ཀྲུང་གོ་བོད་ཀྱི་དྲ་བ།

སྒོར་སྐར་ལི་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཧའེ་ཏའོ་ཁྲོན་ཀྲི་ཡིས་བརྩམས།[ཉི་ཧོང་།]རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ནི་རྩེད་ཆས་འཕང་ལོ་དར་བའི་དུས་ཤིག་རེད། ནུ་བོ་ཐིན་ཨར་གྱིས་གང་ཞིག་ནས་བཙལ་ཡོང་བ་མ་ཤེས་མོད་ཇན་ཅི་ཡུན་རིང་ལ་རྩེད་དེ་རྙིང་གོག་ཏུ་གྱུར་བའི་རྩེད་ཆས་འཕང་ལོ་ཁྱེར་ཡོང་ཞིང་། སྤར་མོ་གཉིས་ཀའི་བར་ལ་འཕང་ལོའི་སྲོག་ཤིང་དུ་བརྡབ་པའི་ལྕགས་གཟེར་བཙིར་ནས་འཕུར་མཉེད་བཏང་ནའང་། ལག་མགོ་ན་ཤེད་ཤུགས་ཆེན་པོ་མེད་པས་ཤེད་ཇི་ལྟར་བཏོན་ནའང་བསྐོར་བ་འགའ་ལས་མི་འཁོར་བར་འཕང་ལོ་ས་རུ་འགྱེལ་པ་ཡིན། ཇན་ཅིར་ཆུང་དུས་ནས་རྒྱུད་ན་སྙིང་རུས་ཆེ་བས་རྩེད་ཆས་འཕང་ལོ་ཞིག་ཉོས་རྗེས་ཕྱིས་ཕྱིས་ཏེ་འོད་ཀྲིག་ཀྲིག་ཏུ་བཏང་ཞིང་ལྕགས་གཟེར་ཅིག་གིས་མ་གཞིའི་ལྕགས་སྐུད་འདྲ་བའི་སྲོག་ཤིང་བརྗེས་པ་ན་འཁོར་བ་ཇེ་མགྱོགས་དང་གཞན་ལ་འགྲན་བཙུགས་ཀྱང་དོ་ཟླ་མེད། རྩེད་ཆས་དེ་མི་ལོ་ཉེར་གཉིས་ཉེར་གསུམ་སྔོན་ནས་སྤྱད་པ་ཞིག་ཡིན་ཡང་གས་ཁ་ཙམ་ཡང་མེད་པར་ནག་ཧུར་ཧུར་དང་ལྗིད་ཏིག་ཏིག་ཏུ་བལྟས་ཚོད་ཀྱིས་སྲ་ཐག་ཆོད་པ་ཞིག་ཡིན། དེ་ནི་མ་གཞིར་སྣུམ་བྱུགས་ཤིང་པྲིལ་བརྒྱབ་པས་ད་ལྟའི་ཚོང་ཁང་དུ་འཚོང་རྒྱུ་ཡོད་པ་དེ་དག་དང་བསྡུར་ན་ཤིང་གི་རྒྱུ་སྤུས་ཤིན་ཏུ་ལེགས།

ཡིན་ནའང་རྩེད་ཆས་འཕང་ལོ་ཇི་ལྟར་ལྕི་ན་ལོ་ན་གཞོན་པའི་ཐིན་ཨར་གྱིས་དེ་ལྟར་ཁ་ལོ་བསྐོར་དཀའ། ཁོས་ཁྱམས་རའི་འགྲམ་ནས་ཉིན་ཕྱེད་ལ་འཕུར་འཕུར་བཏང་ཡང་བསྐོར་མ་ཤེས།

“ཨ་མ། རྩེད་ཆས་འཕང་ལོ་གསར་བ་ཞིག་ཉོས་ན་ཆོག་གམ།”ཐིན་ཨར་གྱིས་ཨ་མར་འཁྲིལ་མགོ་བརྩམས།

“ཉོ་མིན་ཨ་ཕར་དྲིས་ཤིག”

“ཆོག་གི་ཟེར།”

