ཀྲུང་གོ་བོད་ཀྱི་དྲ་བ།

རི་བོ་ཞི་མའེ་ལི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཡང་མོ་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2018-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ་ཙ་ན་སྤུན་གཉིས་ཡོད་པ་ལས་གཅིག་ནི་ཕྱུག་ཅིང་གཅིག་ནི་དབུལ་པོ་ཡིན། ཕྱུག་པོས་དབུལ་པོར་ཅི་ཡང་མ་བྱིན་སྟབས། དབུལ་པོས་འབྲུ་རིགས་ཉོ་ཚོང་ཙམ་ལ་བརྟེན་ནས་ལྟོ་གོས་ཕྱིད་ཐབས་བྱས། སྐབས་རེར་འཚོ་བའི་འཁོས་ཀ་ཧ་ཅང་ཞན་ལ་ཐ་ན་ཆུང་མ་དང་བུ་ཕྲུག་ལ་སྒོང་བག་ཀྱང་ཟ་རུ་འཇུག་མི་ཐུབ། ཉིན་ཞིག་ཁོས་འདེད་འཁོར་བསྐོར་ཅིང་ནགས་ཚལ་བརྒྱུད་ནས་འགྲོ་སྐབས་རྩྭ་རྐང་གཅིག་ཀྱང་སྐྱེས་མེད་པའི་རི་བོ་ཆིག་སྐྱ་ཞིག་མཐོང་། ཁོས་རི་མཐོན་པོ་དེ་ལྟ་བུ་མཐོང་མྱོང་མེད་པས་འགྲོ་མཚམས་བཞག་སྟེ་ཧ་ལས་པའི་ངང་བལྟས་ནས་བསྡད། ཁོ་དེར་ལངས་ནས་སྡོད་དུས་མི་རྒོད་སྟོབས་ཅན་བཅུ་གཉིས་ཚུར་ཡོང་བ་མཐོང་ཞིང་། ཇག་ཚོགས་ཤིག་ཡིན་ནམ་སྙམ་སྟེ་འདེད་འཁོར་བསྐོར་ནས་ནགས་གསེབ་ཏུ་ཕྱིན་པ་དང་། རང་ཉིད་སྡོང་མགོར་འགོས་ནས་མི་རྒོད་དེ་དག་གིས་དོན་ཅི་བྱེད་པར་བལྟས་ཙ་ན། མི་རྒོད་སྟོབས་ཅན་དེ་ཚོ་རི་མདུན་དུ་ཕྱིན་ནས་སྐད་གསང་མཐོན་པོས། “རི་བོ་སའེ་མུའུ་ཞི། རི་བོ་སའེ་མུའུ་ཞི། སྒོ་ཕྱེས་ཤིག”ཅེས་བོས་པ་དང་སྦྲགས་རི་བོ་ཆིག་སྐྱ་དེའི་དཀྱིལ་ནས་ཁ་ཕྱེས་ཤིང་མི་རྒོད་རྣམས་ནང་དུ་འཛུལ། ཁོ་ཚོ་རི་བོའི་ཁོག་ཏུ་འཛུལ་མ་ཐག་ཁ་ཟུམ་སོང་། ཡུད་ཙམ་འགོར་རྗེས། རི་བོའི་ཁ་ཕྱེས་ནས་མི་རྒོད་རྣམས་ཕྱིར་ཐོན་པ་དང་། རྒྱབ་ཏུ་སྒྱེ་མོ་ལྕི་མོ་རེ་ཁུར་འདུག དེ་ནས་ཁོ་ཚོས་ཉི་འོད་འོག་ནས“རི་བོ་སའེ་མུའུ་ཞི། རི་བོ་སའེ་མུའུ་ཞི། སྒོ་རྒྱོབས་ཤིག”ཅེས་བཤད་མ་ཐག