ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་རྟོན་མཉམ་སྤྱོད་པའི་དུས་བསྐལ་བཟང་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྒྲོལ་མས་བསྒྱུར།   སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

          (ཨ་རི) ཝོ་ལན·ཁོ་ལི་སི་ཐུའོ་ཧྥུས་བརྩམས།

(མཚོ་སྔོན་མི་རིགས་སློབ་ཆེན།) རྡོ་རྗེ་སྒྲོལ་མས་བསྒྱུར།

    ཉིན་ཞིག་གི་མཚན་མོར། བདག་གིས་དུས་ཚོད་རེར་སྤྱི་ལེ100ཡི་འགྲོས་ཚད་ཀྱིས་རླངས་འཁོར་བསྐོར་ཏེ་གཞུང་ལམ་ཉིས་གཤིབ་མའི་སྟེང་ནས་བསྐྱོད། སྐབས་དེར་འགྲོས་ཚད་དེ་མཚུངས་ཀྱི་རླངས་འཁོར་ཞིག་གིས་མདུན་བསུས་ཏེ་སླེབས་བྱུང་། ངེད་གཉིས་ཕན་ཚུན་བསྣོལ་རྒྱུགས་སྐབས་སུ་ཁ་ལོ་བ་དེའི་མིག་མདངས་མཐོང་བྱུང་མོད། དེ་ནི་སྐད་ཅིག་ཙམ་དུ་ཟད་དོ། །

    སྐབས་དེར་བདག་གི་བསམ་པར་ཁོས་ཀྱང་བདག་དང་འདྲ་བར་སྐད་ཅིག་མ་དེར་ང་ཚོའི་ལས་དབང་ཕ་རོལ་པར་རག་ལས་ཡོད་སྙམ་བཞིན་ཡོད། གཏི་མུག་གི་དབང་དུ་ཚུད་ཅིང་ཁ་པར་གྱིས་ཡིད་སེམས་དཀྲུགས་ལ། འགྲོ་ལམ་བཀག་སྟེ་ངའི་ཚེ་སྲོག་གློ་བུར་དུ་མི་རྫོགས་རྒྱུའང་ཁོ་རང་ལ་རྟེན་ཐབས་བྱས་ཡོད། ང་ཚོས་ཕན་ཚུན་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱངས་མེད་ནའང་ཁོས་ཀྱང་འདི་ལྟར་སྙམ་བཞིན་པ་ཁོ་ཐག་རེད།

      འཛམ་བུ་གླིང་ཡང་འདི་ལྟར་འཁོར་ཅིང་སྐྱོད་ཀྱིན་པར་བདག་ཡིད་ཆེས་ཟབ་མོ་ཡོད་དེ། ཚད་གཞི་ག་གེ་མོ་ཞིག་གི་སྟེང་ནས་ང་ཚོས་ཕན་ཚུན་ལ་བརྟེན་རེས་བྱ་དགོས། སྐབས་ལ་ལར་རྒྱབ་རྟེན་དེས་ཚད་ཐིག་ལས་བརྒལ་མི་ཆོག་པའི་རེ་བ་སླ་མོ་འདོན་བཞིན་ཡོད། ཡང་སྐབས་འགར་རྒྱབ་རྟེན་འདི་འདྲ་བ་ལ་ང་རང་ཚོས་མཉམ་འབྲེལ་བྱེད་དགོས་ཏེ། གྲོགས་པོ་དང་ཐ་ན་ཆ་མེད་རྒྱུས་མེད་ཀྱི་མི་ལའང་མཉམ་འབྲེལ་བྱེད་དགོས།        

    སྔ་དུས1980ལོར། ང་རང་དབྱི་རག་གིས་བསྒྲུབས་པའི་ཨ་རི་བའི་མི་གཏའ་གློད་པའི་གྲོས་མོལ་ཞིག་ལ་ཞུགས། དབྱི་རག་ཕྱོགས་ཀྱིས་ངེས་པར་དུ་ཨར་ཅི་རི་ཡ་སྲིད་གཞུང་གིས་ང་ཚོའི་བར་འཕྲིན་ཡིག་བསྐུར་བའི་ཐབས་ཤེས་བརྒྱུད་དགོས་པ་ལས་ཐད་ཀར་འཕྲད་རྒྱུ་དང་ལེན་བྱས་མ་སོང་། སྔོན་མར་ཨར་ཅི་རི་ཡར་གཏན་ནས་འབྲེལ་འདྲིས་བྱས་མྱོངས་མེད་ནའང་ངས་དེ་ཉིད་རྒྱབ་ཏུ་བརྟེན་ནས་འཕྲིན་ཡིག་ཕར་སྐྱེལ་ཚུར་ལེན་བྱས་ཤིང་། དེ་ཡི་རོགས་རམ་འོག་ནས་ཨ་རིའི་མི་གཏའ50ལྷག་བདེ་འཇགས་ཀྱིས་ཡུལ་དུ་ལོག་ཐུབ་བྱུང་།

     ཚན་རྩལ་གྱིས་ང་ཚོའི་བར་ཐག་ཇེ་ཉེ་རུ་བཏང་བས་རྒྱལ་ཁབ་བར་གྱི་མཉམ་འབྲེལ་ལ་ཉིན་རེ་བཞིན་ཤུགས་སྣོན་བརྒྱག་དགོས།2003ལོར། རྒྱལ་ཁབ་མང་པོ་ཞིག་གི་སྨན་པ་རྣམས་མགྱོགས་མྱུར་སྒོས་ལག་ལེན་ལ་ཞུགས་ཏེ་ནད་དུགSARSགཏན་དུ་ཁེལ་ཞིང་། དེས་མིའི་ཚེ་སྲོག་ཁྲི་སྟོང་མང་པོ་འཇིག་ཉེན་ལས་བསྐྱབས། ང་ཚོས་ངེས་པར་དུ་རང་གི་ལས་དབང་རང་ཉིད་ལ་བརྟེན་ནས་ཚོད་འཛིན་མི་ཐུབ་པ་ཤེས་ཤིང་རྟོགས་པར་བྱ་དགོས།

      བདག་ནི་རང་གི་འགན་འཁྲི་གཙིགས་སུ་འཛིན་མཁན་ཞིག་ཡིན་མོད་ལོ་ཟླའི་འགྱུར་བ་དང་བསྟུན་ནས། བདག་གིས་ཀྱང་སྐབས་ལ་ལར་མི་ཞིག་གིས་ངེས་པར་དུ་གཞན་གྱི་ཡིད་རྟོན་དང་ཚོད་དཔག་ལ་བརྟེན་དགོས་པའི་ཡིད་ཆེས་རྨང་ནས་རྙེད་སོང་། དེ་བས་ང་ཚོས་འདི་ལྟར་བསམ་གཞིག་གཏོང་ཤེས་དགོས་ཏེ། མདུན་བསུས་པའི་གློག་འོད་དེས་འཇིགས་སྣང་སྐུལ་བ་ཞིག་མིན་པར་དེ་ནི་ཡིད་རྟོན་མཉམ་སྤྱོད་པའི་དུས་བསྐལ་བཟང་པོ་ཞིག་ཡིན་པ་མངོན་པར་མཚོན་ནོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།