ཁྱིམ་གྱི་འཁོས་ཀ་ཤིན་ཏུ་ཞན་པས་ཨ་མ་ནི་བྱ་བ་གང་ལ་ཐུག་ནའང་སེར་སྣ་ཆེ་བ་ཞིག་ཡིན། ཉོ་རྒྱུར་ཁས་བླངས་ཟིན་ནའང་ཐིན་ཨར་གྱིས་ཁང་པ་ཧྲིལ་བོར་བསློགས་ཏེ་ཇན་ཅི་ཡིས་རྩེད་སྤྱད་བྱས་པའི་ཐི་གུ་རྙིང་པ་ཞིག་ཡོད་མེད་བལྟ་དགོས།

ཆུ་འགྲམ་གྱི་གྲོང་ཚོ་ཆུང་བ་འདིའི་བྱིས་པ་དག་ལྷ་ཁང་སྒོ་ཁར་འདུས་ཏེ། རྩེད་སྤྱད་འཕང་ལོ་གསར་བའི་སྟེང་ཐི་གུ་གསར་བ་དཀྲིས་ནས་འཁོར་དུ་འཇུག་ཅིང་མི་གཉིས་རེ་ཚོ་ཆུང་རེར་བགོས་རྗེས་རྩེད་སྤྱད་འཕང་ལོ་ཕན་ཚུན་བརྡབ་ཏུ་བཅུག་ནས་སུ་རྒྱལ་བལྟ་བ་ཡིན། བྱིས་པ་ཚོས་རྩེད་སྟངས་འདིར“བརྡབ་འགྲན”ཟེར། ཐི་གུས་དཀྲིས་རྗེས་འཕང་ལོ་ཤེད་ཀྱིས་བཏང་ན་མཚམས་མི་འཇོག་པར་མགྱོགས་མྱུར་ངང་འཁོར་བ་ཡིན། མི་གཉིས་ཀྱིས་འཕང་ལོ་མཉམ་དུ་བཏང་རྗེས་ཕན་ཚུན་རྡེབ་རེས་བྱེད་དུ་བཅུག་ནས་སུའི་འཕང་ལོ་སྔོན་ལ་བསྡད་ན་དེ་ཕམ་སོང་བ་ཡིན།

“ལྟོས་དང་། ང་ཁོ་ནས་འདི་འདྲའི་རྙིང་ཞིང་གོག་པའི་རྩེད་སྤྱད་འཕང་ལོ་ཞིག་རྩེད་པ་མ་ཡིན་ནམ། འཕང་ལོ་གསར་བ་ཞིག་ཉོས་ན་ཆོག་གམ།”ཐིན་ཨར་ཨ་མར་འཁྲིལ།

“རྩེད་སྤྱད་འཕང་ལོ་ཞིག་ཡོད་པ་མ་ཡིན་ནམ། མ་ཉོས་ནའང་ལོས་ཆོག”

“འདི་ལ་ལྟོས་དང་། འདི་འདྲའི་ནག་པ་ལའང་། གཞན་ཚང་མས་གསར་བ་བཟུང་ཡོད།”

“གླེན་བཤད་ཁོ་ན། རྩེད་སྤྱད་འཕང་ལོ་འདི་མི་བཟང་ངམ།”ཇན་ཅིས་རང་ཉིད་ཀྱིས་སྔོན་ཆད་སྤྱད་པའི་རྩེད་སྤྱད་ཤིན་ཏུ་ལེགས་པའི་ཡིད་ཆེས་ཟབ་མོ་བཅངས་ཡོད། བཤད་ཀྱིན་བཤད་ཀྱིན་དུ་ཁོས་རང་ཉིད་ཀྱི་ནུ་བོར་སྒོར་མོ་བཏོན་ཏེ་རྩེད་སྤྱད་ཅིག་ཉོ་བར་ཕངས་ཡོད།

“འུན།”མ་གཞིར་ཕུ་བོས་ཅི་བཤད་ན་ཐིན་ཨར་ཡིད་ཆེས་པ་ཡིན།

“རྩེད་སྤྱད་འདི་བཟང་པོ་འདུག མི་རློམ་ན་གཞན་དག་དང་བསྡུར་བ་ཞིག་བྱོས། འདི་ལས་རྒྱལ་ཐུབ་མཁན་སུ་ཡང་ཡོད་པ་མ་རེད།”

