ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ལ་བློ་དཀར་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རོ་ཁུ་ཧྥེ་ལིར་གྱིས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྙིང་ཉེ་བའི་རྗོན་ལགས།

    ཁྱོད་ཀྱི་སེམས་ཁམས་བདེ་ལ་བབས་ཡོད་དམ། བརྒྱ་ལམ་བདེ་བར་གནས་མེད་ཚེ་བདག་གིས་བསམ་ན་ཁྱོད་ཀྱིས་གང་ཞིག་ལ་གཏོལ་བརྙེས་དགོས་འདུག

    འཇིག་རྟེན་སྲིད་པའི་སྒང་དུ་མི་ཕལ་ཆེ་བ་དམིགས་བསལ་སྟོབས་ཤུགས་ཤིག་གི་བཙན་སྐུལ་མི་ཐེབས་པ་གཞར་ནས་མེད་དེ། སྟོབས་ཤུགས་གང་དེས་ང་ཚོའི་ཡ་རབས་གཤིས་བཟང་གི་ཕྱི་གོས་ཚེགས་མེད་དུ་བཤུས་ཏེ་གཅེན་རྗེན་དུ་འཕུད་པར་མ་ཟད། དྲང་སྙོམས་སྒོས་ང་རང་ཚོ་ལྷད་མེད་དང་སྐྱུག་རྫོབ་ཀྱི་དཔེ་རིས་སུ་འཁོད་པས། ཇི་འདྲའི་ཁ་བདེ་ལྕེ་བདེ་དང་གནས་ལུགས་ཀྱིས་ཕྱུག་ཀྱང་དག་འབུད་གཏོང་བ་ལ་མདོག་ཤོར་མདངས་ཉམས་སུ་འཇུག་པ་དེ་ནི། ང་ཚོའི་ཡ་རབས་གཤིས་སྤྱོད་ལ་བརྟག་བྱེད་ཀྱི་ཀ་ཤུ་ཀ་སྟེ་ཁེ་སྤོགས་ཡིན།

    ཚིག་སྒྲོས་བརྗེས་ན་ཁེ་སྤོགས་ནི་ཡ་རབས་གཤིས་སྤྱོད་ཀྱི་གྲིབ་མ་སེལ་བྱེད་ཀྱི་གཉེན་པོ་ཡིན་ཏེ། དེའི་མདུན་རོལ་དུ་ཀུན་སྤྱོད་དང་མི་ཆོས་ལ་འབྲེལ་བའི་རང་གཤིས་མཐའ་དག་མ་ལུས་ཀུན་མཐོང་སྒོས་གསལ་རྗེན་དུ་འདོན་པར་བྱེད། གཅིག་ཏུ་ན་ཁྱོད་ཀྱིས་བདག་གི་གཏམ་ལ་ཁྱད་མཐའ་མ་བྱུང་བར་འདོད་ཀྱང་། འདི་ནི་བདག་གི་དངོས་བརྒྱུད་ཀྱི་མྱོང་བར་གྲུབ་པ་ཤ་སྟག་ཡིན།

    འཇིག་རྟེན་སྲིད་པའི་སྒང་འདིར་ལྷ་དཀོན་མཆོག་མ་གཏོགས་ཁེ་སྤོགས་དོན་དུ་མི་གཉེར་བའི་མི་ཞིག་མེད་ཅེས་བདག་གིས་ཚིག་ཐག་ཆོད་པོས་སྨྲ་བར་སྤོབས། ཁྱོད་རང་མི་དང་མིའི་བར་གྱི་འགྲོ་འོང་དུ་ཚུད་པའི་སྐད་ཅིག་མ་དེ་ནས་བཟུང་མི་ཚེའི་ཁེ་སྤོགས་དོན་དུ་གཉེར་བའི་རོལ་རྩེད་འཛད་མེད་ཅིག་གི་མགོ་བརྩམས་པ་ཡིན། རོལ་རྩེད་དེའི་ནང་ཁྱོད་རང་ཉིད་འདུས་པའི་མི་སོ་སོ་བ་ཁྱོད་རང་གི་དགྲ་རུ་ངེས་ཤིང་། རང་ཉིད་ཀྱི་གཉོམ་སོ་དང་ཁ་གཏད་གཞལ་དགོས་པར་མ་ཟད། སྤྲོ་སྐྱིད་ཡོད་ཚད་ཁྱོད་རང་གི་ན་ཟུག་སྟེང་དུ་གཟུག་འགྱུར་བའི་སྡུག་ལས་ཀྱི་སྦྱོར་བ་རྩོམ་དགོས།

