ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་དུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆི་ཁོ་ཧྥུ་ཡིས་བརྩམས།   

“ད་ནི་ཐོ་རེངས་ཀྱི་ཆུ་ཚོད་གསུམ་པ་རེད། འཇམ་ཐེང་ངེར་གྱུར་པའི་ཟླ་བཞི་བའི་མཚན་མོས་ངའི་སྒེའུ་ཁུང་ཕྱོགས་སུ་བལྟས་ཏེ། སྐར་ཚོགས་ཀྱིས་ཁྲ་ཆིལ་ལེར་ཡིད་དུ་འོང་བའི་ངང་ང་ལ་མིག་ཟིམ་ཟིམ་བྱས། ང་བདེ་བའི་མལ་དུ་གཉིད་ཐབས་བྲལ་ལ་སྣང་བ་སྐྱིད་པོ་ཞིག་རེད།

ངའི་ལུས་ཡོངས་སྨྲ་བསམ་བརྗོད་ལས་འདས་པའི་ཚོར་སྣང་ཞིག་གིས་ཁྱབ། ངས་དེར་དབྱེ་ཞིབ་བྱ་ཐབས་བྲལ། ཡང་གཅིག་བཤད་ན་ཁོམ་ལོང་མེད་ལ་ལུས་ཚེགས་སྐྱེས་བ་ཞིག་ཀྱང་རེད། དེ་ལྟ་བུའི་དབྱེ་ཞིབ་རང་སོར་བཞག་ཅིག   ང་གཅིག་པུས་ཅོང་ཁང་དུ་ཤོག་སྒོར་ཁྲི་གཉིས་ཀྱི་བྱ་དགའ་ཐོབ་པ་ཤེས་རྗེས་ཁོས་སྔར་བཞིན་ཚོར་བ་དེའི་ཡང་སྙིང་འཚོལ་ལམ། ཁོས་བསྒྲུབ་ཐུབ་བམ”ངས་ཧྲ་ཞཱའི་འཕྲིན་ཡིག་ལ་ཧ་ལམ་དེ་ལྟར་འགོ་བརྩམས་པ་ཡིན། ཁོ་མོ་ལོ་བཅུ་དགུའི་དུས་ནི་ངས་ཡིད་སྨོན་འཆོར་ས་ཡིན། འཕྲིན་ཡིག་འདིའི་མགོ་ངས་ཐེངས་ལྔ་ལ་བྲིས་མྱོང་། འོན་ཏེ་ནམ་རྒྱུན་དེ་བཤགས་རལ་དུ་བཏང་། སྐབས་ཤིག་ལ། ངས་བྲིས་ཁྱོངས་བའི་ནང་དོན་ཞིག་ཀྱང་བསུབ་སོང་བས་བསྐྱར་བཤུ་ཐེངས་གཅིག་བརྒྱབ་པ་ཡིན། བྲིས་ཁྱོངས་བའི་འཕྲིན་ཡིག་དེའི་ཆེད་དུ་ང་ཡུན་རིང་བོར་སྡོད་མི་བཟོད་པར་སྔ་མོ་ནས་བརྩམས་སྒྲུང་རིང་མོ་ཞིག་འབྲི་བར་ཁ་ཆད་བྱས་པ་དང་འདྲ། ངས་དེ་ལྟར་བྱེད་པ་ནི་འཕྲིན་ཡིག་ལེགས་པོ་ཡོང་ཆེད་མིན་ལ། སྤམ་རྫུ་སྟོན་པ་དང་འཆར་སྒོ་མང་བ་དེ་བས་ག་ལ་ཡིན། དེ་ནི་ལྷང་འཇགས་དང་དཔྱིད་ཀའི་དྲི་ངད་ཐུལ་བའི་དཔེ་ཁང་། རང་ཉིད་དང་སྙིང་སྡུག་བྱམས་པར“མཛའ་བརྩེའི་གཏམ་གླེང”བྱེད་པར་ནུས་ཚད་ཡོད་རྒུས་འཕྲིན་པ་འདི་འབྲི་བའི་བརྒྱུད་རིམ་ཇེ་རིང་བཏང་བར་འབད་པ་ཡིན། ངས་ཚིག་དང་འབྲུའི་བར་ནས་མོའི་ངོ་གདོང་མཐོང་ལ་སྤྱང་གྲུང་ལྡན་པར་ང་དང་ལྷན་དུ་ཅོག་ཙེ་ཞིག་གི་མཐའ་རུ་འཛོམས་པ་དང་མཚུངས། ཁོ་ཚོ་ཡང་ང་དང་འདྲ་བར་རྣམ་དག་དང་བདེ་སྐྱིད། གླེན་ཚུགས་དང་བག་ཕེབས་ངང་གདོང་དུ་འཛུམ་མདངས་བཏེགས་ནས་དེ་རུ་འཕྲལ་དུ་འཕྲིན་ཡིག་བྲིས་པ་ཡིན། ངས་ཕྱོགས་གཅིག་ནས་འབྲི་ཞོར་དང་ཕྱོགས་གཞན་ནས་འཕྲིན་པ་འབྲི་བའི་ལག་པར་ངེས་མེད་དུ་ལྟ་བཞིན་ཁོ་མོ་དང་ལག་ཟུང་འཐབ་པའི་ཚོར་སྣང་གིས་བཟི་བར་གྱུར།  ངས་འབྲི་མི་ཐུབ་པའི་སྐབས་སུ་མིག་ཟུང་གཞན་དུ་འཁོར་བ་ཡིན། ངས་གསལ་ལ་མི་གསལ་བའི་དྲ་མ་ལྗང་གུ་ཡིན་པའི་སྒོ་ཆུང་ངུ་ཞིག་མཐོང་བྱུང་། ང་ཚོ་ནམ་རྒྱུན་ཁ་གྱེས་པའི་དུས་སུ་ཧྲ་ཞཱས་དྲ་མ་བརྒྱུད་ནས་མིག་ཧྲིག་གེར་ང་ལ་བལྟས། སྐབས་དེར། ངས་ཅི་ཡང་མི་དྲན་པར་གཞུང་དྲང་གི་ཕོ་གསར་ཞིག་གིས་མཛེས་མ་ཞིག་ལོངས་སུ་སྤྱོད་པའི་རྗེས་སུ་རྐང་པ་འཇོག   ངས་མོའི་སྐྱེས་གཟུགས་ཁོ་ནར་ལོངས་སྤྱོད་ཤེས། ཐེངས་ཤིག་ལ། དྲ་མའི་ཕྱི་རོལ་གྱི་མིག་ཟུང་དེ་གཉིས་མཐོང་ན་མྱུར་ཏུ་ཧ་ལམ་ཁུང་བུ་བརྟོལ་ངེས། རང་ཉིད་སྔ་མོ་ནས་བརྩེ་དུང་གི་དྲ་བར་ཚུད་པ་དང་ང་ཚོའི་བར་དུ་ཡོད་ཚད་ལས་དབང་གིས་བཀོད་སྒྲིག་བྱས་པས་ཕྱིར་ལྡོག་མེད་པ་ཡང་རྟོགས་བྱུང་། རྗེས་ཕྱོགས་རྣམ་པ་བརྩི་སྲུང་བྱས་ཏེ་དེར་བསྟུན་བྱས་ན་འགྲིག