བཤད་མཚམས་འདིར་སླེབས་དུས་རྩེད་སྤྱད་འཕང་ལོ་གསར་པ་ཞིག་ཉོ་དགོས་མ་སོང་། ཡིན་ནའང་ཨ་མ་དང་མཉམ་དུ་ཐི་གུ་ཉོ་རུ་སོང་དུས་ཐིན་ཨར་གྱིས་ཧམ་པ་ཆེན་པོས་ཚོང་ཁང་གི་ཤིང་སྒམ་ལ་བཅུག་པའི་རྩེད་སྤྱད་འཕང་ལོ་གསར་བ་མདོག་དམར་པོ་ཅན་དང་སྔོན་པོ་ཅན་ལ་རེག་རེག་བྱས།

“ཨ་ཐིན། ཚོང་ཁང་གི་དངོས་པོར་དེ་ལྟར་རེག་རེག་བྱས་ཏེ་བཙོག་པོ་མ་བཟོ།”ཨ་མས་ཚོང་ཁང་གི་སྦྱིན་བདག་མར་ཐི་གུ་ལེན་དུ་འཇུག་ཞོར་དུ་ཐིན་ཨར་ལ་སློབ་གསོ་བཏང་།

“་སྐྱོན་མེད་སྐྱོན་མེད། རེག་པ་ཙམ་གྱིས་སྐྱོན་མི་འདུག”སྦྱིན་བདག་མས་ངང་རྒྱུད་འཇམ་པོས་བཤད།

ཐི་གུ་བཅུ་ལྷག་ཡོད་ཅིང་རིང་ཐུང་གཅིག་མཚུངས་ཡིན་མོད། ཁྲེ་ཙིའི་རིང་ཐུང་ལྟར་གཅིག་གྱུར་ངང་ཚད་དེ་བཅད་པ་ཡིན་པས་དེའི་ནང་ཁྲེ་ཙི་གཅིག་ལས་མང་བ་ཙམ་མ་འདང་བར་ཐུང་བར་གྱུར་པའི་ཐི་གུ་ཞིག་ཡོད།

“སྒོར་དུ་རེད།”

“ཐི་གུ་གཅིག་ལ་སྒོར་ཟུར་གཅིག་རེད། ཐུང་བ་དེ་སྒོར་སྐར་ལི་བརྒྱད་བྱས་ཏེ་ཁྱོད་ལ་བཙོང་ཆོག”

“སྒོར་སྐར་ལི་བརྒྱད་བྱེད་རྒྱུ་ཡིན་ནམ།”

“ལོས་ཡིན།”

“འོ་ན་ཐུང་བ་འདི་འགྲིག་འདུག་ཨང་།”

བཤད་ཀྱིན་དུ་ཨ་མས་སྒོར་ཟུར་གཅིག་བཏོན་ཞིང་ཕྱིར་བསློགས་པའི་སྒོར་སྐར་ལི་གཉིས་ཀར་ཁེ་བཟང་རེག་འདྲའི་དགའ་སྣང་ཞིག་ལྡན་ཡོད།

ཐིན་ཨར་ཡུལ་ལ་ལོག་པར་སྐུལ་ཡང་ཤོག་སྒམ་ནང་གི་རྩེད་སྤྱད་འཕང་ལོ་གསར་བར་རེག་རེག་བྱེད་བཞིན་དུ་བསྡད་དེ། བལྟས་ཚོད་ཀྱིས་རྩེད་སྤྱད་དེར་ཤིན་ཏུ་དགའ་བའི་རྣམ་པ་ཞིག་མངོན་ཡོད་ནའང་། སྒོར་མོས་མི་འདང་པས་ཨ་མར་འགྲོགས་ནས་ཕྱིར་མི་ལོག་ཀ་མེད་བྱུང་།

སྡེ་བ་དང་ཁད་ཉ་ེབའི་ལྷ་ཁང་མདུན་གྱི་ཐང་ཆེན་དུ་གྲོང་ཚོ་སོ་སོར་ཉུལ་བའི་འཇུ་རྩལ་སྟོན་པའི་ཚོགས་པ་ཞིག་ཐོན་ཡོད། བྱིས་པ་ཚོ་ཁྱུ་དང་ཁྱུ་བསྡེབས་ཏེ་ལྟད་མོར་བལྟ་རུ་ཆས་སོང་། ཐིན་ཨར་ཡང་བལྟ་རུ་འགྲོ་འདོད་ནའང་ཆུ་འབྲས་ལེན་པའི་དུས་ལ་ཐུག་པའི་ཁར་ཟོག་སྤྱིལ་ནང་དུ་བ་གླང་ལ་གྲོ་འཐག་ཏུ་འཇུག་གིན་པས་ཐིན་ཨར་གྱིས་དེར་བདག་བྱེད་དགོས་པ་ཡིན།