རི་བོས་འཕྲལ་མར་ཁ་ཟུམ་ཞིང་འཇུག་སྒོའི་ཤུལ་ཙམ་ཡང་མི་མཐོང་བར་གྱུར་རྗེས་མི་རྒོད་བཅུ་གཉིས་པོ་ཕྱིར་ལོག་སོང་། ཁོ་ཚོ་ཐག་རིང་དུ་ཕྱིན་རྗེས་དབུལ་པོ་སྡོང་མགོ་ལས་བབས་པ་དང་། རི་དེའི་ཁོག་པར་ཡ་མཚན་ཅན་གྱི་དངོས་པོ་ཅི་ཞིག་སྦས་ཡོད་ཤེས་འདོད་ཀྱི་འདུན་པ་ནི་སྐོམ་པས་ཆུ་འདོད་པ་ལྟར་སྐྱེས་པས། ཁོ་རང་རི་བོའི་མདུན་དུ་སོང་སྟེ“རི་བོ་སའེ་མུའུ་ཞི། རི་བོ་སའེ་མུའུ་ཞི། སྒོ་ཕྱེས་ཤིག” ཅེས་བོས་པས་དངོས་འབྲེལ་རི་སྒོ་ཕྱེས་སོང་། ཁོ་རིའི་ཁོག་ཏུ་འཛུལ་བ་ན་མ་གཞི་རི་བོ་དེ་ནི་གསེར་དངུལ་གྱིས་ཡོངས་སུ་བཀང་བའི་དོང་ཕུག་ཅིག་རེད་འདུག་ལ། རྒྱབ་ཕྱོགས་སུ་འོད་ལམ་ལམ་དུ་འཚེར་བའི་མུ་ཏིག་དང་རྡོ་རྗེ་ཕ་ལམ་ཡང་འབྲུ་ལྟར་སྤུངས་འདུག དབུལ་པོས་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར་ལ་རང་གིས་རིན་པོ་ཆེ་ཏོག་ཙམ་འཁྱེར་ཆོག་མིན་ཡང་ཐེ་ཚོམ་ཉིད་དུ་གྱུར། དེ་ནས་ཁོས་སྒྱེ་མོའི་ནང་དུ་གསེར་གང་བཅུག་ནས་མུ་ཏིག་དང་རྡོ་རྗེ་ཕ་ལམ་སྔར་བཞིན་མ་སྒུལ་བར་བཞག ཁོ་རིའི་ཁོག་ནས་བུད་དེ་ལད་ཟློས་ཀྱིས“རི་བོ་སའེ་མུའུ་ཞི། རི་བོ་སའེ་མུའུ་ཞི། སྒོ་རྒྱོབས་ཤིག”ཅེས་བཤད་པས་རི་བོས་དེ་འཕྲལ་ཁ་ཟུམ། དེ་ནས་དབུལ་པོས་འདེད་འཁོར་བསྐོར་ནས་ཁྱིམ་དུ་ལོག དེ་ནས་བཟུང་ཁོ་ཚང་གི་འཚོ་བར་སེམས་ཁྲལ་མེད་ཅིང་གསེར་གྱིས་ཆུང་མ་དང་བྱིས་པར་སྒོང་བག་ཉོས་ཆོག་ལ་རྒུན་ཆང་ཡང་ཉོས་ཆོག་པས། བདེ་སྐྱིད་ཀྱི་འཚོ་བར་རོལ་ཅིང་མི་གཤིས་བཟང་གཞུང་དྲང་ཞིག་བྱས་ཏེ་དབུལ་པོར་རོགས་སྐྱོར་དང་མི་ཚང་མར་དགེ་བ་ཅི་ཐུབ་ཏུ་བསྒྲུབས། སྒོར་མོ་ཚར་རྗེས་ཁོས་ཕུ་བོར་ཤིང་ཟོམ་ཞིག་གཡར་ཏེ་ཡང་གསེར་ལེན་དུ་སོང་ཞིང་རིན་པོ་ཆེ་དེ་དག་ལ་ཐུག་ཙམ་ཡང་མ་བྱས། ཐེངས་གསུམ་པར་གསེར་ལེན་དུ་འགྲོ་དུས་ཀྱང་ཕུ་བོར་ཤིང་ཟོམ་གཡར། ཕུ་བོ་ཕྱུག་པོ་དེས་སྔ་མོ་ནས་ཁོའི་རྒྱུ་ནོར་ལ་ཧམ་ཞེན་དང་ཁོ་ཚང་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་ཕྲག་དོག་བྱས། ཕུ་བོ་ཕྱུག་པོས་ནུ་བོའི་རྒྱུ་ནོར་གྱི་ཡོང་ཁུངས་དང་ཤིང་ཟོམ་གཡོར་དོན་མ་ཤེས་སྟབས། ཐབས་ཇུས་ཤིག་འཐེན་ཏེ་ཟོ་བའི་ཞབས་ངོས་སུ་སྣུམ་བྱུགས། ཤིང་ཟོམ་ཕྱིར་སྤྲོད་དུས་ངོས་སུ་གསེར་སྒོར་གཅིག་འབྱར་ཡོད་པས། ཁོས་མྱུར་དུ་ནུ་བོ་བཙལ་ཏེ“ཤིང་ཟོམ་གྱིས་ཅི་ཞིག་འཇལ་བ་ཡིན”ཞེས་དྲིས། ནུ་བོས“འབྲུ་རིགས་དང་