     བུ་ཆུང་ལགས། བདག་གིས་སྣང་མེད་དུ་ང་ཚོའི་འཇིག་རྟེན་སྲིད་པ་འདིར་མགོ་གནོན་དང་དབུགས་ཀྱང་དབྱུང་བར་དཀའ་བའི་མདངས་ཤིག་གིས་བྱུགས་སོང་ཞེས་གོ་འཛོལ་ཐེབས་པར་མ་བགྱི་དང་། དོན་གྱིས་བདག་གིས་མཛའ་བརྩེ་དང་རྣམ་དག གཤིས་བཟང་། ནང་སེམས་བརླན་པར་བྱེད་པའི་དྲོད་ཁོལ་མཐའ་དག་ལ་སྐོམ་པ་ཆུ་འདོད་ལྟར་རེ་ཡོད་པར་མ་ཟད། དེ་དག་གནས་ཤིང་མངའ་བར་ཡིད་ཆེས་ཟབ་མོ་བརྙེས་ཡོད། ཡིན་ནའང་བློ་འགྱེད་སྐྱེ་དགོས་པ་ཞིག་ལ་ཁེ་འདོད་གྲགས་འདོད་ཀྱིས་གཏམས་པའི་ཚོང་ར་རུ་བདག་གི་འདོད་བློ་ཚིམས་པ་གཏན་ནས་མེད་པར་དུས་རྟག་ཏུ་གཡོ་འཚོང་དང་མགོ་བསྐོར་གྱི་རྡུང་རྡེག་ཐེབས་ཀྱི་ཡོད། ད་ལྟ་ད་དུང་ཡང་བདག་གིས་མགོ་གཡོག་མགོ་བསྐོར་གང་མང་ཐེབས་པའི་བརྒྱུད་རིམ་གསལ་ལེར་དྲན་སོས་ཐུབ་པ་དེ་ལ་གཞི་ནས་རྡོ་ལ་རི་མོ་བརྐོས་པ་བཞིན་ངེས་པ་ཟེར་དགོས་པ་རེད་ཨང་།

     བདག་གི་སེམས་པ་ཆེས་ཆེར་གཅོང་བྱེད་ཀྱི་མགོ་བསྐོར་ཐེངས་ཤིག་ནི་ཁུ་ལིས་ཧྥུ་ལན་དུ་ཐེབས་པ་ཡིན། སྐབས་དེར་རྡོ་སྣུམ་བཙོ་སྦྱངས་ལས་རིགས་ཀྱི་ཐོན་སྐྱེད་འཕྲོ་ལྷག་བྱུང་བས་ཁེ་ཕན་ཐོབ་རེ་གང་ཡང་མེད་པ་དང་རྡོ་སྣུམ་བཙོ་སྦྱངས་ཚོང་ཁང་གང་མང་ཞིག་མ་རྩ་སྟོངས་པའི་མཐའ་རུ་ལྷུང་། དེ་མིན་ཁུ་ལིས་ཧྥུ་ལན་གྱི་སྣུམ་ཞིང་དང་བར་ཐག་ཁད་ཀྱིས་ཆོད་ཡོད་པ་དེས་སྣུམ་ཞིང་གི་ཁད་ཉེ་སར་གནས་པའི་རྡོ་སྣུམ་བཟོ་གྲྭ་དང་བསྡུར་ཚེ། ང་རང་ཚོས་བཤུལ་ལམ་རིང་མོའི་སྐྱེལ་འདྲེན་གྱི་གྲོན་དངུལ་མཐོན་པོ་སྤྲད་དེ་རང་ཉིད་གདན་ཐོབ་མི་འོས་པར་སྡོད་ཐབས་བྱེད་དགོས། བདག་གིས་དེ་དག་ལ་འགྱུར་བ་གཏང་རྒྱུ་ཐག་གིས་བཅད་པས་འཇིག་ཉེན་གྱི་མཚམས་སུ་འཕག་གིན་པའི་རྡོ་སྣུམ་བཟོ་གྲྭ་གཞི་རྒྱ་ཆེན་པོས་སྡུད་ཉོ་དང་། གོང་བུ་འདྲིལ་ཤུགས་བསྡམས་ཤིང་བྱེད་སྟངས་གཅིག་མཐུན་སྒོས་མི་སོ་སོའི་དངུལ་ཁུག་དགུག་ཐབ་བགྱི་དགོས།

