ཀྲུང་གོ་བོད་ཀྱི་དྲ་བ།

《བུད་མེད་ཀྱི་དྲི་ཞིམ》ཞེས་པའི་གློག་བརྙན་ལས་མཐོང་བའི་སློབ་གསོའི་གནད་དོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྟ་བོ།   སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

ཐོག་མར་གློག་བརྙན་ནང་གི་འཁྲབ་ཚིག་དུམ་བུ་ཞིག་ལ་རོལ་བར་བྱ།

“…… སློབ་གཙོ། སློབ་གྲོགས་སེ་མེན་ལགས། ཁྱོད་ཀྱིས་མ་བཤད་ན་ང་ལ་བདེན་དཔང་ཅི་ཡང་མེད་པས། ངས་སློབ་གྲོགས་ཧེལ་མེལ་དང་བྷོར་ཐི། ཇེམ་སིན་གསུམ་ལ་ཆད་པ་གཅོད་ཐབས་བྲལ། ངས་སློབ་གྲོགས་ཇོར་ཅི་ལ་ཡང་ཆད་པ་མི་གཅོད། ཁོ་ནི“བྷོར་ཏི་པར”བརྩི་ཆོག་པའི་སློབ་གྲོགས་གཅིག་པུ་དེ་རེད། ངས་སློབ་གླིང་གི་མགོ་ཁྲིད་ཚོགས་པར་ཁྱོད་རང་སློབ་གྲྭ་ལས་འཕུད་དགོས་པའི་བསམ་ཚུལ་འདོན་རྒྱུ་ཡིན། རྒྱུ་མཚན་ནི་ཁྱོད་ཀྱིས་རྫུན་གཏམ་ནས་བདེན་དོན་གསང་བར་བྱེད།

བགྲེས་པོ། ཡིན་ན་ཡང་གྲོགས་པོ་གཡོ་འཚོང་མི་བྱེད།

སློབ་གཙོ། དགོངས་པ་མ་ཚོམ། ཁྱོད་ཀྱིས་ཅི་ཟེར་ངས་གོ་མ་སོང་།

བགྲེས་པོ། དགོངས་དག་ཞུས་མ་ཞུས་མེད། ངས་ཁྱོད་གུ་ཡངས་ལ་གཏོང་མི་སྲིད། ཚོགས་འདུ་འདི་ནི་ཅི་འདྲའི་སྐྱུག་བྲོ་བ་ཞིག་རེད་ཨང་།

སློབ་གཙོ། སྐུ་ཞབས་ལགས། སྐད་ཆ་སོམས་ལ་ཤོད། འདི་ནི་སློབ་གྲྭ་ཡིན་པ་ལས་དམག་སྒར་མ་རེད། སློབ་གྲོགས་སེ་མེན་ལགས། འདི་ནི་མཐའ་མཇུག་གི་གོ་སྐབས་ཡིན། ཁོ་ཚོ་དོན་གྱིས་སུ་སུ་རེད།

བགྲེས་པོ། སྐུ་ཞབས་སེ་མེན་ལ་གོ་སྐབས་དེ་འདྲ་དགོས་དོན་མེད། ཁོ་ལ“བྷོར་ཏི་པའི”རྟགས་དེ་རྒྱག་དགོས་དོན་མེད། དེ་ནི་ཅི་ཞིག་རེད་དམ། ཁྱོད་ཚོས་བརྩི་སྲུང་བྱེད་པའི་གདམས་ངག་ནི“བྱིས་པ་ཚོ། གྲོགས་པོ་གཡོ་འཚོང་བྱོས་ལ་རང་ཉིད་སྲུངས། མིན་ཚེ་ཁྱོད་རང་ཐལ་བའི་རྡུལ་དུ་བརླག་ངེས”ཞེས་པ་དེ་ཡིན་ནམ། སྐུ་ཞབས་ལྷན་རྒྱས། གནད་དོན་བྱུང་བའི་ཚེ། ལ་ལ་འབྲོ་ཞིང་ལ་ལ་བཀྱེད། སེ་མེན་གྱིས་མེ་ཡི་ཚ་དབལ་ལ་གདོང་གཏོད་དུས། ཇོར་ཅི་ནི་ཨ་ཕའི་ཨམ་ཕྲག་ནང་དུ་བསྐུངས་ནས་འདུག ཡིན་ན་ཡང་། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཁྱོད་ཀྱིས་ཇོར་ཅི་ལ་བྱ་དགའ་སྩོལ་ཞིང་སེ་མེན་རྡུལ་དུ་བརླག་པར་རྩོམ།

