ཀྲུང་གོ་བོད་ཀྱི་དྲ་བ།

བུ་མོ་ད་ལོར་མཐོ་འབྲིང་འགྲིམས།

ཡོང་ཁུངས། : 2018ལོའི་ཀྲུང་གོའི་སྒྲུང་ཐུང་ཡིག་བརྒྱ་མ།   རྩོམ་པ་པོ། : ཝང་ཡན་ཧྲོང་གིས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

བུ་མོས་ད་ལོར་མཐོ་འབྲིང་འགྲིམ་བཞིན་ཡོད།

སློབ་མགོ་ཚུགས་པའི་ཉིན་དང་པོར། བུ་མོ་ཁྱིམ་ལ་འཛུལ་མ་ཐག་འཛུམ་ཀྲིག་ཀྲིག་གིས་ང་ལ་འདི་ལྟར་བཤད་བྱུང་། ཁྱོད་ཀྱིས་ང་ཚོའི་འཛིན་བདག་གི་མིང་ལ་ཅི་ཟེར་བ་ཤེས་སམ།

ངས་ཅི་བྱས་ཤེས་དགོས་སམ་ཞེས་ལན་བཏབ།

བུ་མོ་ན་རེ། ཁོའི་མིང་ལ་པི་ཧྲེང་ཟེར་གྱི་འདུག

ངས་དེར་ཡ་མཚན་རྒྱུ་ཅི་ཞིག་ཡོད་དམ་ཞེས་དྲིས།

བུ་མོ་ཅུང་ཙམ་ཧད་བཞིན་དུ་ང་ལ་ལྟ་ཙམ་ལྟ་ཙམ་བྱས་ཏེ། འོ་ན་ཁྱོད་ཀྱིས་ལོ་རྒྱུས་སྟེང་དུ་ཡིག་སྒྲིག་པར་འདེབས་གསར་གཏོད་གནང་མཁན་མིང་ལ་པི་ཧྲེང་ཟེར་བ་ཞིག་ཐོས་མ་མྱོང་ངམ། ཨ་ཧ། རིག་གནས་མེད་ན་དངོས་གནས་འཇིགས་ཡེར་བ་རེད། ཁྱོད་དང་ཧ་ལམ་འབྲེལ་འདྲིས་བྱེད་ཐབས་བྲལ་ཞེས་བཤད་བཞིན་མལ་ཁང་དུ་འཛུལ་སོང་།

གཉིས།

སློབ་མགོ་ཚུགས་པའི་ཉིན་གཉིས་པར། བུ་མོ་ཁྱིམ་ལ་འཛུལ་མ་ཐག་ཅབ་ཅབ་ཏུ་ང་ལ་ཉིན་དེར་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་བ་བཤད་བྱུང་། ང་ཚོའི་འཛིན་བདག་ལོ་བཞི་བཅུར་ཉེ་བ་ཞིག་རེད་འདུག ད་དུང་གཉེན་ཡང་བསྒྲིགས་མི་འདུག ཁྱོས་བལྟས་ན་དེ་ཡ་མཚན་རེད་དམ།

ངས་དེ་ནི་ཁོ་རང་ཉིད་ཀྱི་རང་མོས་རེད། དེ་ཁྱོད་ཚོ་ལ་འབྲེལ་བ་ཅི་ཞིག་ཡོད་དམ་ཞེས་བཤད།

བུ་མོས་ལྕེ་མནར་བྱེད་ཀྱིན། ང་ཚོས་འཛིན་བདག་གི་བདེ་སྐྱིད་ལ་སེམས་ཁུར་བྱེད་ཀྱིན་ཡོད་ཟེར།

གསུམ།

སློབ་མགོ་ཚུགས་པའི་ཉིན་གསུམ་པར། དགོང་ཟས་ཟ་དུས་སུ་བུ་མོས་ངོ་ཡི་སྨིན་མ་སྡུད་བཞིན་འདི་ལྟར་དུ་བཤད། དེ་རིང་ང་ཚོས་གནད་དོན་ཚབས་ཆེན་ཞིག་ཤེས་རྟོགས་བྱུང་སོང་། འཛིན་བདག་འགྲོ་དུས་ཀྱི་ཚུགས་ཀ་རྒྱུན་ལྡན་གྱི་སྐྱེས་པ་དང་མཚུངས་པ་མི་འདུག་པར་འཚེར་སྣང་ཚ་པོ་འདུག་པ་དང་བུད་མེད་ཀྱི་དཔེ་ཁུག་ཁྲ་མདོག་མ་ཞིག་ཁུར་བས་བུད་མེད་ཅིག་ཏུ་ཡོངས་སུ་སྣང་།