ངས་སྤྲོ་སྣང་སྒོམ་བཞིན་བརྩེ་འཕྲིན་གྱི་ཁ་སྦྱར་ཏེ་དལ་བྲེལ་མེད་པར་གོན་པ་གྱོན་ནས་གོམ་སྟམས་ཡང་མོས་ཁང་བའི་ཕྱི་རོལ་གྱི་སྙིང་ནོར་དང་འདྲ་བའི་ཡིག་སྒམ་གྱི་ཕྱོགས་སུ་བསྐྱོད། ཨ་སྔོན་དབྱིངས་ཀྱི་སྐར་མའི་འོད་མདངས་མི་གསལ་བར་གྱུར་ལ་ཤར་ཕྱོགས་སྐར་མས་བརྒྱན་པ་ནི་དགུ་ཚིགས་སྐྱ་བོ་ཞིག་གིས་ཚབ་བྱས། དགུ་ཚིགས་འདིས་མག་མོག་གི་ཁང་ཀླད་དུ་འོད་ཞགས་རིང་མོ་ཞིག་བསྲིངས།  དགུ་ཚིགས་རེ་འགའ་ཆུ་འཛིན་གྱིས་སྒྲིབ་སོང་། མཁའ་དབྱིངས་ཡོངས་སུ་དགུ་ཚིགས་ཀྱིས་བསྲིངས་བའི་འོད་དཀར་ཞིག་གིས་ཁྱབ། གྲོང་ཁྱེར་སྔར་བཞིན་གཉིད་དུ་ཡུར་ལ་ཆུ་འདྲེན་བཟོ་བ་ལམ་དུ་ཆས། ཐག་རིང་བའི་ས་ནས་བཟོ་གྲྭའི་དུང་བརྡས་བཟོ་བ་རྣམས་གཉིད་ལས་བསླངས་ལ་ཡིག་སྒམ་སྟེང་ཟིལ་བས་ཡོངས་སུ་བརླན། དེའི་གམ་དུ་ཁྱོད་ཀྱིས་ངེས་པར་གད་པ་དལ་མོ་ཞིག་མཐོང་ཐུབ་ལ་དེས་ཅོང་དབྱིབས་ཀྱི་སློག་པ་གྱོན་བཞིན་ཕྱགས་མ་བསྡམས་ནས་ཁུ་སིམ་མེར་ལངས་འདུག  ད་དུང་ཁ་གྲག་ན་གཉིད་མ་སད་ཞིག་རེད། 