སློབ་གཙོ། སྐུ་ཞབས་ལགས། ཁྱོད་ཀྱིས་བཤད་ཚར་སོང་ངམ།

བགྲེས་པོ། ག་ལ་ཚར། ཁ་ལྕེ་སྦངས་མགོ་བརྩམས་པ་ཙམ་ཡིན། ངས་བྷོར་ཏི་སློབ་གྲྭ་ནས་མཐར་ཕྱིན་པའི་སྐྱེས་བུ་སུ་སུ་ཡིན་པ་མི་ཤེས། ཐའོ་ཧྥི་དང་བྷོ་ཨིན། ཐེལ་སོགས་སུ་ཡིན་ཡང་རུང་། གང་ལྟར། ཁོ་ཚོའི་སྙིང་སྟོབས་ཤི་ཚར་འདུག རྩ་བ་ནས་ཚར་འདུག ཁྱོད་ཀྱིས་གསོ་སྐྱོང་བྱེད་བཞིན་པ་ནི་ཙི་གུའི་རུ་དཔུང་ཞིག་རེད། གྲོགས་པོ་བཙོངས་ནས་རང་ངོ་སྲུང་མཁན་ཁྱུ་ཞིག་རེད། གལ་ཏེ་ཁྱོད་ཀྱིས་སྦྲུལ་གསོས་ནས་འབྲུག་ཏུ་གཏོང་བར་བསམ་ཡོད་ན། ཁྱོད་ཀྱིས་བསམ་བློ་ཡག་པོ་གཏོང་དགོས་པར་འདུག རྒྱུ་མཚན་ནི་ཁྱོད་ཀྱིས་སློབ་གླིང་འདིས་རྒྱུན་འཁྱོངས་བྱེད་བཞིན་པའི་སྙིང་སྟོབས་གསོན་པོ་ཞིག་རྨེག་མེད་དུ་འཇོམས་བཞིན་འདུག དངོས་ནས་ཞབས་འདྲེན་རེད་ཡ། ཁྱོད་ཚོས་དེ་རིང་ང་ལ་སྟོན་བཞིན་པའི་ལྟད་མོ་འདི་ནི་ཅི་ཞིག་ཡིན་ནམ། དེ་རིང་གཤིས་བཟང་གི་བུ་རབ་ཉག་གཅིག་ཡོད་པ་ནི་ངའི་གམ་དུ་ཙོག་སྡོད་པའི་བྱིས་པ་འདི་རེད། ངས་ཁྱོད་ལ་གསལ་པོར་བཤད། བྱིས་པ་འདིའི་རྣམ་ཤེས་ལ་དྲི་ངན་ཅི་ཡང་འགོས་མེད་པ་ཤ་སྟག་རེད། ངས་དེ་ཇི་ལྟར་ཤེས་ཤེ་ན། མི་ཞིག་གིས་ཁོ་རང་རྔན་བསླུ་བྱེད་བསམ་གྱིན་འདུག ངས་དེ་སུ་ཡིན་མི་བཤད། འོན་ཀྱང་སེ་མེན་ལ་གཡོ་འགུལ་ཅི་ཡང་མེད་པར་རང་སེམས་ཀྱི་དྲང་བདེན་སྲུང་།