     བདག་གིས་ཡོངས་སུ་རྡིབ་ལ་ཉེ་བའི་རྡོ་སྣུམ་བཙོ་སྦྱངས་བདག་པོ་དེ་དག་ལ་ང་རང་ཚོ་ཁུ་ལིས་ཧྥུ་ལན་དུ་གནས་བབ་ངན་ངོན་ལ་ཚུད་ཡོད་པར། ཐུན་མོང་ཐོག་རང་ཉིད་ཀྱི་ཁེ་ཕན་སྲུང་ཆེད་ལས་གང་ཞིག་ངེས་པར་དུ་བསྒྲུབ་དགོས། བདག་གི་བསམ་པར་འཆར་གཞི་འདི་ཤིན་ཏུ་རྨད་པས་བསམ་མནོ་ནན་ཏུར་དུ་ཐོངས། གལ་སྲིད་ཁྱོད་རང་སྤྲོ་བ་འཕེལ་ན་ཁྱོད་དང་གྲོས་མོལ་རྒྱུའི་དགའ་བ་ཆེས་ཆེར་ལྡན་ཞེས་བརྗོད། དགེ་བའི་འདུན་མ་དང་ཐབས་ཇུས་ལ་བསམ་གཞིགས་བཏང་སྟེ་བདག་གིས་རིན་ཐང་སྤུ་ཙམ་ཡང་མེད་པའི་བཟོ་གྲྭ་གང་མང་ཉོས་ཤིང་། དེ་དག་ནི་རྙིང་ཧྲུལ་གྱི་གད་སྙིགས་དང་འདྲ་བར་སྙིགས་རོའི་ཕུང་བོར་འཕེན་རྒྱུ་ལས་འོས་མེད།

     འོན་ཀྱང་མི་ཁ་ཤས་དེ་འདྲའི་སྡུག་རུལ་དང་སྒེར་སེམས་ཆེ་བ། དྲིན་ལག་རྡོ་རྡུང་བྱེད་དེ། ཁོ་པ་ཚོའི་བདག་གི་དངུལ་རག་རྗེས་འཛེམ་མེད་ཧམ་མེད་ཀྱིས་བདག་དང་གྲོས་ཁ་འཆམ་པའི་ཆོད་ཡིག་རྩིས་མེད་དུ་བཏང་སྟེ། ཡང་བསྐོར་བསྐྱར་བསྐོར་གྱིས་ལྕགས་རོ་གསེར་དུ་བསྒྱུར་བའི་སྒྲིག་ཆས་ཉོ་སྒྲུབ་བགྱིས་ནས་ལས་རྙིང་བ་གསར་དུ་བརྩམས་པར་མ་ཟད་སྤྱི་བསྒྲགས་ཀྱིས་བདག་གི་རྒྱུ་ནོར་གཡོ་ཟ་དང་ཁོ་ཚོའི་བཟོ་གྲྭ་ཉོ་དགོས་པར་སྐུལ་མྱངས། བདག་གིས་བསྒྲུབས་ཐུབ་སོང་། ཡིན་ནའང་། མཇུག་འབྲས་ནི་དངོས་གནས་ཡིད་སེམས་ལ་ཟུག་གཟེར་བསྐྱེད་པ་ཞིག་ཡིན། སྐབས་དེ་ཤེད་དུ་བདག་གི་སེམས་ཁམས་རབ་ཏུ་ཉོག་ཅིང་། བདག་གིས་ཐ་ན་བདག་ལ་ཡིད་གཞུངས་པ་དང་བསམ་པ་བཟང་བ། རྒྱུ་བ་དྲང་དྲགས་མི་འོས་པར་ལེ་བདའ་དང་འཁང་ར་བྱས། དེ་ལྟ་མིན་ཚེ་མཐའ་བཞི་དགྲ་བོ་མཉམ་རུབ་དང་ཐབས་རྫོགས་ཇུས་ཟད་པའི་གནས་སུ་ལྷུང་བའི་དཔེ་མེད་དོ། །

