ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་པར་ཞུས་པའི་བསྒྲགས་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ་ཀྱིས་བསྒྱུར།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་ཆད་དམག་འཁྲུག་གང་དང་གང་ཡིན་ཡང་ད་ལྟའི་འདི་ལྟ་བུའི་རིག་གནས་མཉམ་ལས་ཡོངས་སུ་གཏོར་བརླག་ཏུ་བཏང་བ་ཞིག་བྱུང་མྱོང་མེད། ཐེངས་འདིའི་དམག་འཁྲུག་ཀྱང་ཏག་ཏག་སྐབས་འདི་འདྲ་ཞིག་ལ་བྱུང་སོང་སྟེ། ལག་རྩལ་དང་འགྲིམ་འགྲུལ་གོང་འཕེལ་བྱུང་བ་འདིས་ང་ཚོར་རྒྱལ་སྤྱིའི་འགྲོ་འོང(International Communication)ཡོད་དགོས་ལ། འབྲེལ་བ་དེ་ལྟ་བུ་ནི་ངེས་པར་དུ་ཕྱོགས་ཀུན་ལ་ཁྱབ་གདལ་དུ་འགྲོ་ཞིང་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབ་སྲིད་པའི་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་གསལ་པོར་ཤེས་སུ་བཅུག་ཡོད། ཕལ་ཆེར་སྔོན་ཆད་རྒྱལ་སྤྱིའི་འབྲེལ་ཐག་དེ་ཙམ་མང་པོ་ཞིག་ཡོད་པའི་དབང་གིས། ང་ཚོས་འདི་ལྟ་བུའི་འབྲེལ་བ་ཆད་པ་མཐོང་ཚེ་སྔར་ལས་བློ་ཕམ་ཞིང་ཡིད་གདུང་བས་གཟིར་འོངས།

ང་ཚོ་དངངས་སྐྲག་སྐྱེས་ནས་ག་བྱེད་འདི་བྱེད་མེད་པ་ཞིག་ཏུ་གཏན་ནས་འགྱུར་མི་རུང་སྟེ། ཐུན་མོང་གི་འཛམ་གླིང་རིག་གནས་ལ་དོ་ཁུར་ཅུང་ཟད་བྱེད་པའི་མི་ཞིག་ཡིན་ཕྱིན། མི་ཀུན་ལ་ད་ལྟ་འདི་ལྟ་བུའི་རིག་གནས་ངེས་པར་དུ་གཞི་འཛིན་སར་ལེན་དགོས་པའི་རྩ་དོན་དེ་དག་གི་ཆེད་དུ་འཐབ་རྩོད་བྱས་པ་སྲུང་སྐྱོང་བྱ་རྒྱུའི་ལྡབ་འགྱུར་གྱི་འགན་འཁྲི་ཡོད། ཡིན་ནའང་། སྤྱིར་ན་འདི་ལྟ་བུའི་བསམ་བློའི་བརྩེ་དུང་ལྡན་པར་རེ་ལྟོས་བྱས་ཆོག་པའི་མི་དེ་ཚོ་སྟེ་གཙོ་བོ་ཚན་རིག་པ་དང་སྒྱུ་རྩལ་པ་ལ་ཟེར་བ་ཡིན་ཏེ། མིག་སྔར་གྱི་བསམ་ཚུལ་ལ་བལྟས་ན། ཁོ་ཚོས་ཕལ་ཆེར་རྒྱལ་སྤྱིའི་འགྲོ་འོང་སྔར་བཞིན་སྲུང་འཛིན་རྒྱུན་འཁྱོངས་བྱེད་འདོད་པའི་རེ་འདུན་གང་དང་གང་ཡང་དོར་ཟིན་ཡོད་པ་འདྲ། ཁོ་ཚོས་ནི་དགྲར་འཛིན་པའི་འདུ་ཤེས་ཀྱིས་སྐད་ཆ་སྨྲས་པ་ལས་ཞི་བདེ་ཡོང་བའི་ཆེད་དུ་ཚིག་གཅིག་ཀྱང་བརྗོད་མེད་དོ། །མི་རིགས་རིང་ལུགས་ཀྱི་བརྩེ་སེམས་ཀྱིས་འདི་ལྟ་བུའི་སྤྱོད་ཚུལ་འཛིན་སྟངས་གསེད་བཀྲོལ་བྱེད་མི་རུང་སྟེ། སྤྱོད་ཚུལ་དེ་རིགས་ནི་འཇིག་རྟེན་འདིར་གདོད་མ་ཉིད་ནས་རིག་གནས་ཀྱི་རྒྱུ་རུ་ངོས་འཛིན་པ་དེ་དག་དང་ཆ་མཚུངས་པ་ཞིག་མིན། གལ་ཏེ་འདི་ལྟ་བུའི་འདུ་ཤེས་ཉིད་ཤེས་ཡོན་ཅན་གྱི་ཁྲོད་ལས་ཕྱོགས་ཀུན་ལ་རྒྱུན་འབྱམས་སུ་ཕྱིན་ཚེ་དེ་ནི་ཆག་སྒོ་ཚབས་ཆེན་པོ་ཞིག་ཡིན། དེ་ཡིས་ནི་རིག་གནས་ཀྱི་རང་ངོས་ལ་འཇིགས་སྐུལ་བ་ཙམ་དུ་མ་ཟད། ད་དུང་མི་རིགས་ཀྱི་འཚོ་གནས་ལའང་གནོད་སྐྱེལ་སྲིད་པར་ང་ཚོས་ཡིད་ཆེས་ཟབ་མོ་བྱས་ཆོག་ཏེ། ཐེངས་འདིའི་ཀླ་ཀློའི་དམག་འཁྲུག་ཀྱང་ཏག་ཏག་མི་རིགས་ཀྱི་འཚོ་གནས་སྲུང་སྐྱོབ་བྱེད་རྒྱུར་ཁ་གཡར་ནས་བསླངས་པ་ཡིན།