སློབ་གཙོ། (མདུན་ཅོག་རྡུང་བཞིན་དུ) ཁྱོད་རང་ཚད་ལས་བརྒལ་ཐལ།

བགྲེས་པོ། (ཡར་ལངས་ཞོར་དུ) ཚད་ལས་བརྒལ་བ་ཞེས་པ་ནི་ཅི་འདྲ་ཞིག་ཡིན་པ་ངས་ཁྱོད་ལ་བཤད། ཁྱོད་ཀྱིས་ཚད་ལས་བརྒལ་བ་ནི་ཅི་འདྲ་ཞིག་ཡིན་པ་གཏན་ནས་ཤེས་ཀྱིན་མི་འདུག ངས་ཁྱོད་ལ་དཔེ་ཞིག་སྟོན་བསམ་མོད། ང་ད་ལྟ་ལོ་ན་ཤིན་ཏུ་བགྲེས་ཤིང་། ལུས་སེམས་རབ་ཏུ་ངལ། མིག་ཀྱང་རྩ་བ་ནས་ཞར་ཡོད་པ་རེད། གལ་ཏེ་ལོ་ལྔ་ཡི་ཡར་སྔོན་ཡིན་ཚེ། (མདུན་ཅོག་རྡུང་ནས) ངས་མེ་མདའ་ཁུར་ནས་ཡོང་ངེས། ཁྱོད་ཀྱིས་རང་གིས་སུ་ཞིག་ལ་སྐད་ཆ་བཤད་ཀྱིན་ཡོད་པ་ཤེས་སམ། ང་ནི་འཇིག་རྟེན་གྱི་དར་རྒུད་སྣ་ཚོགས་མཐོང་མྱོང་བའི་མི་ཞིག་ཡིན། ཁྱོད་ཀྱིས་ཤེས་སམ། སྔོན་ཆད་ངའི་མིག་ཞར་མེད། ངས་ལོ་གཞོན་གསར་བུ་མང་པོ་གཡུལ་ངོར་ཞུགས་ཏེ། རྐང་ལག་འགད་རྫས་ཀྱིས་གས་ཤིང་གཏོར་བ་མཐོང་མྱོང་། ཡིན་ན་ཡང་། དེ་དག་ཡོད་ཚད་སྐྱུག་བྲོ་བའི་རྣམ་ཤེས་ལྟ་བུའི་འཇིགས་སུ་རུང་བ་ཞིག་མ་རེད། རྣམ་ཤེས་ལ་རྐང་ལག་ཡོད་མི་སྲིད། ཁྱོད་ཀྱིས་འདི་ལྟར་བྱས་པ་ནི་འདི་འདྲའི་བྱིས་པ་ཡག་པོ་ཞིག་དབྱུག་རྡུང་གི་ཁྱི་གུ་བཞིན་ཡུལ་ལ་བརྫངས་པ་ཙམ་རེད་འདོད་ཀྱིན་ཡོད་དམ། ངས་བལྟས་ན་ཁྱོད་ཀྱིས་ཁོའི་རྣམ་ཤེས་ལ་སྲོག་ཁྲིམས་བཅད་པ་རེད། ཅིའི་ཕྱིར། རྒྱུ་མཚན་ནི་ཁོ་རང་བྷོར་ཏི་པ་ཞིག་མིན་པས་རེད་དམ། བྷོར་ཏི་པ། བྱིས་པ་འདི་རྨེག་མེད་དུ་བཏང་ཚེ་ཁྱོད་ནི་བྷོར་ཏིའི་ཁྱི་སྐྱག་རེད། ཁྱོད་ཚོ་ཚང་མ་བྷོར་ཏིའི་ཁྱི་སྐྱག་རེད། ཧེལ་མེལ། བྷོར་ཐི། ཇེམ་སིན། ཁྱོད་ཚོ་གང་དུ་ཙོག་ནས་བསྡད་ཡོད་ཀྱང་ཆོག གང་ལྟར་ཁྱོད་ཚོས་ཕ་རོ་མ་རོ་ཟོ།