     བདག་གིས་ཆེས་ངོ་ལེན་མི་སྤོབས་པ་ཞིག་ནི་ཁེ་ཕན་དོན་དུ་གཉེར་བའི་རོལ་རྩེད་དེ་རུ་དེ་རིང་གི་གྲོགས་པོ་སང་ཉིན་གྱི་དགྲ་བོ་རུ་འགྱུར་བ་དེ་ཡིན། འདི་འདྲ་བའི་གནས་ཚུལ་རྒྱུན་པར་འབྱུང་སྟེ་བདག་གི་ཤག་པོ་གཉིས་ཀྱིས་ཚད་དང་ཚོད་མེད་པར་བདག་ལ་མགོ་བསྐོར་ཐེངས་མང་བཏང་མྱོང་། ལྷ་དཀོན་མཆོག་གསུམ་པོའི་ཞལ་ལ་གཟིགས་ཏེ་བདག་གིས་ཁོ་ཚོའི་ཉེས་སྐྱོན་རེ་རེ་བཞིན་བགྲང་པར་མི་འདོད། འོན་ཀྱང་བདག་གིས་ཁྱོད་ལ་འདི་ལྟར་བཤད་ཆོག་སྟེ། བདག་གིས་བདག་ལ་དུས་རྟག་ཏུ་ཁོ་པ་ཚོའི་མགོ་བསྐོར་ཐེབས་པ་རྟོགས་དུས་སུ། ཧ་ལས་ཧང་སངས་ཤིང་བདག་དང་མཉམ་དུ་སྨོན་ལམ་རྩེ་གཅིག་དང་ལྷག་བསམ་མི་ཕྱེད་པས་ང་རྒྱལ་ཁེངས་རློམ་དང་སྦྱོར་བ་ཚོད་མེད། འདོད་རྔམ་ཧམ་སེམས་འདོར་བར་མནའ་བསྒགས་པའི་མི་དེ་དག་ཅིའི་ཕྱིར་འདི་འདྲའི་ཐ་ཤལ་ཞེ་གནག་ཅིག་ཡིན་སོང་བ་ཧ་མི་གོ

     མགོ་བསྐོར་དང་རྫུན་གཏམ་སྣ་མང་སྣེ་འཛིང་བ་ཞིག་ཐེབས་རྗེས། བྱ་ཐབས་ཟད་ཅིང་བཟོད་གླགས་བྲལ་ཏེ་བདག་གིས་བདག་ལ་འདི་ལྟར་དུ་བརྗོད་པ་ཡིན་ཏེ། ཁྱོད་ཀྱིས་རང་ཉིད་ཁོ་ནར་ཡིད་གཏོད་དགོས་འདུག དེ་ལྟ་ན་ཁྱོད་ལ་གཞི་ནས་མགོ་བསྐོར་ཐེབས་མི་སྲིད། དོགས་འཛིན་གྱི་བསམ་པ་དེ་ནི་ལེགས་པོ་རྒྱན་ཆ་ཞིག་གདོད་ནས་མིན་པ་བདག་གིས་ཚོར་མོད། འཇིག་རྟེན་དཀར་ངོགས་འདིར་མགོ་བསྐོར་གཏོང་མཁན་གང་མང་མང་ཞིག་ཡོད་པས་དོགས་ཟོན་ནི་མེད་ན་ཐུ་མེད་པའི་འཚོ་གནས་ཀྱི་ཐབས་རྩལ་དཔེ་མེད་ཅིག་ཡིན།

     བུ་ཆུང་ལགས། ལས་སྐལ་གྱིས་ང་ཚོར་བསྩལ་བ་ནི་རེ་ཆད་ཀྱི་བདུད་རྩི་མིན་པར་གོ་སྐབས་ཀྱི་ཤེལ་ཕོར་ཡིན་པས་བརྩོན་པའི་གོ་ཆ་མནབས་ཏེ་ཧུར་བསྐྱེད་ཅིག ཝལ་སྲང་ལམ་ནས་བྱུང་བའི་དོན་དེར་རྒྱ་འུབས་མི་འདུས་པ་ཞིག་གཏན་ནས་མིན་པར་ཁྱོད་ཀྱིས་གཞན་ལ་ཡིད་གཏོད་རྒྱུ་མང་དྲགས་པའི་སྟབས་ཀྱིས་ཡིན། ཡིན་ཡང་། ཁྱོད་ཀྱིས་ཧ་གོ་དགོས་པ་ཞིག་ལ་ཅང་ཤེས་ཀྱི་རྟ་མཆོག་རྒོད་པོ་ཞིག་གནས་གཅིག་ཏུ་ཐེངས་གཉིས་ལ་འགྱེལ་བ་གཏན་ནས་མི་སྲིད་དོ། །

ཁྱོད་རང་སྙིང་ནས་གཅེས་པའི་ཡབ་ཆེན་གྱིས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།