ང་རང་ཅུང་ཁྲོ་བཞིན་དུ། ཁྱོས་སློབ་སྦྱོང་བཟང་པོ་མི་བྱེད་པར་འདིར་སེམས་ཁུར་བྱས་ནས་ཅི་ཞིག་བྱེད་དམ་ཞེས་བཤད།

བུ་མོས་ངའི་ཟེར་ལུགས་ལ་མི་བསྟུན་པར་ཡང་བསྐྱར་བཤད་བྱུང་། དེ་རིང་འཛིན་བདག་གིས་སུང་གི་སྙན་ཚིག《ཕྱེ་ལེབ་མེ་ཏོག་ལ་ཆགས་པ》ཞེས་པ་ཁྲིད། སློབ་ཁྲིད་བྱས་པ་ཤིན་ཏུ་ལེགས་པས་ཁས་མི་ལེན་རྒྱུ་མེད། འོན་ཀྱང་ཁོའི་སློབ་ཁྲིད་བྱེད་དུས་ཀྱི་འདུག་སྟངས་ལ་ངོ་བསྟོད་བྱེད་ཀྱི་མེད། ལག་པ་གཉིས་ཀས་འགྲམ་པ་སྐྱོར་ཅིང་མོ་ཚུགས་ཀྱི་ལག་བརྡ་རེའང་སྟོན་པས་ངུ་དགོད་ཆ་མི་འཚལ་བ་དང་སྐྱུག་མེར་བར་འདུག བུ་མོས་བཤད་ཞོར་དུ་ལག་ཟུང་གིས་འགྲམ་པ་སྐྱོར་ཅིང་མོ་ཚུགས་ཀྱི་ལག་བརྡ་རེའང་བསྟན།

ངས་ལྐོག་ནས་དགེ་རྒན་གྱི་ངན་མ་གཏམ་ཞེས་བཤད།

བུ་མོས་ང་ལ་ཁ་ཡ་མི་བྱེད་པར་བསམ་བློ་གཏོང་བཟོས་འདི་ལྟར་དུ་བཤད། ཨ་མ། ཁྱོས་བཤད་ན་ང་ཚོའི་འཛིན་བདག་ལོ་བཞི་བཅུར་སོན་ཡང་གཉེན་མི་སྒྲིག་པ་དེ་མཚན་མཐུན་དགའ་རོགས་སྒྲིག་པ་ཡིན་ཨེ་སྲིད་དམ།

ངས་ཐུར་མས་མོའི་མགོ་ལ་རྡེག་བཞིན། ཝེ། ཁྱོའི་ཀླད་པར་ཅི་ཞིག་དྲན་བཞིན་ཡོད་དམ་ཞེས་དྲིས།

བཞི།

སློབ་མགོ་ཚུགས་པའི་ཉིན་བཞི་པར། བུ་མོས་ང་ལ་འདི་སྐད་དུ་བཤད། ཁྱོས་ལྟོས། ང་ཚོའི་འཛིན་གྲྭའི་སློབ་མ་དག་ཇི་འདྲའི་འཇོན་པོ་འདུག་ཨང་། ཁོ་ཚོས་མཚར་གཏམ་ཡིད་མགུ་བ་ཞིག་བཅོས་འདུག