སློབ་གཙོ། (མདུན་ཅོག་རྡུང་བཞིན་དུ) སྐུ་ཞབས་ཁྱོད་མར་ཙོག་ཅིག

བགྲེས་པོ། ངས་ད་དུང་བཤད་མ་ཚར། ང་འདིར་ཡོང་དུས། “སྣེ་ཁྲིད་པའི་འབྱུང་གནས”ཞེས་པ་ལྟ་བུའི་ཚིག་ཟུར་ཞིག་གོ་བྱུང་། ཨ་ཙི། ཡག་ལག་ཆག་རལ་དུ་གྱུར་པའི་ཚེ་ན། འབྱུང་གནས་ནི་འཇིག་འགྲོ་བ་རེད། དེ་འཇིག་ཚར་འདུག འཇིག་ཚར་འདུག འགྲོ་བ་མིའི་རིགས་ཀྱི་གསར་སྐྲུན་པ། སྣེ་ཁྲིད་པའི་གསར་གཏོད་མཁན། ཁྱོད་ཀྱིས་བསྐྲུན་པ་ནི་སྣེ་ཁྲིད་པ་ཅི་འདྲ་ཞིག་ཡིན་པར་མཉམ་ཞོག་ཅིག དེ་རིང་སེ་མེན་གྱིས་ཅི་ཡང་མ་བཤད་པ་འདི་འགྲིག་མི་འགྲིག་ངས་མི་ཤེས། འོན་ཀྱང་། ངས་ཁྱོད་ལ་ཐེ་ཚོམ་མེད་པར་བརྗོད་ཆོག་པ་ནི། ཁོས་མི་གཞན་པ་གཡོ་འཚོང་བྱས་པ་ལ་བརྟེན་ནས་རང་གི་མདུན་ལམ་སྙེག་པ་གཏན་ནས་མི་སྲིད། གྲོགས་པོ་ཚོ། འདིའི་མིང་ལ་དྲང་བདེན་ཟེར་བ་རེད། འདིའི་མིང་ལ་དཔའ་གདེང་ཟེར་བ་རེད། འདི་ནི་ད་གཟོད་སྣེ་ཁྲིད་པར་འཛོམས་དགོས་པའི་ཆ་རྐྱེན་རེད། ད་ལྟ་ང་ནི་མི་ཚེའི་བཞི་མདོར་སླེབས་ཡོད་པ་རེད། ངས་ལམ་གང་ཞིག་འགྲིག་པ་དང་གང་ཞིག་མི་འགྲིག་པ་གསལ་པོར་ཤེས། དེ་ལ་ཐེ་ཚོམ་ཅི་ཡང་མེད། ངས་གསལ་པོར་ཤེས། འོན་ཀྱང་ང་ལམ་དེ་ལ་མི་འགྲོ། གཏན་ནས་མི་འགྲོ། ཅིའི་ཕྱིར་ཞེ་ན། ཡང་དག་པའི་ལམ་དེར་བགྲོད་པ་ནི་ཤིན་ཏུ་དཀའ་སྡུག་ཆེ་བ་ཞིག་རེད། ཡིན་ན་ཡང་། སེ་མེན་ཡང་ལམ་གྱི་བཞི་མདོ་ཞིག་ལ་སླེབས་ཡོད་པར་མ་ཟད། ཁོས་ཡང་དག་པའི་ལམ་དེ་གདམ་གསེས་བྱས་ཟིན། རྩ་དོན་དང་ལྡན་ལ་རང་གཤིས་དོད་པའི་ལམ་དེ་བགྲོད་པར་བྱེད། ཁོ་ལ་ཁོའི་འགྲུལ་བཞུད་ཀྱི་རྒྱུན་སྐྱོང་དུ་འཇུག་རོགས། ཁོའི་མདུན་ལམ་ནི་ཁྱེད་ཅག་གི་ལག་ཏུ་ཚུད་ཡོད་པ་རེད། ལྷན་རྒྱས། དེ་ནི་རིན་ཐང་ལྡན་པའི་མདུན་ལམ་ཞིག་རེད། ང་ལ་ཡིད་ཆེས་བྱེད་རོགས། ཁོའི་ལམ་དེ་མི་བཅོམ་པར་སྲུང་སྐྱོབ་བྱེད་རོགས། བརྩེ་བས་གཟིགས་རོགས། ནམ་ཞིག་ཁྱེད་ལ་ང་རྒྱལ་སྐྱེ་ངེས། ངས་ཁག་ཐེག་བྱེད་ཆོག ……”

ལྷིང་འཇགས་ཀྱི་དུས་ཡུན་ཐུང་ངུ་ཞིག་རྫོགས་རྗེས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་པ་དང་། མཇུག་མཐར་སློབ་གྲྭའི་མགོ་ཁྲིད་ཚོགས་པས་སེ་མེན་གྱིས་འགན་ཅི་ཡང་འཁུར་མི་དགོས་པ་དང་། ཇོར་ཅི་ལ་བསྟོད་པ་ཅི་ཡང་མེད་པ། སློབ་མ་གཞན་གསུམ་ལ་སྐབས་སུ་སློབ་གྲྭ་ནས་མི་འཕུད་པར་ལྟ་རྟོག་བྱེད་པའི་ཆད་པ་གཅོད་རྒྱུའི་ཐག་བཅད། (མུ་འགོད)