“བ་གླང་ལ་བལྟ་བའི་བྱ་བ་འདིར་དངོས་གནས་སུན་པོ་འདུག”ཐིན་ཨར་བ་གླང་ལ་བལྟ་རྒྱུར་གཏིང་ནས་སུན་ཡོད། ཁོས་ཐི་གུ་ཟོག་སྤྱིལ་གྱི་མདའ་ཡབ་འོག་གི་ཀ་བའི་བར་དྲངས་ཤིང་ལག་པ་གཉིས་ཀས་ཐི་གུའི་མགོ་བཟུང་སྟེ་ཤུགས་ཀྱིས་འཐེན།

“འོ་ན་ཁྱོད་མཆིལ་བ་བདའ་རུ་སོང་ཆོག”

“མིན།”

“ཁྱོད་འདི་འདྲའི་རང་ཤེད་ཚ་པོ་ཡོད་ན་ག་ནས་ཆོག་ཨང་། གྲོ་འཐག་དགོས་ལ་མཆིལ་བས་ཀྱང་ཆུ་འབྲས་ཟ་སྲིད་པས་བདའ་དགོས་པ་ཡིན།”ཨ་མས་ཁོང་ཁྲོ་ལངས་པའི་ཁ་སྟབས་ཀྱིས་བཤད།

ཐིན་ཨར་གྱིས་ཀ་བར་ཤེད་ཤུགས་འགྲན་པ་དང་འདྲ་བར་ཁ་ཕར་ལ་འཁོར་ནས་ཐི་གུ་འཐེན་བཞིན་ཡོད། ཡུད་ཙམ་འགོར་རྗེས་སྐད་དམའ་མོས་འདི་ལྟར་བཤད།

“གཞན་ཚང་མ་འཇུ་རྩལ་ལ་བལྟ་རུ་སོང་ཆོག་པ་རེད།”

“འུ་ཚང་འདྲ་བའི་དབུལ་བོ་དབུག་ནག་ཅིག་དེ་འདྲའི་ལས་སུ་ཞུགས་ཐབས་གང་ནས་ཡོད་ཨང་།”

ཐིན་ཨར་རེ་ཐག་ཆད་བཞིན་སྐད་ཅིག་བརྒྱབ་ཅིང་སྔར་བཞིན་མཚམས་མ་ཆོད་པར་ཐི་གུ་འཐེན་བཞིན་ཡོད།

“དེ་ལྟར་འཐེན་ན་ཐི་གུ་ཆད་འགྲོ་བ་ཡིན།”

“ཧུན། ཐི་གུ་འདི་སུ་ལ་བསྡུར་ནའང་ཐུང་ཡོད་འདུག”

“འཐེན་ནའང་ཇེ་རིང་དུ་མི་འགྲོ་བའི་ཁར་ཐང་ལ་འགྱེད་སྲིད་པ་ཡིན།”

“འཐེན་ན་ཇེ་རིང་དུ་འགྲོ་བ་ཡིན།”

སྐབས་འདིར་ཨ་ཕ་སླེབས་བྱུང་། ཐིན་ཨར་ལ་མིག་ཅེ་རེར་བལྟས་ཏེ།

“ཨ་ཐིན། མུག་བཤད་ཅི་ཞིག་རྒྱག་གིན་ཡོད།”

“ལྟོས་དང་། བཤད་ཟིན་པ་མ་ཡིན་ནམ། བ་གླང་ལ་ལྟོས་ཨ།”ཨ་མས་གོ་སྐབས་དང་བསྟུན་ཏེ་བཀོད་སྒྲིག་ཟིན་རྗེས་ཞིང་ནང་དུ་བུད་སོང་།

ཨ་ཕས་ལྡུག་ཚགས་སུ་གྲོ་བླུགས་རྗེས། གཡུང་ལ་ཕབ་པའི་བ་གླང་མིའི་ངོར་ཅེར་བཞིན་དལ་ལྷོད་ལྷོད་ཀྱིས་རང་འཐག་བསྐོར་བཞིན་པས་མཐོང་བས་སྒོར་བུད་སོང་།