ལག་རྩལ་གྱིས་འཇིག་རྟེན་འདི་ཉིད་ཆུང་ངུར་བཏང་ཡོད། ངོ་མ་དེ་འདྲ་ཞིག་ཡིན། དེ་རིང་ཡོ་རོབ་བྷ(Europa)ཆེན་མོའི་ཕྱེད་གླིང(peninsula)དུ་རྒྱལ་ཁབ་སོ་སོ་ཕན་ཚུན་བཙིར་ཏེ་འཚང་ཁ་བརྒྱབ་པའི་གནས་ཚུལ་དེ་ནི་སྔོན་ཆད་ས་དབུས་རྒྱ་མཚོའི(Mediterranean Sea)ཕྱོགས་སུ་བསྲིངས་པའི་ཕྱེད་གླིང་ཅུང་ཆུང་བ་འགའི་ཐོག་ཏུ་འཚང་ཡོད་པའི་རྒྱལ་ཕྲན་སོ་སོ་དེ་དག་དང་ཧ་ཅང་མཚུངས། ཡུལ་སྐོར་ཧ་ཅང་ཁྱབ་གདལ་ཆེ་ཞིང་རྒྱལ་སྤྱིའི་འབུལ་སྦྱིན་དང་དགོས་མཁོ་ཡང་དེ་འདྲའི་དམ་ཟབ་ངང་གཞི་གཅིག་ཏུ་སྦྲེལ་ཡོད་པས། ཡོ་རོབ་སྟེ་ཕལ་ཆེར་གླིང་ཀུན་ཞེས་བརྗོད་ཀྱང་ཆོག་ཏེ། ཐ་ན་ད་ལྟ་ཚང་མ་གཞི་གཅིག་ཏུ་གྱུར་ཡོད།