གཉིས།

དེ་ནས་གློག་བརྙན་འདིའི་བརྒྱུད་རིམ་ཉུང་བསྡུས་ཤིག་ངོ་སྤྲོད་པར་བྱ།

སེ་མེན་ནི་ཁྱིམ་ཚང་གི་འཁོས་ཀ་ཞན་ཡང་བསླབ་འབྲས་ཕུལ་དུ་བྱུང་བས། སློབ་གྲྭའི་གཟེངས་དངུལ་ཐོབ་ནས“སྣེ་ཁྲིད་པའི་འབྱུང་གནས”སུ་གྲགས་པའི་ཨ་རིའི་སློབ་འབྲིང་བྷོར་ཏི་ཞེས་པར་ཞུགས་ཡོད། ཁོའི་སློབ་གྲོགས་རྣམས་ནི་རྒྱུ་ཅན་འབྱོར་ལྡན་གྱི་བུ་ཕྲུག་རྐྱང་རྐྱང་ཡིན་པས། ཁོ་རང་གྲོགས་མེད་ཁེར་རྐྱང་གི་ཚུལ་དུ་ལུས་ཡོད།

ནངས་མོ་ཞིག་ལ་སློབ་གཙོས་རླངས་འཁོར་འཇོག་དུས། རླངས་འཁོར་འཇོག་སའི་ཀླད་ལ་དབུགས་ལྒང་ཆེན་པོ་ཞིག་བཏགས་འདུག་པ་དང་། སྟེང་དུ་སློབ་གཙོར་ཟུར་ཟ་བྱེད་པའི་རི་མོ་ཞིག་བྲིས་ཡོད་པ་མཐོང་། སློབ་གཙོས་དབུགས་ལྒང་དབྲལ་བ་དང་དེའི་ནང་དུ་བླུགས་པའི་དཀར་རྩི་རྣམས་སློབ་གཙོ་དང་སློབ་གཙོའི་རླངས་འཁོར་གྱི་སྟེང་དུ་འཕྱོ། སེ་མེན་དང་ཇོར་ཅི་གཉིས་ཀྱིས་དོན་དག་དེའི་མགོ་སློང་མཁན་སུ་སུ་ཡིན་པ་དངོས་སུ་མཐོང་མྱོང་བས། སློབ་གཙོས་ཁོ་གཉིས་ལ་མི་དེ་དག་སུ་ཡིན་བཤད་དགོས་པར་གསུང་། ཐ་ན་སེ་མེན་ཟུར་དུ་བཀག་ནས་སློབ་གྲྭར་ལོ་རེར་ཧྭ་བོར་ཏི་སློབ་ཆེན་ལ་གེགས་མེད་དུ་སྐྱེལ་ཆོག་པའི་སྐལ་རེ་ཡོད་པ་སླུ་བྱེད་དུ་དྲངས་ནས་ཁ་ཚིག་དྲིས་ཀྱང་། སེ་མེན་གྱིས་མ་བཤད་པས། སེ་མེན་ལ་རྒྱབ་རྩ་ཅི་ཡང་མེད་པའི་གཉོམ་སོ་དེ་བཟུང་ནས། མ་བཤད་ན་སློབ་གྲྭ་ནས་འཕུད་རྒྱུ་ཡིན་པའི་འཇིགས་སྐུལ།

སྐབས་དེ་ནི་ཨ་རིའི་དྲིན་གཟོ་དུས་ཆེན་ལ་ཁེལ་ཡོད་པས། སློབ་མ་རྣམས་ཡུལ་ལ་ལོག སེ་མེན་ནི་ཕ་ཡུལ་ཁ་ཐག་རིང་བ་དང་ཁྱིམ་གྱི་ཕ་ཡར་དང་འབྲེལ་བའང་མི་བཟང་བས། ཡུལ་ལ་མ་ལོག་པར་ངལ་གསོའི་ཁོམ་གསེང་དུ་ལས་ཀ་ཞིག་བཙལ། ལས་ཀ་ནི་བགྲེས་པོ་ཞར་བ་ཞིག་ལ་ཉིན་གཉིས་ལ་བདག་སྐྱོང་བྱེད་རྒྱུ་དེ་ཡིན། མ་གཞི་བགྲེས་པོ་ནི་ཚ་མོ་བཟའ་ཟླ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ཀྱང་། བཟའ་ཟླ་གཉིས་དང་མཉམ་དུ་དྲིན་གཟོའི་དུས་ཆེན་རོལ་ཏུ་འགྲོ་མ་འདོད་པས། བཟའ་ཟླ་གཉིས་ཀྱིས་གནས་སྐབས་ཀྱི་བདག་སྐྱོང་བྱེད་མཁན་ཞིག་མི་བཙལ་ག་མེད་བྱུང་། ཡིན་ན་ཡང་། བགྲེས་པོ་ལ་ཁོ་རང་གི་འཆར་གཞི་ཡོད་དེ། ཁོའི་འཆར་གཞི་ནི་ཉིའུ་ཡོག་གི་མགྲོན་ཁང་ཆེ་ཁག་ཏུ་སོང་ནས་བཟའ་བཏུང་ཕུན་སུམ་ཚོགས་པར་རོལ་བ་དང་། བུད་མེད་མཛེས་མ་ཞིག་དང་དགའ་བདེར་རོལ་བ། རླངས་འཁོར་ཡ་མེད་ཅིག་བསྐོར་ནས་བང་གིས་རྒྱུག་པ། མཇུག་མཐར་གཞན་གྱི་ཁུར་པོ་འབའ་ཞིག་ཏུ་གྱུར་པའི་རང་གི་ཚེ་སྲོག་གི་རྒྱུན་གཅོད་པ་བཅས་སོ། །