ཐིན་ཨར་གྱིས་རྩེད་སྤྱད་ཉོས་པ་ནས་བཟུང་བྱིས་པ་ཚོའི་གྲལ་ལ་འཚང་ཞིང་རིམ་གྱིས་རང་ཉིད་ཀྱི་ཐི་གུ་གཞན་ལས་ཤིན་ཏུ་ཐུང་བ་རྟོགས་པས་སེམས་སུ་དགའ་བོ་མ་བྱུང་། ཐི་གུའི་མགོ་གཉིས་གཤིབ་སྟེ་བསྡུར་ན་ཁོའི་ཐི་གུ་ནི་སུ་ལས་ཀྱང་ཐུང་། ཁོ་རང་ལོ་ན་དྲུག་ལ་སོན་མ་ཐག་ཡིན། སློབ་གྲྭར་འགྲིམས་ཟིན་པའི་བྱིས་པ་དག་དང་འགྲན་རེས་བྱས་ན་རྒྱུན་པར་ཕམ་འགྲོ། ཁོའི་བསམ་པར་ཐི་གུ་ཐུང་བས་ཇི་ལྟར་འགྲན་ཡང་ཕམ་པར་ངེས་སྙམ་ཡོད། དེ་བས་ཁོས་ཐི་གུའི་སྣེ་གཉིས་ནས་བཟུང་སྟེ་འཐེན་ན་གཞན་ལས་ཇེ་རིང་དུ་འགྱུར་བར་འདོད་པས་ཐི་གུ་མཚམས་མེད་དུ་ཤུགས་ཀྱིས་འཐེན་པ་ཡིན། ཐིན་ཨར་གྱིས་བ་གླང་ལ་ལྟ་ཞོར་དུ་ཀ་བའི་བར་དུ་དྲངས་པའི་ཐི་གུའི་སྣེ་གཉིས་ནས་འཐེན་ཞིང་ཁ་ནས་ཧ་ལམ“ཐི་གུ་ལགས། ཇེ་རིང་དུ་འགྱུར་རོགས”ཞེས་མ་ཎི་ཟློ་ཟློ་བྱེད་པ་འདྲ། བ་གླང་གིས་ཁོའི་ལྟག་རྒྱབ་ནས་རང་འཐག་འཐེན་ཏེ་འཁོར་བཞིན་ཡོད།

ཇན་ཅིས་ཆུ་འབྲས་ལེན་བཞིན་ཡོད་ཅིང་འཇུ་རྩལ་ལ་ལྟ་རུ་སོང་བའི་བྱིས་པ་ཚོ་ཁྱུ་དང་ཁྱུ་བསྡེབས་ཏེ་ཕྱིར་ལོག ཁོ་ཚོ་ཕྱིར་ལོག་པའི་ལམ་དུ་ག་ས་གང་ནས་རྩེད་སྤྱད་འཕང་ལོ་རྩེ་བཞིན་ཡོད།

དེའི་རྟིང་ལ་བཟའ་མི་གསུམ་པོས་ཆུ་འབྲས་ཡུད་ཙམ་བླངས་རྗེས་ཉི་མ་རི་ལ་ནུབ་ཉེར་ཐུག་དུས་ཁོ་ཚོས་སོག་མའི་ཕོན་པོ་ཕྲག་ལ་ཁུར་ཏེ་ཡུལ་ལ་ལོག

“ཟོག་སྤྱིལ་དུ་གྲག་འགུལ་ཅི་ཡང་མེད་པ་ཅི་ཞིག་ཡིན་ནམ།”

“འུན།”

“ཐིན་ཨར་གང་ཞིག་ལ་རྩེ་རུ་ཆས་སོང་བ་ཡིན་ནམ།”

ཨ་མས་སོག་མའི་ཕོན་པོ་ཐང་ལ་བཞག་སྟེ་ཟོག་སྤྱིལ་ནང་བལྟ་རུ་སོང་པ་ན་ཧ་ལས་ཤིང་གནམ་ལ་ལྡིང་ནས་ལུས་པོ་འདར་སིག་སིག་གིས“ཨ་ཇན། རེམ་མ་ཤོག”ཅེས་བོས་བྱུང་།