ཡོ་རོབ་ལ་རྒྱལ་སྤྱིའི་སྒྲིག་འཛུགས་དཀོན་པའི་རྐྱེན་གྱིས་གནའ་བོའི་གྷི་རི་སིའི་ལམ་རྙིང་པོར་བསྐྱར་དུ་བགྲོད་པ་དེ་ངེས་པར་དུ་སྔོན་འགོག་བྱ་དགོས། ཀུན་སྤྱོད་ལེགས་ཤིང་བསམ་པ་བཟང་པོ་ཅན་གྱི་ཡོ་རོབ་པ་ལ་མ་མཐར་ཡང་དེ་ལྟར་ཧུར་ཐག་བྱེད་དགོས་པའི་འགན་ཁུར་མཆིས་པ་གདོན་མི་ཟ་སྟེ། དེ་ལྟར་མ་བྱས་ན། ཡོ་རོབ་ཀྱང་སྤུན་ཟླས་ཁ་འཛིང་བྱས་སྟབས་རིམ་གྱིས་ཟུངས་ཟད་ཐང་ཆད་དུ་གྱུར་ཏེ་མཉམ་དུ་རྩ་བརླག་ཏུ་འགྲོར་འཇུག་རྒྱུ་ཡིན་ནམ།

མིག་སྔར་གང་སར་མཆེད་བཞིན་པའི་དམག་འཁྲུག་གི་མེ་ལྕེ་ལས“རྣམ་པར་རྒྱལ་ཐུབ་མཁན”ཧ་ཅང་འབྱུང་དཀའ་ཞིང་། ཕལ་ཆེར་དམག་འཁྲུག་རྒྱག་པར་ཞུགས་པའི་རྒྱལ་ཁབ་ཚང་མས་དེ་ལ་རིན་དོད་ཆེན་པོ་གཏོང་དགོས། དེའི་ཕྱིར་རྒྱལ་ཁབ་ལས་ཀུན་སྤྱོད་ལེགས་པའི་སྐྱེ་བོ་མཐའ་དག་གིས་ཧུར་ཐག་ཅི་ཡོད་བསྐྱེད་ནས་འདི་ལྟ་བུའི་ཞི་བདེའི་ཆིངས་ཡིག་བརྩོན་ལེན་བྱ་དགོས། དེ་ལྟ་བུའི་ཆིངས་ཡིག་གི་མིག་སྔའི་འགལ་རྐྱེན་གྱི་འབྲས་བུ་དེ་ཅི་འདྲ་ཡིན་རུང་། མ་འོངས་པའི་དམག་འཁྲུག་གི་ས་བོན་དེ་ཉིད་སུས་ཀྱང་གཏོར་མི་སྲིད། དེ་འདྲའི་ཧུར་ཐག་བསྐྱེད་པ་ནི་ཐབས་ལ་མཁས་པའི་འདམ་ག་ཙམ་མ་ཡིན་པར་དགོས་ངེས་ཆེ་བ་ཞིག་ཀྱང་ཡིན་པ་སྨོས་མ་དགོས་ཏེ། ངེས་པར་དུ་ཐེངས་འདིའི་དམག་འཁྲུག་གིས་བཟོས་པའི་ཡོ་རོབ་ཀྱི་གཏན་འཇགས་མིན་པ་དང་ཡོ་འཁྱོམ་ཆེ་བའི་གནས་བབ་སྤྱད་དེ། སྐམ་ས་ཆེན་པོ་འདི་ཉིད་ཆིག་སྒྲིལ་བྱས་ནས་ཕན་ཚུན་འབྲལ་ཐབས་མེད་པའི་ཚོགས་སྤྱི་ཧྲིལ་པོ་ཞིག་ཏུ་གཏོང་དགོས་ཤིང་། འདི་ལྟ་བུའི་འཕེལ་རྒྱས་འབྱུང་བ་ལ་སྐུལ་འདེད་གཏོང་བའི་ཆ་རྐྱེན་དེ་ལག་རྩལ་དང་རིག་གནས་གང་གི་ཆ་ནས་ཀྱང་དུས་སུ་བབ་ཡོད།