ཅི་ཞིག་རེད་ཅེས་དྲིས།

ཕོ་ཧྲེང་དང་མོ་ཧྲེང་། པི་ཧྲེང་ཞེས་བུ་མོས་བཤད།

དེའི་དོན་ཅི་ཞིག་རེད་དམ་ཞེས་དྲིས།

བུ་མོས། ཁྱོད་འདི་ཅི་འདྲའིoutཟེར་བ་རེད། དེའི་དོན་ནི་ང་ཚོའི་སློབ་གྲྭའི་མི་ནི་རིགས་གསུམ་དུ་བགར་རུང་སྟེ། རིགས་གཅིག་ནི་ཕོ་ཧྲེང་དང་རིགས་གཞན་ཞིག་ནི་མོ་ཧྲེང་དང་། ང་ཚོའི་འཛིན་བདག་ནི་བུད་མེད་མིན་ལ་སྐྱེས་པ་ལའང་མི་མཚུངས་པར་ཕོ་མིན་མོ་མིན་དུ་གཏོགས་པས་རིགས་གསུམ་པ་རུ་བགར་རུང་།

ང་ཚིག་པ་གཏིང་ནས་ཟ་བཞིན་དུ། ཁྱོད་འདི — ཞེས་བརྗོད།

བུ་མོ་ང་སར་འཁོར་ནས་མིག་རྡེབ་འགའ་བྱེད་བཞིན་གད་མོ་ཞིག་བགད་དེ་རང་ཉིད་ཀྱི་ཁང་བར་འཛུལ་སོང་།

ལྔ།

སློབ་མགོ་ཚུགས་པའི་ཉིན་ལྔ་པར། གཉིད་མ་ལོག་པའི་སྔོན་དུ་བུ་མོས་ང་ལ་འདི་ལྟར་བཤད། ཨ་མ་ཁྱོད་ཀྱིས་ཐབས་བཀོད་ཅིག་འཐེན་ཏེ་ངའི་འཛིན་གྲྭ་བརྗེ་རོགས་ཞུ། པི་ཧྲེང་དེ་བུ་མོ་ལྟ་བུ་ཞིག་ཡིན་པར་མ་ཟད་བུ་མོ་ཚོ་ལྟ་བུའི་བཤད་རྒྱུའང་མང་། མ་རེད། བུ་མོ་ཚོ་ལས་ཀྱང་བཤད་རྒྱུ་མང་འདུག དེ་རིང་འཛིན་གྲྭའི་ཚོགས་འདུའི་སྟེང་ཁོས་ཡར་བཤད་མར་བཤད་ལུང་པ་གང་བྱས་པར་མ་ཟད་ཐེངས་མང་ལ་ཉན་ལོབས་སུ་སོང་བའི་འཇིག་རྟེན་གྱི་གནས་ལུགས་རྐྱང་བ་རེད། དཀོན་མཆོག་གིས་མཁྱེན། གསོོན་དུ་འཇུག་རྒྱུ་མ་རེད།

ངས་མོ་ལ། འཛིན་གྲྭ་བརྗེ་མི་རུང་། ཁོས་དེ་འདྲའི་མང་པོ་ཞིག་བཤད་པའང་ཁྱོད་ཚོའི་ཆེད་དུ་མ་ཡིན་ནམ་ཞེས་བཤད།

དྲུག

སློབ་མགོ་ཚུགས་པའི་ཉིན་དྲུག་པ་སྟེ་རེས་གཟའ་སྤེན་པའི་ཉིན་གང་བོར་བུ་མོ་རང་ཉིད་ཀྱི་ཁང་བའི་ནང་དུ་འཛུལ་ཏེ་ཡིད་མུག་པའི་རྣམ་པ་བསྟན།

བདུན།

སློབ་མགོ་ཚུགས་པའི་ཉིན་བདུན་པ་སྟེ་རེས་གཟའ་ཉི་མའི་ཉིན་ལ་བུ་མོ་སྔར་བཞིན་ཡིད་མུག་ཅིང་སེམས་མི་སྐྱིད་པ་མཐོང་ནས་ངས་མོ་རང་སྔོ་ཚལ་ཁྲོམ་རར་སྔོ་ཚལ་ཉོ་རུ་བཏང་། བུ་མོ་སྔོ་ཚལ་ཉོ་རུ་སོང་སྟེ་ཕྱིར་ལོག་ནས་ཨ་མ་ཨ་མ། ཁྱོས་ཚོད་དཔག་བྱས་ན་ང་སུ་ལ་ཕྲད་ཡོད་ཀྱི་རེད་དམ་ཞེས་བཤད་བྱུང་།