གལ་ཏེ་ཡིག་སྒམ་གྱིས་ཤེས་ན། མི་རྣམས་ཏག་ཏག་ཁོ་ཚོས་རང་ཉིད་ཀྱི་ལས་དབང་ཐག་གཅོད་ཐུབ་པ་ཡིན་ན་ཁོ་ཚོའི་ཚིགས་ཀ་ཡང་དེ་ཙམ་ཞི་དུལ་ཞིག་ཡིན་སྲིད། ཨེན་ཙམ་གྱིས་ངའི་མིག་མདུན་གྱི་ཡིག་སྒམ་དེར་འོ་ཞིག་བྱས་སོང་། ངས་ཁོ་བར་བལྟས་ན་དེ་ནི་རིན་བྲལ་གྱི་དངོས་པོ་རྩ་ཆེན་ཞིག་རེད་འང་སྙམ་པའི་ཚོར་སྣང་སྐྱེས། 

ངས་སྔོན་ཆད་དགའ་རོགས་བསྒྲིགས་པའི་མི་ཕྱིར་དྲན་བྱས་ཏེ་ཆས། ཁྱོད་ཀྱིས་འཕྲིན་པ་ཡིག་སྒམ་དུ་བཅུག་རྗེས། ཁྱོད་རང་བྲེལ་བྲེལ་འཚུབ་འཚུབ་ངང་ཁྱིམ་དུ་ལོག་ནས་མྱུར་དུ་མལ་ཁྲིའི་སྒང་དུ་ཉམ་ཐུལ་བཀབ་སྟེ་སང་ཉིན་བར་ཕྱིར་མི་སད་པའི་ཡིད་ཆེས་བརྟན་པོ་བཅིངས་བཞིན་མདང་ནུབ་ཀྱི་བྱ་བ་དྲན་སྲིད། དེ་ནས་ཁྱོད་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྒེའུ་ཁུང་ཕྱོགས་སུ་བལྟས། ཞོགས་པའི་ཉི་ཟེར་གྱི་འོད་སྣང་འདོད་རྔམ་ཆེན་པོས་ཤེལ་ཡོལ་བརྟོལ་ནས་འཕྲོས་བྱུང་། ……