སེ་མེན་ནི་ཁོ་དང་མཉམ་དུ་ཉིའུ་ཡོག་ལ་མི་འགྲོ་ག་མེད་བྱུང་ཡང་། ཉིན་གཉིས་ཀྱི་འབྲེལ་འདྲིས་ཀྱི་ཁྲོད་ནས་ཁོས་བགྲེས་པོ་ནི་སྔོན་ཆད་ཨ་རིའི་སྲིད་འཛིན་གྱི་བློ་འདོན་པ་བྱས་མྱོང་བའི་དམག་དཔོན་ཞིག་ཡིན་ལ། དཔའ་ངར་ལྡན་ཞིང་ཉམས་མྱོང་ཕྱུག་པ། སྤྲོ་མཚར་ལ་མཁས་པར་མ་ཟད། རིམ་བཞིན་ཚོར་བ་སྐྱེན་ཞིང་རང་བཀུར་ཆེ་བ། རང་གི་དངོས་ཡོད་དང་མ་འོངས་པར་སྐྱོ་སྣང་དང་ཁེར་སྡུག་གིས་ཁེངས་པ་ཞིག་ཡིན་པའང་ཤེས། བགྲེས་པོས་ཀྱང་སེ་མེན་ནི་བལྟས་མ་ཐག་ཉམ་ཆུང་ཞིང་བག་འཁུམ་པ། ངང་རྒྱུད་འཇམ་པ། སེམས་གསོ་དང་སྙིང་རྗེ་དགོས་པ་ཞིག་ཏུ་སྣང་ཡང་། དོན་གྱིས་ཁ་དན་ཚིག་ལ་གནས་ཤིང་རང་སེམས་ཀྱི་བདེན་པ་སྲུང་བ། བཟོད་བསྲན་ཆེ་ཞིང་དཀའ་བ་ཐེག་པ། གཞན་ལ་བསྟུན་ཅིང་རང་གཤིས་ཀྱང་མི་འདོར་བའི་བྱིས་པ་སྙིང་ཉེ་བ་ཞིག་ཡིན་པ་རྟོགས་པས། ཉིའུ་ཡོག་གི་འགྲུལ་བཞུད་དེ་དང་དེའི་ཁྲོད་ཀྱི་དོན་དག་གང་མང་བརྒྱུད་མཐར་གཉིས་ཀ་གྲོགས་པོར་གྱུར། མཐའ་མཇུག་སེ་མེན་གྱིས་ཚེ་མཇུག་གི་འགག་འཕྲང་ལ་འཕྲད་པའི་བགྲེས་པོའི་སྲོག་བསྐྱབས་པར་མ་ཟད། བགྲེས་པོ་འགག་འཕྲང་དེ་ལས་ཐར་བར་གྲོགས་བྱས་ཤིང་། བགྲེས་པོས་ཀྱང་མི་ཚེའི་འགག་འཕྲང་ཞིག་ལ་འཕྲད་པའི་སེ་མེན་གྱི་རྒྱབ་རྩ་ནས་ལངས་ཏེ། ཁོའི་དཀའ་གནད་སེལ་རོགས་བྱས།

གློག་བརྙན་འདིའི་གཏམ་རྒྱུད་ཀྱི་འཕེལ་རིམ་ནི་འདི་འདྲ་ཞིག་རེད། ཞིབ་ཏུ་གློག་བརྙན་དེ་ལ་བལྟས་པས་འཐུས་ན་འདིར་སྐད་ཆ་ལྷག་མ་མི་སྤྲོ་བར་བྱ།