སོལ་བ་འཇལ་བ་ཡིན”ཞེས་བཤད། ཕུ་བོས་ཁོར་གསེར་སྒོར་དེ་བསྟན་ནས་འཇིགས་སྐུལ་ཏེ། གལ་ཏེ་ཁྱོད་ཀྱིས་སྐད་ཆ་དྲང་བོར་མ་བཤད་ཚེ་ཁྲིམས་ཁང་ལ་གཏུག་རྒྱུ་ཡིན་ཞེས་བཤད། དེ་བས་ཁོས་དོན་དག་གི་མགོ་མཇུག་བར་གསུམ་སྦ་གསང་མེད་པར་ཕུ་བོར་བཤད། ཕུ་བོས་མྱུར་དུ་ཤིང་རྟ་བསྐོར་ཏེ་གོ་སྐབས་འདི་དང་བསྟུན་ནས་གཅེས་ནོར་ཡོངས་རྫོགས་ཁྱིམ་དུ་ལེན་སྙིང་སྐྱེས། ཁོ་རིའི་མདུན་དུ་ཐོན་ནས་སྐད་གསང་མཐོན་པོས“རི་བོ་སའེ་མུའུ་ཞི། རི་བོ་སའེ་མུའུ་ཞི། སྒོ་ཕྱེས་ཤིག” ཅེས་བོས་པས་རི་བོའི་ཁ་ཕྱེས་ཤིང་ཁོ་རིའི་ཁོག་ཏུ་འཛུལ། གསེར་དངུལ་རིན་ཆེན་ཡོད་དོ་ཅོག་ཁོའི་མིག་མདུན་དུ་བཤམས་ཡོད་པས། ཡུན་རིང་ཞིག་ལ་མིག་རིག་རིག་ཏུ་གྱུར་ཏེ་སྔོན་ལ་གང་ཞིག་འཁྱེར་དགོས་མིན་ཡང་མ་ཤེས། མཇུག་མཐར་ཁོས་ཅི་ཐུབ་གང་ཐུབ་ཀྱིས་རྡོ་རྗེ་ཕ་ལམ་ཐེག་མི་ནུས་པའི་བར་དུ་ནང་དུ་བཅུག ཁོས་དེ་དག་དབོར་དགོས་མོད། འོན་ཀྱང་སེམས་ཤུགས་ཡོད་ཚད་རིན་པོ་ཆེ་གཞན་དག་གི་སྟེང་དུ་འཁོར་ནས་རིའི་མིང་ཡང་བརྗེད་སོང་། ཁོས་སྐད་གསང་མཐོན་པོས“རི་བོ་ཞི་མའེ་ལི། རི་བོ་ཞི་མའེ་ལི། སྒོ་ཕྱེས་ཤིག”ཅེས་བོས་ཀྱང་། རི་དེའི་མིང་མིན་སྟབས་རི་བོ་འགུལ་ཙམ་ཡང་མ་བྱས་ཤིང་སྔར་བཞིན་ཁ་ཟུམ་ནས་བསྡད། ཁོ་དངངས་སྐྲག་སྐྱེས་ཤིང་ཇི་ལྟར་འདང་བརྒྱབ་ན་དེ་ལྟར་རྙོག་འཛིང་ཆེ་སྣང་བྱུང་། སྐབས་དེར་གསེར་དངུལ་རིན་ཆེན་དེ་དག་གིས་ཁོར་རོགས་སྤུ་ཙམ་ཡང་བྱེད་མ་ནུས་པ་དང་། མཚན་མོར་སླེབས་པ་ན་རི་དེའི་ཁ་ཕྱེས་ཤིང་ཇག་པ་དེ་ཚོ་ནང་དུ་འཛུལ་ནས་ཡོང་། ཁོ་མཐོང་འཕྲལ་ཇག་པ་དེ་ཚོ་གད་མོ་ཤོར་ཏེ་སྐད་གསང་མཐོན་པོས། “སྐྱག་ཕྲུག ད་གཞི་ནས་ཁྱོད་འཛིན་ཐུབ་བྱུང་། ཁྱོད་ཐེངས་གཉིས་ལ་ཡོང་བ་ང་ཚོས་མ་ཤེས་པ་མིན་པར་མ་བཟུང་བ་ཙམ་ཡིན། ད་ཐེངས་ཁྱོད་ནི་འཆོར་ས་མེད”ཅེས་བཤད། ཁོས་སྐད་ཅོར་རྒྱག་བཞིན“སྔོན་ཆད་ཡོང་བ་ང་མིན། ངའི་ནུ་བོ་རེད”ཅེས་བཤད། ཁོས་གསལ་བཤད་དང་ཞུ་བ་ཇི་ལྟར་བྱས་ཀྱང་། མི་དེ་ཚོས་ཁོའི་མགོ་བོ་བཅད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།