ད་ནི་སྔར་ལྟར་བརྗོད་བྱ་དངོས་གླེང་ན།    ཕྱིར་ཉིན་གྱི་ཉིན་གུང་དུ་ཧྲ་ཞཱའི་གཡོག་མོས་ང་ལ་འདི་འདྲའི་འཕྲིན་ཡིག་ཅིག་བསྐྱལ་བྱུང་།“དེ་རིང་ངས་དགའ་བ་འབུམ་གྱིས་ཁྱེད་རང་ངའི་ཁྱིམ་དུ་ཐེངས་གཅིག་ཡོང་བར་རེ་སྒུག་བྱ”ཞེས་བྲིས་པའི་ཡིག་ཤུབས་སྲིད་རིང་ལ་ཁོད་ཆུང་བ་དེ་མཐོང་ཙ་ན་ང་ལ་སེམས་འགུལ་ཚད་མེད་ཐེབས། ངས་མོའི་འཁྱུག་འགྲོས་དང་ངོ་ཚ་བའི་ཡིག་འབྲུའི་ཁྲོད་དུ་ཧྲ་ཞཱ་ལམ་དུ་བསྐྱོད་པའི་རྣམ་པ་དང་སྐད་གསེང་མཐོན་པོས་དགོད་སྐབས་སྨིན་མ་གྱེན་དུ་ཞོགས་པ། ཅུང་འདར་བའི་མཆུ་སྒྲོས་སོགས་མཐོང་བྱུང་། ཡིན་ནའང་འཕྲིན་ཡིག་གི་ནང་དོན་ཞེ་འཚིམ་པ་ཞིག་མ་རེད།  ངའི་སྙན་ངག་གི་རབ་ཏུ་བརྒྱན་པའི་འཕྲིན་པ་དེར་ཡིག་ལན་འདི་ལྟར་བཏབ་ན་ག་ལ་འགྲིག   ཅིའི་ཕྱིར་ང་ཧྲ་ཞཱའི་ཁྱིམ་དུ་སོང་ནས་མོའི་ཤ་རྒྱགས་པའི་ཨ་མ་དང་སྤུན་མཆེད། མགྲོན་པོ་དག་གིས་ངའི་གཉིས་ཀྱི་འབྱུང་རྩར་འོལ་ཚོད་བྱེད་དུ་བཅུག་རྗེས་ང་ཚོ་ཟུར་དུ་འཇོག་དགོས་པ་ཡིན་ནམ། ཡང་གཅིག་བཤད་ན་ཁོ་ཚོས་བློ་ཞིབ་མོས་མི་བརྟག་ལ་ངོ་རྒོལ་ཅི་ཡང་མི་བྱེད། ཁྱོད་ཀྱིས་བཟོད་པ་ཆེན་པོས་རང་ཉིད་ལ་དགའ་མགུ་ཡི་རང་མི་ག་མེད་རེད། རྒྱུ་རྐྱེན་ནི་ཁྱོད་ཀྱི་ཉེ་འཁོར་དུ་དགའ་བ་དང་མདོ་མེད་ཀྱི་མི་དག་འགྲོ་འོང་བྱེད་པ།  རྣ་དབང་ཉམས་པའི་བགྲེས་མོའམ་བུ་མོ་ཆུང་ཆུང་བཞིན་གནད་དོན་རྙིང་བ་བཟུང་ནས་རྙོག་དྲ་བར་མེད་བཟོས། ངས་འཕྲིན་ཡིག་ཏུ་ཧྲ་ཞཱ་ལ་སྤྱི་གླིང་ངམ་ནགས་གསེང་ཞིག་གདམ་དུ་བཅུག་ནས་དུས་བཏབ་རྒྱུའི་གྲོས་འགོ་བཏོན་ཏེ་གཡོག་མོར་ཡིག་ལན་སྤྲོད་དུ་མངགས། ངའི་གྲོས་འགོ་མོས་སྤྲོ་བ་དང་བཅས་དང་ལེན་བྱས། དེ་ནི་ངས་གྲོས་འགོ་བཏོན་པ་གནད་ཐོག་ཏུ་འཁེལ་བས་ཡིན། 

ཕྱི་དྲོའི་ཆུ་ཚོད་བཞི་ལྷག་གི་སྟེང་། ང་གྲོང་ཁྱེར་ཉེ་འཁོར་གྱི་དབེན་གནས་སུ་སོང་། སྤྱི་གླིང་དུ་མིའི་གྲིབ་མ་ཙམ་ཡང་མི་འདུག  ངོ་ཐུག་ས་ནི་སྤྱིར་ཐག་ཉེ་སར་གཏན་འཁེལ་བྱེད་པ་ཡིན། དཔེར་ན། སྤྱི་གླིང་གི་ལམ་ཕྲན་ནམ་ལྡིང་ཁང་ཡིན། འོན་ཀྱང་བུ་མོ་ཚོ་སྤྱིར་བཏང་གི་བརྩེ་དུང་དེ་འདྲར་རོལ་རྒྱུར་དགའ་བོ་མི་འདུག་རུང་ངས་མཐའ་མ་འཁྱོལ་བར་མཚམས་མ་བཞག    དེ་ལྟར་དུས་བཏབ་ཡུལ་དབེན་གནས་དང་ཐད་ཀར་འགྲོ་མི་བདེ་བའི་ནགས་གསེང་ཡིན། དེ་རུ་མི་རྩུབ་པོ་དང་ཆང་རྐྱལ་དག་གི་ཉེན་ཁ་ཡང་འཕྲད་སྲིད།