གསུམ།

གློག་བརྙན་འདི་ལས་བསྟན་པའི་མི་ཚེ་དང་འཇིག་རྟེན་གྱི་ལྟ་བའི་རིན་ཐང་།

གློག་བརྙན་འདིའི་ཁ་བྱང་ལ《བུད་མེད་ཀྱི་དྲི་ཞིམ》ཞེས་འདོགས་དོན་ནི་བགྲེས་པོ་དེས་མིག་གིས་མི་མཐོང་ན་ཡང་། བུད་མེད་ཀྱི་དྲི་ཞིམ་ལ་བརྟེན་ནས་བུད་མེད་གང་དེའི་སྐྲ་མདོག་དང་ངོ་མདངས། གཟུགས་གཞི། ཐོབ་ཐང་སོགས་དཔག་ནུས་པའི་ཆ་དེ་དང་འབྲེལ་ཡང་། འདི་ནི་སྐབས་ཀྱི་བརྗོད་བྱ་ལ་མ་འབྲེལ་བའི་ཟུར་གྱི་སྐད་ཆ་ཁོ་ནའོ། །

སྤྱིར་བཏང་མི་གཤིས་ཀྱི་མཛེས་སྡུག་ཅིག་སྲུང་བ་ནི་སློབ་གསོའི་དམིགས་ཡུལ་འགངས་ཆེན་ཞིག་ཏུ་བརྩི་འོས་ལ། སློབ་རའི་གླིང་ག་ནི་མི་གཤིས་ཀྱི་མཛེས་སྡུག་ལ་མྱུ་གུ་འབུས་ཤིང་ལང་ཚོ་རྒྱས་སའི་ཞིང་ས་གཤིན་པོ་ཞིག་ཡིན་འོས། མིག་མདུན་གྱི་ཁེ་ཕན་ཁོ་ན་གཙིགས་སུ་འཛིན་པའི་དེང་གི་དུས་འདིར། སློབ་གྲྭའི་དམིགས་འདུན་ཡང་རིམ་བཞིན་དངོས་ཡོད་ཀྱི་རྒྱལ་ཕམ་གཉེར་བའི་ངོས་སུ་ཕྱོགས་ཏེ། མ་གཞིའི་མཛེས་སྡུག་དྭངས་གཙང་གི་ཁོར་ཡུག་དེ་ལ་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པ་རེད། དེ་བས་གློག་བརྙན་གྱིས་སློབ་མ་ལོ་ཆུང་ཞིག་རང་གི་མི་གཞིའི་རྩ་དོན་སྲུང་ངམ་མདུན་ལམ་གྱི་ཁེ་ཕན་སྙེག་པའི་གདམ་གསེས་ཀྱི་འགང་འཕྲང་ལ་གཏད་དེ་དེ་འདྲའི་སློབ་གསོ་དང་སྤྱི་ཚོགས་ཀྱི་གནད་དོན་ཞིག་ལྟད་མོ་བ་རྣམས་ཀྱི་མིག་མདུན་དུ་དྲངས་ཡོད། དེ་ཡང་སེ་མེན་གྱིས་དོན་དག་བཟོ་མཁན་གྱི་སློབ་གྲོགས་དེ་དག་སུ་སུ་ཡིན་པ་བཤད་ཚེ། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ཀྱང་། དེ་ནི་གྲོགས་པོ་གཡོ་འཚོང་བྱས་པ་ལ་བརྟེན་ནས་འགྲུབ་པ་ཡིན་པས། རང་སེམས་ཀྱི་ཀུན་སྤྱོད་རྩ་དོན་དང་འགལ་ཞིང་། ཡང་སློབ་གྲོགས་དེ་དག་གི་མིང་སློབ་གཙོ་ལ་འདོན་སྤྲོད་མ་བྱས་ཚེ། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་ལྟ་ཅི། མ་འོངས་པར་སློབ་གྲྭ་དང་གཏན་དུ་བྲལ་ཏེ་ནམ་ཡང་སྤྱི་ཚོགས་ཀྱི་འགྲན་རྩོད་ཁྲོད་ནས་མགོ་འགྱོགས་པའི་རེ་བ་དང་བྲལ་བ་རེད།

