེ་ཏོག་དགོད་པའི་དགའ་ཚལ་དུ་ལོག་འདོད། 

མེ་ལྕེའི་ལོ་མ། དུས་ཚོད་ཀྱི་བར་སྟོང་ནས་ཤག་ཤག་ཡོང་སྟེ་ཁོ་བོའི་སྙིང་དུ་མཆེད། 

ཁོ་བོས་མེ་རོ་སླར་དུ་གསོས་ནས་ཚ་དྲག་པའི་འོད་སྣང་ལ་ཕྱིར་དྲན་ཐེངས་ཤིག་བྱས། 

ཁོ་བོ་ལེ་དབར་སྟོང་གི་ཕྱི་རོལ་དུ་སྡུག་ཡུས་དང་སྐྱོ་སྣང་གིས་ཁེངས་ཡོད། 

ཁྱོད་རང་དྲན་པ་མེ་ནང་ལྷུང་བའི་སྡུག་བསྔལ་བཞིན།

སུ་ཞིག་གིས་ཟབ་སར་གབ་པའི་གསང་བ་འདི་རྟོགས་ངེས། 

ཁོ་བོ་ནི་སྟོང་བསམ་གྱི་ཀློང་དུ་ཉུལ་བའི་གླེན་པ་ཁ་ནག་དེ་ཡིན། 

ཁོ་བོས་མིའི་རིགས་ཀྱི་ཐོབ་ཤོར་ཡོད་ཚད་ལྟ་སྐྱོང་བྱེད་པར་གཞོལ་ཞིང་བསྙེགས།

ཁོ་བོ་གྲོང་ཁྱེར་ནས་ཐོན་ཏེ་རྩྭ་ཐང་དུ་འཚོ་བར་འཇུག་རོགས། 

ཁོ་བོར་མེ་ལྕེ་འུར་འུར་འབར་བའི་མེ་དཔུང་ཞིག་སྦར་དུ་འཇུག་རོགས། 

ཁོ་བོར་འདོད་ཞེན་གྱི་བརླན་པའི་རྣམ་ཤེས་སླར་ཡང་གཙང་འཁྲུད་བྱེད་དུ་འཇུག་རོགས།

རྩྭ་ཐང་དུ་མེ་ཏོག་རྣམ་པར་བཞད་ནས་ནོར་ལུག་གི་འཕེལ་ཁ་རྒྱས་དུས།

ཁོ་བོས་ཁེར་ཧྲེང་ངང་རྣམ་ཤེས་ཀྱི་སྣེ་མཐའ་སྲུང་། 

ཁོ་བོས་བདེ་སྐྱིད་དོར་ནས་ཐག་རིང་དུ་བཞུད་དེ། 

སླར་ཡང་འཚོལ་སྙེག་ཁྲོད་མི་ཚེ་བསྐྱལ་དགོས་པ་རྟོགས་ཡོད།

1992ལོའི་ཟླ8ཚེས8ཉིན་གྱི་མཚན་མོར་ཐོག་མའི་མ་ཟིན་བཀོད། 

ཟླ8ཚེས15ཉིན་གྱི་སྐྱ་མདའ་གཏོང་དུས་བཟོ་བཅོས་དང་པོ་བྱས། 

ཟླ10ཚེས24ཉིན་མ་ཕྱི་གཏན་འབེབས་བྱས།


微信图片_20191008155946.jpg

རྩོམ་པ་པོ་ངོ་སྤྲོད།

དབང་ཕྱུག་ཚེ་བརྟན། 1967ལོར་ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་སྐྱེས། 1985ལོ་ནས་བཟུང་སྙན་ངག་གསར་རྩོམ་གྱི་ལས་སུ་ཞུགས་འགོ་བརྩམས། མི་སྒེར་གྱི་སྙན་ངག་ཕྱོགས་བསྒྲིགས་《རྨི་ལམ་གྱི་འགྲུལ་བཞུད་》དང་། 《དབང་ཕྱུག་ཚེ་བརྟན་གྱི་སྙན་ངག་གཅེས་བཏུས། 》 ཕུ་བོ་ཚེ་དབང་ནོར་བུ་དང་མཉམ་དུ་སྒྲིག་གཙོ་བྱས་པའི་《བོད་རིགས་ཀྱི་དེང་རབས་སྙན་ངག་པའི་སྙན་ངག་ཕྱོགས་བསྒྲིགས།》 (རྒྱ་ཡིག)སོགས་དཔེ་སྐྲུན་གནང་། སྙན་ངག་བརྩམས་ཆོས་སྐོར་ཞིག་《དེང་རབས་གདོང་ལེན་སྙན་ངག་གི་ལོ་ངོ་སུམ་ཅུ། 1979ལོ་ནས་2009ལོ་བར། གདུང་རབས་དང་དཔེ་མཛོད》དང་།《དེང་རབས་ཀྱི་བོད་ཀྱི་རྒྱ་ཡིག་རྩོམ་རིག་ཧྲག་སྒྲུག 1983ལོ་ནས་2013ལོའི་བར།》(ཐའེ་ཝན)《འདི་ནི་ཀྲུང་གོའི་སྐད་ཡིག་གི་དཔེ་དེབ་ཡག་ཤོས་ཡིན།》ལ་སོགས་པའི་སྙན་དེབ་སྣ་ཚོགས་ནང་ཚུད་ཡོད། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་བཞི་པའི་ཏུན་ཧོང་རིག་རྩལ་རྩོམ་རིག་རིགས་ཀྱི་བྱ་དགའ་ཨང་དང་པོ་དང་། སྐབས་དང་པོའི་ཀན་སུའུ་རྨ་ཆུའི་རིག་རྩལ་རྩོམ་རིག་བྱ་དགའ་ཨང་གཉིས་པ། མཚོ་སྔོན་ཡུལ་ཤུལ་མཉམ་འབྲེལ་ལྷན་ཚོགས་ཀྱི་2014ལོའི་ཐང་བོད་གནའ་ལམ་གྱི་རྩོམ་རིག་བྱ་དགའ། དཀར་མཛེས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དང《གངས་དཀར་རི་བོ》དུས་དེབ་ཁང་གི་2014ལོའི་ལོ་འཁོར་གྱི་བྱ་དགའ་བཅས་ཐོབ་མྱོང་ཡོད། དེ་སྔ་“གནམ་སའི་སྙན་ངག་ཚོགས་པའི་”སྨྱུག་ཁྲ་གནང་མྱོང་ཞིང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་ཁང་དུ་ཕྱག་ལས་གནང་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།