ང་ཧྲ་ཞཱའི་ཕྱོགས་སུ་སོང་། ང་མོའི་རྒྱབ་ཕྱོགས་ཀྱི་གང་དུ་མཆིས་སམ།  ངས་དཔག་ན་མོའི་རྒྱབ་ཕྱོགས་ནི་ཅི་འདྲའི་ལྐོག་འགྱུར་ཞིག་རེད་ཨང་། ཐ་ན་མོའི་རྒྱབ་གཟུགས་དང་ལྭ་བའི་སྟེང་གི་ཁྲ་ཐིག་གི་རི་མོས“ཁ་རོག་གེར་སྡོད”ཟེར་བ་དང་འདྲ། ཧྲ་ཞཱས་མེ་ཏོག་ཅན་གྱི་སྨད་གཡོག་སྟབས་བདེ་ཞིག་གྱོན་ནས་སྟེང་དུ་སྟོད་ལྭ་སྲབ་མོ་ཞིག་ཀྱང་གྱོན་འདུག   མཚར་སྣང་ཞིག་སྟེར་བའི་ཆེད་དུ་མོས་སེང་རས་ཀྱིས་གདོང་བ་གཡོག་པར་བྱས།    འཆམ་མཐུན་དེ་མི་བརླག་པའི་ཆེད་དུ་ང་འཐེང་འགྲོས་ངང་ཁོ་མོའི་ཕྱོགས་སུ་མི་བསྐྱོད་ག་མེད་བྱུང་ལ་སྐད་ཆ་བཤད་པའི་སྒྲ་ཡང་ཧ་ཅང་དམའ། 

ཤེས་གསལ་ལྟར་ན་ཐེངས་འདིའི་དུས་བཏབ་མཁན་གཙོ་བོ་ང་མིན་པར་གཞོགས་འདེགས་པ་ཙམ་རེད། དོན་དངོས་སུ་ཧྲ་ཞཱ་འགུགས་པའི་ལྕགས་ཀྱུ་ནི་མོའི་མཛའ་བོ་མིན་པར་དུས་བཏབ་པའི་འཆར་ཡན་དང་ལྐོག་འགྱུར་དེ་རེད།  མཆུ་འདབ་སྦྱོར་བ་དང་སྡོང་འོག་ནས་བརྩེ་བ་མཚོ་ལྟར་ཟབ་པའི་དམ་བཅའ་འཇོག་པ་དེ་དག་བརྗེད་པའི་ཚུལ་བཟུང་། ད་དུང་ཧོན་ཐོར་བའི་གདོང་གི་རྣམ་འགྱུར་སྐད་ཅིག་ཙམ་ལ་ཡལ་མི་སྲིད། དེ་བས་དྲང་མོར་བཤད་ན། ཡེ་ཧྥན•ཞི་ཏུའོ་ལའེ་ཆི་ཡིས་ངའི་ཚབ་བྱས་པས་མོའི་སྣང་བ་སྐྱིད་པོར་གྱུར། གནས་ཚུལ་འདི་འདྲའི་འོག་ཏུ་ཁྱེད་ཀྱིས་ཁོ་མོ་ང་ལ་དགའ་འམ་མི་དགའ།  གལ་ཏེ་དགའ་ན་དེ་ངོ་མ་ཡིན་ནམ་དགའ་ཉམས་སྟོན་པ་གསལ་ཐག་ཆོད་པར་གྱིས་ཤིག