དེ་ན་སློབ་གླིང་གི་སློབ་མ་འགའི་པྲ་ཚག་གི་བྱ་སྤྱོད་ཅིག་ལས། བྱ་སྤྱོད་དེར་འབྲེལ་བ་སྤུ་ཙམ་ཡང་མེད་པའི་སློབ་མ་ཡ་རབས་ཤིག་དེ་འདྲའི་མི་ཚེའི་དཀའ་གནད་ཅིག་ལ་གཏད་དགོས་དོན་གང་རེད། དྲི་བ་དེ་ནི་གློག་བརྙན་འདིས་ང་ཚོར་བཏོན་པའི་དྲི་བ་གལ་ཆེན་ཞིག་རེད། དོན་གྱིས་སློབ་མ་པྲ་ཚག་དེ་དག་སུ་སུ་ཡིན་པ་སློབ་གཙོའི་སེམས་སུ་ཡང་གསལ་པོ་ཡིན། ཁོས་རང་ཉིད་ཀྱི་དབང་གྲགས་མངོན་འདོད་དམ་ཅི་ཞིག་གི་དབང་གིས་དོན་དག་དེ་རྩད་གཅོད་བདེན་ཐུབ་ཅིག་བྱེད་འདོད་པ་ལ་བསམ་ཤེས་བྱེད་མི་ཐུབ་པ་ཅི་ཡང་མེད་ཀྱང་། ཁོས་ཇོར་ཅིའི་འབྱོར་ཕྱུག་ལྡན་པའི་ཨ་ཕ་བེད་སྤྱད་དེ་ཇོར་ཅི་ལ་གྲོགས་པོ་གཡོ་འཚོང་བྱེད་དུ་བཅུག་ཅིང་། སེ་མེན་གྱི་འཁོས་ཀ་ཞན་པའི་གནས་ཚུལ་ལ་གཞིགས་ཏེ་ཁོའི་མདུན་ལམ་སྤྱད་ནས་འཇིགས་སྐུལ་བ་ནི་ཅིས་ཀྱང་བསམ་དགོས་པ་ཞིག་ཡིན་ཏེ། སློབ་གཙོས་ཕྱོགས་གཅིག་ནས་བྷོར་ཏི་སློབ་གྲྭས་འཛིན་པའི་བདེན་སྐྱོང་དང་སྤོབས་པའི་སྙིང་སྟོབས་ངག་ལ་འདྲེན་རྐྱང་བྱས་ཤིང་། ཕྱོགས་གཞན་ཞིག་ནས་ཇོར་ཅི་དང་ལྷག་པར་སེ་མེན་ལ་ཁོའི་མི་གཤིས་སུ་གྲུབ་པའི་བདེན་སྐྱོང་དང་སྤོབས་གདེང་གི་སྙིང་སྟོབས་ལ་རྒྱབ་འགལ་བྱེད་དགོས་པར་སྐུལ། ང་ཚོའི་སློབ་གསོའི་ཁོར་ཡུག་ཏུ་གནད་དོན་འདི་དང་འདི་འདྲ་ནི་རྒྱུན་དུ་འབྱུང་བཞིན་ཡོད་པས། ཕ་མ་དང་དགེ་རྒན་དུ་གྱུར་པ་ཚང་མས་བསམ་རི་བར་འདུག

གནད་དོན་དེར་གློག་བརྙན་གྱིས་ལན་འདི་འདྲ་ཞིག་བསྐྱོན་ཡོད་དེ། བགྲེས་པོའི་སྐད་ཆ་གཡར་ན“ཁོས་གྲོགས་པོ་གཡོ་འཚོང་བྱས་པ་ལ་བརྟེན་ནས་རང་གི་མདུན་ལམ་སྙེག་པ་གཏན་ནས་མི་སྲིད། གྲོགས་པོ་ཚོ། འདིའི་མིང་ལ་དྲང་བདེན་ཟེར་བ་རེད། འདིའི་མིང་ལ་དཔའ་གདེང་ཟེར་བ་རེད། འདི་ནི་ད་གཟོད་སྣེ་ཁྲིད་པར་འཛོམས་དགོས་པའི་ཆ་རྐྱེན་རེད།” དགེ་རྒན་དང་ཕ་མ། རྒན་རབས་པར་གྱུར་པ་དག་གིས་བྱིས་པའི་མི་གཤིས་ཀྱི་མཛེས་པ་དེ་དག་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་དགོས། དེ་ནི་ད་གཟོད་མི་ཞིག་གི་མི་གཞིའི་རིན་ཐང་ཡིན་ལ། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཤེས་དཔལ་གྱི་གཟི་མདངས་ཀྱང་རེད། ང་ཚོས་སྲོག་ལ་བབས་ཀྱང་སྲུང་འོས་པའི་རིན་ཐང་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།