ངས་ལན་མ་བྱིན་པས་མོས་མུ་མཐུད་དུ་བཤད། ང་ཚོའི་འཛིན་བདག་མཐོང་བྱུང་། ཁོའང་སྔོ་ཚལ་ཉོ་རུ་ཐོན་འདུག ངས་ཁོར་མཐོང་དུ་མ་བཅུག་པར་ལྐོག་ནས་ཡུད་ཙམ་ལ་ཁོའི་རྗེས་སུ་དེད།

ཁྱོའི་སྒྲུབ་སྟངས་འདི་ཤིན་ཏུ་མི་འགྲིག་ཅེས་ངས་མོ་ལ་བཤད།

ཅི་ཞིག་མི་འགྲིག་གམ། བུ་མོས་སྔར་བཞིན་ཅབ་ཅབ་ཏུ་བཤད། ཁོ་འདྲའི་སྐྱེས་པ་ཞིག་གིས་ཡར་འདེམས་མར་སྒྲུག་དང་སྐར་ལི་གང་ཡང་སྔོ་ཚལ་སྦྱིན་བདག་ལ་གཏམ་པས་ཕོ་ཚུགས་ཏོག་ཙམ་ཡང་མི་འདུག ང་ཁོར་མི་དགའ་རྒྱུ་ཇེ་དྲག་ནས་ཇེ་དྲག་རེད།

བརྒྱད།

སློབ་མགོ་ཚུགས་པའི་ཉིན་བརྒྱད་པར་བུ་མོ་ཁྱིམ་ལ་འཛུལ་དུས་སུ་ངས་མོའི་ངར་ཤུགས་མཐོང་བྱུང་།

ཅི་བྱུང་སོང་ངམ་ཞེས་མོ་ལ་དྲིས།

བུ་མོས་དབུགས་ཤིག་བླངས་ཏེ། རྩ་བ་ནས་དཀར་ནག་གོ་ལྡོག་ཟེར་བ་རེད། དངོས་གནས་ཡོངས་སུ་དཀར་ནག་གོ་ལྡོག་ཟེར་བ་རེད།

ངས་སྨིན་མ་སྡུད་བཞིན། ཅི་ཞིག་རྩ་བ་ནས་དཀར་ནག་གོ་ལྡོག་པ་རེེད་དམ་ཞེས་དྲིས།

ད་ཅི་རེད། ད་ཅིའི་སློབ་ཁྲིད་ཆེས་གཞུག་མའི་ནང་རེད། བུ་མོས་ད་དུང་མོའི་ངར་ཤུགས་ཡོད་ཚད་ལྷོད་ལ་འབབ་ཏུ་འཇུག་ཐུབ་མེད། ལག་ལ་རལ་གྲི་བསྣམས་པའི་གཏུམ་པོ་ཞིག་སློབ་རའི་མཆོངས་ཡོང་བས་སྒོ་སྲུང་དང་བདེ་སྲུང་གིས་ཀྱང་མདུན་འགོག་མ་ཐུབ་པར། ང་ཚོའི་འཛིན་བདག་མདུན་དུ་མཆོངས་ཏེ་གཏུམ་པོ་དང་འཐབ་ནས་བཏུལ་བ་མ་གཏོགས་མཇུག་འབྲས་ནི་བསམ་ཡུལ་དུ་འཆར་དཀའ་བ་ཞིག་རེད་ཨང་།

ཁྱོད་ཚོའི་དགེ་རྒན་ལ་རྨས་སྐྱོན་ཕོག་ཡོད་དམ། ངས་སེམས་ཁུར་བྱེད་བཞིན་དུ་དྲིས།

རྨས་སྐྱོན་ཕོག་མེད་པ་ག་ལ་སྲིད། བུ་མོས་བཤད། འཐབ་འཛིང་གི་གོ་རིམ་དུ་དཔུང་བར་གྲི་ཡིས་གཙེག་འདུག་མོད། ཁོས་སྐྱོན་ཆེར་མི་འདུག་ཟེར་བཞིན་སྨན་ཁང་ལ་རྨ་ཁ་དཀྲི་རུ་བུད་སོང་།