ངས་ཧྲ་ཞཱ་སྤྱི་གླིང་ནས་ཁྱིམ་དུ་ཁྲིད་ཡོང་བ་ཡིན། ད་ལྟ་ཞེ་དུངས་བའི་བུ་མོ་རང་ཉིད་ཀྱི་ཁེར་རྐྱང་གི་མལ་ཤག་དུ་འདུག་ཚེ། སྙན་འཇེབས་རོལ་དབྱངས་ཞིག་དང་སྐྱེམས་ཆང་མངར་མོར་རོལ་བ་དང་མཚུངས། སྤྱིར་བཤད་ན། ཁྱོད་ཀྱིས་བློ་ཚིམ་པའི་ཡིད་ཆེས་དང་རེ་བ། འབྱུང་འགྱུར་སོགས་སེམས་པའི་མཐིལ་ནས་བརྗེད། ཁྱོད་ཀྱིས་ངེས་པར་འཆར་གཞི་ལ་མནོ་བསམ་བཏང་སྟེ་སྐྱ་ཐིག་ཕབ། ཡིན་ནའང་ད་སྐབས་ཁྱོད་དམག་དཔོན་ཀྲུན་ཝེ་གྱི་གོ་གནས་ཀྱང་མིན་པར་ད་དུང་དགའ་སྣང་ཆེན་པོས་དམག་སྤྱིར་འདུག་ཐུབ་བམ། མདོར་ན། སྙན་ཚིག་གིས་བརྒྱན་པ་ལས་དོན་དངོས་དང་མཐུན་ཐབས་བྲལ་ལ་བུ་མོ་རྣམས་ཟེར་སྒྲོས་སུ་འབྲང་སྲིད། གསར་བུ་ཞིག་ལ་མཚོན་ན། མཛའ་བའི་ཁྲོད་བུ་མོར་བརྩེ་དུང་གི་ཡོལ་བས་མིག་ཟུང་གཏན་དུ་སྒྲིབ་ན་བདེ་སྐྱིད་ཉག་གཅིག་ཏུ་འདོད་པས་འདི་སྣང་འཚོ་བ་ནམ་ཡིན་ཡང་རྟོགས་དཀའ། ཁོ་མོ་ཚོ་ཟེར་སྒྲོས་སུ་འབྲང་རུང་ཁྱོད་ཀྱིས་གདོང་གི་དཀར་ནག་དེ་དག་བལྟ་དགོས་ལ། མཛའ་མོས་ཁྱོད་ལ་བཀུར་སྟི་བྱས་རུང་སྐོམ་པ་ཆུ་འདོད་ལྟར་སྨྱོན་པ་ཁྱོད་ཀྱིས་ཚིག་རྩ་འཛིན་ངེས། ཧྲ་ཞཱས་ནན་ཏན་གྱིས་ངའི་གཏམ་ལ་ཉན་འདུག   ངས་མོའི་བཞིན་གྱི་རྣམ་འགྱུར་ལས་ངའི་སྐད་ཆ་ཧ་གོ་མི་འདུག་པ་ཚོར་བྱུང་། ངས་ཞིབ་བརྗོད་བྱེད་པའི་འབྱུང་འགྱུར་གྱི་མཐོང་ཆོས་ལ་ཞེན་པ་ལས་མོའི་མདུན་ནས་འཆར་གཞི་ཞིབ་ཏུ་བཤད་རུང་ངལ་བ་འབྲས་མེད་རེད། མོར་སྤྲོ་སྣང་ལྡན་པ་ནི་ཁོ་མོའི་ཁང་བ་གང་དུ་ཡོད་པ་དང་གྱང་ཤོག་ཅི་ལྟ་བུ་ཞིག་སྦྱར་རྒྱུ་དེ་རེད། ཅིའི་ཕྱིར་ང་ལ་རྣོ་སྒྲེང་ཡོད་པ་ལས་རྣོ་སྒྲེང་ཟུར་གསུམ་མ་མེད་པ་དེ་འདྲ་བ་རེད། མོས་ཞིབ་ཏུ་ངའི་ཅོག་ཙེ་སྟེང་གི་ཅ་དངོས་ཆུང་ཆུང་དེར་ལྟ་བཞིན་འདྲ་པར་ལ་ཡང་ཡང་བལྟས་ལ་སྤོས་ཆུ་ཡང་བསྣམས་ཞོར་ངའི་ཡིག་ཤུབས་སྟེང་གི་ཕལ་ཆེར་མོར་བཀོལ་སྤྱོད་ཡོད་པའི་སྦྲགས་འཛིན་རྣམས་ལངས། 