ཨ་ཇན་གྱིས་སོག་མའི་ཕོན་པོ་སར་གཡུགས་ཏེ་མྱུར་བར་རྒྱུགས་ཏེ་སོང་དུས། བ་གླང་ལ་ལྟ་བཞིན་པའི་ཐིན་ཨར་གྱི་ལག་ཡས་སུ་འཕང་ལོའི་ཐི་གུ་བཟུང་ཡོད་པ་དང་སྐེ་རྩ་ཆད་པར་མ་ཟད་མགོ་བོ་ཁྲག་གིས་བརྫིས་ནས་ནག་ཐིང་ཐིང་གི་ཟོག་སྤྱིལ་དུ་འགྱེལ་ཡོད།

བ་གླང་གིས་སྐེ་སྟན་ཁུར་ཏེ་གནས་དེ་རུ་འགུལ་མེད་དུ་འགྱིང་སྟེ་བྱིས་པར་བལྟས་ཡོད་པ་དང་འདྲ། དགོང་ཁའི་མཚམས་སྤྲིན་གྱིས་སྒེའུ་ཁུང་བརྟོལ་ཏེ་བ་གླང་གི་མིག་འབྲས་སུ་འཕྲོས་ཡོད། སྦྲང་མ་གཅིག་གཉིས་ཤིག་བ་གླང་གི་ལུས་སུ་བང་སྒྲ་དང་བཅས་ཏེ་རྒྱུ་བཞིན་འདུག

“དུད་འགྲོ།”ཨ་ཕས་སོག་མའི་ཕོན་པོ་འཁུར་བྱེད་ཀྱི་ཕྲག་གདང་བཟུང་ནས་ཉེས་པ་ཡོད་ཚད་བ་གླང་གིས་ཁུར་ཡོད་པ་ནང་བཞིན་མཚམས་མེད་དུ་བ་གླང་ལ་བརྡེགས།

“དུད་འགྲོ བཀྲ་མི་ཤིས་ཤིང་དོན་མི་འགྲུབ་པའི་དུད་འགྲོ།”

བ་གླང་སྐྲག་ཐག་ཆོད་དེ་ཁ་ནས་ཝུ་བ་དཀར་པོ་ཞིག་འཕྱུར་ཅིང་ཟོག་སྤྱིལ་ནང་ཡར་རྒྱུགས་མར་རྒྱུགས་བྱས།

སྐེ་སྟན་ཐེད་ནས་རལ་ཅིང་ཕྲག་གདང་ཡང་དུམ་བུ་འགའ་རུ་ཆད་ཡོད།

དུས་དེ་ནས་མི་ལོ་གསུམ་འགོར་སོང་།

“སྐབས་དེར་ཁོ་རང་འཇུ་རྩལ་ལ་བལྟ་རུ་བཅུག་ཡོད་ཚེ་ཅི་མ་རུང་།”

“ཁོ་ལ་ཐི་གུ་དེ་འདྲའི་ཐུང་བ་ཞིག་ཉོས་པ་མིན་ཚེ་ཅི་མ་རུང་ཨང་། ཁོ་རང་གིས་ཐི་གུ་ཀ་བའི་བར་དྲངས་ཏེ་ཤུགས་ཀྱིས་འཐེན་པས་ལག་ཡས་ནས་ཤོར་ནས་ས་རུ་འགྱེལ་བས་བ་གླང་གིས་རྡོག་རྫིས་བཏང་ནས་ཤི་བ་རེད། ཁོ་ལ་ཐི་གུ་དེ་ཉོས་པ་མིན་ཚེ་ཅི་མ་རུང་ཨང་། ཕྱིར་བསློགས་པའི་སྒོར་སྐར་ལི་གཉིས་དེས་ཅི་ཞིག་བྱེད་ཨང་།” ཨ་མས་ཐིན་ཨར་དྲན་ཐེངས་རེར་འདི་ལྟར་ད་ལྟ་ལ་ཐུག་གི་བར་དུ་སྡུག་ཡུས་འཐེན་ཞིང་མིག་ཆུའང་མཚམས་མེད་བཞུར་ཡོང་།

<<མ་བཀླགས་ཐུ་མེད་པའི་ཕྱི་རྒྱལ་གྱི་བརྒྱ་ལོའི་སྒྲུང་ཐུང་བརྒྱ་ཐམ་པ>>ལས་དྲངས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།