འདི་ག་ནི་ཇི་ལྟར་བྱས་ན་ད་གཟོད་ཡོ་རོབ་ཀྱི་སྒྲིག་ལམ་གསར་བ་དེ་འདྲ་འགྲུབ་ཐུབ་པའི་བགྲོ་གླེང་བྱ་ཡུལ་དེ་མ་ཡིན་པར། ང་ཚོའི་དམིགས་ཡུལ་ཉག་གཅིག་ནི་འུ་ཅག་གི་ཡིད་ཆེས་ཀྱི་བསམ་པ་དེ་གསལ་བསྒྲགས་ནན་ཏན་བྱ་རྒྱུ་སྟེ། ཡོ་རོབ་ཀྱིས་ངེས་པར་དུ་མཉམ་འབྲེལ་བྱས་ནས་གང་དེའི་ས་ཞིང་དང་། མི་དམངས། རིག་གནས་བཅས་སྲུང་སྐྱོབ་བྱ་དགོས་པའི་གོ་སྐབས་འདི་སླེབས་ཟིན་ཡོད་དོ། །ང་ཚོས་ཕྱོགས་ཡོངས་ལ་ཡོ་རོབ་གཅིག་གྱུར་བྱེད་པའི་སྐོར་གྱི་འུ་ཅག་གི་ཡིད་ཆེས་ཀྱི་བསམ་པ་ཉིད་གསལ་བསྒྲགས་བྱ་དགོས། ང་ཚོས་སྐྱེ་བོ་མི་ཉུང་བ་ཞིག་ལའང་དེ་འདྲའི་བསམ་བློ་ཐུན་མོང་དུ་མངའ་བར་ཡིད་ཆེས་བྱས་ཆོག་ཏེ། ང་ཚོས་འདི་ལྟར་འུ་ཅག་གི་ཡིད་ཆེས་ཀྱི་བསམ་པ་དེ་ཡོངས་གྲགས་སུ་གསལ་བསྒྲགས་བྱས་ནས་ཡོ་རོབ་གཅིག་གྱུར་ཡོང་བའི་རྔམ་ཟིལ་ཆེ་བའི་ལས་འགུལ་ཞིག་འཕེལ་རྒྱས་འབྱུང་ཐུབ་པའི་རེ་བ་བྱེད་དགོས། 

ཁ་ཕྱོགས་འདི་ལ་བགྲོད་པའི་གོམ་པ་དང་པོ་ནི་ཡོ་རོབ་རིག་གནས་ལ་ངེས་པ་དོན་གྱིས་གཅེས་སྐྱོང་བྱེད་མཁན་གྱི་མི་ཡོད་ཚད་དང་། གྷིར་རྡི(Johann Wolfgang von Goethe,1749-1832)མཆོག་གིས། “སྤྱོད་བཟང་ཅན་གྱི་ཡོ་རོབ་པ”ཞེས་ལུང་དུ་བསྟན་མྱོང་བའི་མི་ཀུན་གྱིས་དཔུང་རྡང་གཅིག་ཏུ་སྦྲེལ་རྒྱུ་དེ་ཡིན།

ང་ཚོས་འདི་ལྟ་བུའི་རེ་སྨོན་དེ་དོར་ན་མི་འོས་སྟེ། ཁོ་ཚོས་འབོད་སྐུལ་ཉིད་དེ་རིང་མགྲིན་གཅིག་ཏུ་བསྒྲགས་པ་ཡིན་པའི་དབང་དུ་བཏང་ནའང་། འབོད་སྐུལ་དེ་ཕན་ཚུན་བར་དྲག་ཆས་ཀྱི་འཐབ་འཛིང་བྱུང་བའི་འུར་སྒྲ་ལས་སྔར་བཞིན་མཐོ་བར་ནུས་ཤིང་། ལྷག་པར་དུ་གལ་སྲིད་མཚན་སྙན་དང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་མི་དེ་ཚོས་ཀྱང་ཐུན་མོང་གིས་འབོད་སྐུལ་བྱས་ཀྱང་དེ་ལས་མཐོ་བར་ནུས་སོ། །