ཁོ་མོས “ཁ་དྲོ།  ཁྱོད་ཀྱིས་ང་ལ་སྦྲགས་འཛིན་རྙིང་བ་དེ་དག་འཚོལ་བསྡུ་བྱ་རོགས”ཟེར་བཞིན་སྒེའུ་ཁུང་སྟེགས་བུ་ནས་ཤིང་ཏོག་ཞིག་རྙེད་པ་ཧྲག་སྒྲ་དང་བཅས་སོ་ཁམ་ཆེན་པོས་ཟས།

མོས་དཔེ་སྒྲོམ་ལ་ལྟ་བཞིན “ཁྱོད་ཀྱིས་ཅིའི་ཕྱིར་དཔེ་ཆེའི་སྟེང་དུ་ཤོག་བྱང་མི་སྦྱར་བ་ཡིན”ཞེས་དྲིས། 

“དེ་སྦྱར་ནས་ཅི་བྱ”

“དེ་འདི་འདྲ་རེད་ཡ། དཔེ་ཆ་རེ་ལ་རང་ཉིད་ཀྱི་ཨང་རྟགས་རེད་ཡོད་ན། རྗེས་མར་ངའི་དཔེ་ཆ་འདིར་བསྒྲིག་ཆོག  ང་ལ་ཡང་དཔེ་ཆ་ཡོད”

“ཁྱོད་ལ་དཔེ་ཆ་གང་དག་ཡོད”

ཧྲ་ཞཱས་སྨིན་མ་ཡར་བཏེགས་བཞིན་བསམས་ཏེ“སྣ་ཚོགས་ཡོད”

ངས་མོ་ལ་བསམ་བློ་དང་ཡིད་ཆེས། དམིགས་འབེན་སོགས་ཅི་འདྲ་ཡོད་པ་འདྲི་རྩིས་བྱེད་སྐབས་ཁོ་མོས་སྨིན་མ་ལྡེམ་བཞིན་འདང་བརྒྱབ་སྟེ“རྣམ་པ་སྣ་ཚོགས་རེད……”ཅེས་བཤད། 

དེ་ནས་ངས་ཧྲ་ཞཱ་ཕྱིར་ཁྱིམ་དུ་བསྐྱལ། ང་མོའི་ཁྱིམ་དང་ཁ་གྱེས་པའི་དུས་ང་ནི་གཉེན་སྒྲིག་མེད་པའི་ཁྱོ་བོ་རྣམ་མ་ཞིག་ཏུ་གྱུར་ལ་གཉེན་སྟོན་མ་བྱེད་པ་ཙམ་རེད། གལ་ཏེ་ཀློག་པ་པོ་རྣམས་ལ་ངས་བརྒྱུད་པའི་བྱ་བར་དཔྱད་བསྡུར་བྱ་ཆོག་པ་ཞིག་ཡིན་ན། ཁྱོ་གའི་ཚུལ་འཛིན་པར་བྲོ་བ་མེད་པ་ཤ་སྟག་རེད། ཁྱོ་ག་བྱེད་པའམ་གཞན་མི་བྱེད་པར་དོན་གྱིས་སྟོང་བ་ཞིག་རེད། དེ་ནི“ཡ་མ་གླ”དང་མཚུངས། ཁ་གྱེས་ནས་སོང་ཡང་ཕ་རོལ་ལ་མ་བསླེབས་པ་དང་འདྲ། སྤྱིར་གཉེན་སྒྲིག་མེད་རུང་། མི་རྐྱང་དུ་བརྩི་ག་ལ་རུང་། འདི་ལྟ་བའི་གནས་ཚུལ་ངས་གོང་དུ་ཞུས་ཟིན་པའི་གད་པའི་ངང་ཚུལ་དང་འདྲ། 