དོན་དག་འདིས་རྩ་བ་ནས་ང་ཚོའི་སེམས་ཁོང་གི་འཛིན་བདག་གི་སྣང་བརྙན་ལྡོག་ཏུ་བཅུག་སོང་། བུ་མོས་སླར་ཡང་བཤད། བལྟས་ཚོད་ཀྱིས་ཁོ་རང་ལ་མོ་ཚུགས་ཤིག་མངའ་ཡང་དོན་གྱིས་ཕོ་ཚུགས་ལྡན་པས་མ་ཚད་སྟག་ཤར་རྒོད་པོ་ཞིག་རེད་འདུག

དགུ།

སློབ་མགོ་ཚུགས་པའི་ཉིན་དགུ་པར། བུ་མོ་ཁྱིམ་ལ་འཛུལ་མ་ཐག་ང་ལ་འདི་ལྟར་བཤད། ང་ཚོའི་སེམས་ཁོང་གི་འཛིན་བདག་གི་སྣང་བརྙན་སྔར་ལས་ཇེ་ལེགས་རེད། དེ་རིང་གྲོང་ཁྱེར་བརྙན་འཕྲིན་ཁང་གིས་བཅར་འདྲི་བྱེད་དུས་ང་ཚོས་གཞི་ནས་ཁོས་ཁ་རོག་གེར་དབུལ་ཕོངས་ཅན་གྱི་སློབ་ཆེན་སློབ་མ་གཉིས་ལ་རོགས་སྐྱོར་བྱེད་ཀྱིན་པ་ཤེས་སོང་། དུས་རྒྱུན་ཁོ་རང་གསོག་ཤེས་ཤིག་ཡིན་པ་མི་ཚོར་མོད་འདི་ལྟར་བདེན་པའི་རྒྱབ་ནས་སྐྱོར་བཞིན་འདུག

བཅུ།

སློབ་མགོ་ཚུགས་པའི་ཉིན་བཅུ་པར་བུ་མོ་གཉིད་མ་ལོག་པའི་སྔོན་དུ་ངའི་ཁང་བར་ཡོང་ནས། ཨ་མ། ཨ་ཕ་ང་ཚོ་དང་བྲལ་ནས་མི་ལོ་བརྒྱད་འཁོར་སོང་། ལོ་འདི་འགར་ཁྱོད་ཀྱིས་སྡུག་མཐོང་སོང་ཟེར། ངའི་སེམས་སུ་དྲོད་ཅིག་རྒྱས་ཤིང་བུ་མོ་དུས་རྒྱུན་དུ་བསྟན་བཤིག་ཚ་པོ་འདུག་ཀྱང་དོན་གྱིས་བསམ་ཤེས་ཡོད་འདུག བུ་མོས་མུ་མཐུད་དུ་ནན་ཏན་གྱིས་བཤད། གལ་སྲིད་འཚམ་པོ་ཞིག་ཡོད་ན་ཁྱོད་ཀྱིས་ཀྱང་གཅིག་བཙལ་རན་འདུག ཨ་མ། བཙལ་ན་ང་ཚོའི་འཛིན་བདག་འདྲ་བ་འདི་འདྲ་ཞིག་བཙལ་དགོས་ཨང་ཟེར།

ང་རང་དེ་མ་ཐག་ཧད་པར་གྱུར།

དོན་དངོས་སུ་ངས་པི་ཧྲེང་དང་འབྲེལ་བ་བཙུགས་ནས་ལོ་ཕྱེད་ཙམ་ཟིན་ཡོད། ཐོག་མཐའ་བར་གསུམ་དུ་བུ་མོས་དང་ལེན་མི་བྱེད་པར་བསམས་ཏེ་བུ་མོར་བཤད་མ་ཐུབ་པ་ཡིན།

གནས་ཚུལ་དངོས་བུ་མོར་བཤད་དགོས་མིན་ངས་ཀྱང་བཤད་དཀའ་བར་འདུག

༢༠༡༩ལོའི་ཟླ༢པའི་ཚེས༢༣ཉིན་གྱི་དགོང་མོར་ཟི་ལིང་དུ་བསྒྱུར་ཅིང་བཅོས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།