ང་ཚོས་ཡང་བསྐྱར་ཐེངས་གཅིག་བཤད། གོམ་པ་དང་པོ་ནི་ཡོ་རོབ་པས་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་རྒྱུ་དེ་ཡིན། གལ་ཏེ་ང་ཚོས་ལྷག་བསམ་རྣམ་དག་གིས་རེ་བ་བཅངས་པ་དེ་བཞིན་དུ་ཡོ་རོབ་ཏུ་ཡོ་རོབ་པ་གྲངས་ཀྱིས་ལོངས་པ་མང་པོ་ཞིག་རྙེད་ཐུབ་ཚེ། མི་འདི་རྣམས་ལ་མཚོན་ནས་བཤད་ན། ཡོ་རོབ་ནི་ས་ཁམས་ཐོག་གི་མིང་ཙམ་མ་ཡིན་པར་སྐྱེ་སྟོབས་ཀྱིས་ཁེངས་པའི་ལས་དོན་ཞིག་ཡིན་ཏེ། ང་ཚོས་ཧུར་ཐག་བསྐྱེད་ནས་ཡོ་རོབ་པའི་མནའ་འབྲེལ་རྩ་འཛུགས་བྱས་ན། སྐབས་དེར་སླེབས་ཚེ། མནའ་འབྲེལ་འདིས་འབོད་སྐུལ་བསྒྲགས་ཏེ་འགུལ་སྐྱོད་ཀྱང་བྱེད་ཐུབ་བོ། །

ང་ཚོ་རང་ཉིད་ཀྱིས་འཚོལ་ཞིབ་བགྱིས་པ་ནི་འགུལ་སྐྱོད་ཀྱི་གོམ་པ་ཐོག་མ་སྟེ་འགྲན་སློང་གི་བསྒྲགས་ཡིག་འདི་སྤེལ་བ་ཙམ་ཡིན། གལ་ཏེ་ཁྱེད་རང་ང་ཚོ་དང་གཞི་མཐུན་གྱི་དམིགས་པ་གཅིག་ཏུ་འབབ་ཅིང་། ཁྱེད་ཀྱིས་ཀྱང་ཡོ་རོབ་གཅིག་གྱུར་འོང་བའི་ཆེད་དུ་ཁྱབ་གདལ་ཆེ་བའི་ལས་འགུལ་ཞིག་གསར་དུ་བསྐྲུན་པར་སེམས་ཐག་བཅད་ཡོད་ཚེ། དེས་ན་ཁྱེད་ཀྱིས་རང་ཉིད་ཀྱི་མིང་འདིར་འགོད་རོགས་ཞུའོ། །


 བསྒྲགས་གཏམ་འདི་ནིG.F.ནེ་ཁོ་ལེ(Georg Friedrich Nicolai)ཡིས། 1914ལོའི་ཟླ10པའི་དཀྱིལ་དུ་འཆར་ཟིན་བཀོད་ཅིང་། སྟེང་དུ་མིང་འགོད་མཁན་མི་བཞི་ལས་མེད་ལ་དེའི་ནང་ཨེན་སི་ཐན་ཡང་ཐེ་བར་མ་ཟད། བསྒྲགས་གཏམ་དེར་ཧུར་བརྩོན་ཆེན་པོས་རྒྱབ་སྐྱོར་གནང་མཁན་ཡིན་ནོ། །བསྒྲགས་གཏམ་འདི་ལ་སྐབས་དེར་མིང་འགོད་མཁན་ཧ་ཅང་ཉུང་བའི་རྐྱེན་པས་དངོས་སུ་སྤེལ་མེད། ཕྱིས་སུ་ནེ་ཁོ་ལེ་ཡིས་རང་ཉིད་ཀྱིས་བརྩམས་པའི<<དམག་འཁྲུག་གི་སྐྱེ་དངོས་རིག་པ>>(Die Biologie des krieges,1916ལོར་སུའེ་ཙེར་དུ་པར་སྐྲུན་བྱས)བྱ་བའི་དེབ་ཏུ་ཟུར་བཀོད་བྱས་ནས་སྤེལ། བསྒྲགས་གཏམ་འདི་ནི་ཨེན་སི་ཐན་གྱིས་བྲིས་པ་མིན་ན་ཡང་། ཁོང་གི་སྐུ་ཚེ་གང་བོའི་ཆབ་སྲིད་ཀྱི་བསམ་བློ་དང་གཞི་ནས་གཅིག་གྱུར་ཡིན་ལ། འདི་ནི་ཁོང་གི་མི་ཚེ་འདིར་རང་མིང་བཀོད་པའི་ཆབ་སྲིད་ཀྱི་བསྒྲགས་ཡིག་ཐོག་མ་དེ་ཡང་ཡིན་པར་གཞིགས་ནས། དེ་ཉིད་གསུང་འབུམ་རྩོམ་འདིའི་ནང་དུ་བདམས་བསྒྲིགས་བྱས་པ་ཡིན་ཞིང་། ན་རྡིན(Otto Na than)དང་ནོར་དྷིན(Heinz Norden)གཉིས་ཀྱིས་བསྒྲིགས་པའི<<ཨེན་སི་ཐན་གྱིས་ཞི་བདེ་གླེང་བ>>(Einstein on Peace)ལས་བཤུས། 1960ལོར་ཉུག་ཡོགSimon and Schusterནས་པར་སྐྲུན་བྱས། P.4-6

<<ཨེན་སི་ཐན་གྱིས་ཞི་བདེ་གླེང་བ>>སྒྲིག་པ་པོས་དཔྱད་པ་སྤེལ་བ་ལྟར་ན། 1914ལོའི་ཟླ8པར་འཛམ་གླིང་འཁྲུག་ཆེན་དང་པོ་བསླངས་རྗེས། འཇར་མན་གྱི་རིག་གནས་ལས་རིགས་ཀྱིས་དམག་རྒྱལ་རིང་ལུགས་པས་དབང་བསྒྱུར་བའི་འོག་ཏུ། 1914ལོའི་ཟླ10པའི་འགོར་འཇར་མན་ལ་བཙན་འཛུལ་བྱས་པའི་རྩུབ་སྤྱོད་དག་སེལ་བྱེད་པའི་བསྒྲགས་གཏམ<<ཡོ་རོབ་པར་ཞུས་པའི་བསྒྲགས་ཡིག>>ཟེར་བ་ཞིག་སྤེལ་ཞིང་། དེའི་སྟེང་དུ་སྐད་གྲགས་ཆེ་བའི་ཚན་རིག་པ་དང་། སྒྱུ་རྩལ་པ། ཡེ་ཤུའི་ཆོས་འཆད་མཁན་སོགས་མིང་རྟགས་བཀོད་མཁན་མི་གོ་གསུམ་ཙམ་མཆིས་སོ། །<<ཡོ་རོབ་པར་ཞུས་པའི་བསྒྲགས་ཡིག>>ཅེས་པ་ནི་དེ་དང་མདུང་རྩེ་ཁ་སྤྲད་པ་ཞིག་ཡིན་ཏེ། མིང་རྟགས་འགོད་མཁན་ལ་ནེ་ཁོ་ལེ་དང་ཨེན་སི་ཐན་མ་གཏོགས་གཞན་མི་ཅིག་ཤོས་གཉིས་ལས་མེད། དེ་ལས་གཅིག་ནི་དགུང་ལོ་བརྒྱད་ཅུར་སོན་པའི་པེར་ལེན་གནམ་དཔྱད་ཁང་གི་དབུ་གཙོ་ཧྥོར་སི་ཐེར(Wilhelm Forster)ཡིན་ལ། ཁོང་གིས་རང་ཉིད་ཀྱིས་མི་གོ་གསུམ་གྱི་བསྒྲགས་གཏམ་སྟེང་རང་མིང་བཀོད་པར་འགྱོད་སྣང་སྐྱེས་ཡོད། ཅིག་ཤོས་ནི་ཨོ་ཐོ་པེ་ཁི(Otto Buek)སྟེ་ཁོང་ཕྱིས་སུ་ཨ་གྷིན་ཐིན(阿根廷)གྱི་ཚགས་པར་ཁང་ཞིག་ཏུ་གསར་འགོད་པ་བྱས། ནེ་ཁོ་ལེས་སྐབས་དེར་པེར་ལེན་སློབ་གྲྭ་ཆེན་མོའི་ལུས་ཁམས་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས་ཤིང་། ཕྱིས་སུ་རང་མོས་ལྟར་སྐམ་དམག་དམག་ཁོངས་ཀྱི་སྨན་པའི་ལས་ཀར་ཞུགས། 1918ལོའི་ཟླ6པར་གནམ་གྲུར་བསྡད་དེ་འཇར་མན་ནས་བྲོས་བྱོལ་བྱས་ནས་ཏེན་མག་ཏུ་བསླེབས་སོ། །སྒྲིག་སྒྱུར་པས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།