ངས་ནམ་རྒྱུན་ཁོམ་ལོང་བཙལ་ཏེ་མ་འོངས་པའི་གཉེན་ཚང་དུ་སོང་། མོའི་སར་འབྱོར་དུས་རྟག་ཏུ་རེ་བ་དང་སེམས་འདུན། འཆར་གཞི་དང་གྲོས་གཞི། བཤད་དགོས་པའི་གཏམ་སོགས་ཁྲི་མ་འབུམ་བསྣམས་རུང་སྒོ་འབྱེད་མཁན་ནི་གཡོག་མོ་རང་རེད། དང་ཐོག་གི་ངའི་སུན་སྣང་དང་ཡིད་མུག་པ་དེ་དག་སེམས་ངོ་ནས་ཡལ་སོང་བའི་ཚོར་བ་ཞིག་སྐྱེས་རུང་དོན་དམ་དུ་ཡེ་ནས་མ་རེད། ནམ་རྒྱུན་ང་མ་འོངས་བའི་གཉེན་ཚང་དུ་འགྲོ་སྐབས་གཉེན་རྫོངས་གྲབས་གསོག་བྱེད་བཞིན་འདུག་ལ་དབུར་ཏེ་ཡིས་གང་སར་ཁྱབ། (ཁོ་ཚོས་ཟླ་ངོ་གཉིས་ལ་བཟོ་བའི་གོན་པ་རྣམས་ཤོག་སྒོར་བརྒྱ་ལྷག་གི་རིན་ཐང་ཡང་མེད)ཚིལ་དང་རྡོ་སོལ་གང་སར་གཏོར་བ་དང་རྐང་འོག་ཏུ་ཤེལ་ཆག་གི་སྒྲ་ཐྲོམ་ཐྲོམ་དུ་གྲགས་བཞིན་འདུག   ཁང་མིག་གཉིས་སུ་རས་ཆ་བཀལ་འདུག་པའི་ཁྲོད་དུ་ཧྲ་ཞཱས་ཁ་ནང་དུ་རས་སྐུད་ཞིག་བཟུང་ནས་དེར་གཡེང་། བཟོ་བ་དག་གིས་ང་དེར་འབྱོར་བར་དགའ་བསུ་ཆེན་པོ་བྱས་རུང་ཟ་ཁང་དུ་དེད་སོང་། ང་ལ་དེ་རུ་བཀག་འགོག་ཡོད་པས་ཁྱོ་ག་བྱས་ཟིན་རྗེས་བལྟ་འོས་པའི་དངོས་པོ་ཞིག་འདྲེན་བྱེད་དུ་མ་སྣང་། ང་ལ་བྱ་ཐབས་ཟད་དེ་ཟ་ཁང་དུ་འདུག་པ་ལས་འོས་མེད་ལ་ཞོར་དུ་མགྲོན་ལྕམ་མོ་ནོར་ཧྥུ་དང་ཁ་བརྡ་བྱས། ཧྲ་ཞཱ་ལ་དོགས་མི་བདེ་བ་སྐྱེས་བཞིན་ལག་ཏུ་ཁབ་ཞིག་དང་སྐུད་པའི་རིགས་ཐོགས་ནས་དུས་ངེས་མེད་དུ་ངའི་གམ་ནས་འགྲོ་བཞིན་གདའ།

“ཅུང་ཙམ་སྒུག་རོགས། ཅུང་ཙམ་སྒུག་རོགས  ང་ད་ཡོང” ཞེས་བཤད། མོས་ང་མཐོང་བ་ན་ངས་མིག་ཟུང་གཡོ་མེད་དུ་བལྟས་ནས་བསྡད། ཧྲ་ཞཱས“ཁྱོད་ཀྱིས་ལྟོས་དང་། ཞེ་མེར་བའི་སི་ཅེ་ཧྥན་ནེ་ཡིས་ངའི་སྨད་གཡོག་སྙིང་དུ་སྡུག་པ་དེ་བཤགས་རལ་དུ་བཏང”ཞེས་ལབ།  

ངས་མོ་ཡོང་བར་མ་སྒུག་རུང་ཁོང་ཁྲོ་ལངས་མགོ་བརྩམས། དེ་ནས་ཕྱི་རུ་སོང་ཏེ་གཉེན་གན་བཞག་རྗེས་སྤྱོད་ཆོག་པའི་འཁར་བ་བཟུང་ནས་རྐང་ལམ་དུ་བསྐྱོད། སྐབས་རེར་མོ་དང་མཉམ་དུ་འཆམ་འཆམ་དུ་འགྲོ་བ་དང་ཤིང་རྟར་བསྡད་ནས་ཁམས་གསེང་དུ་འགྲོ་འདོད་སྐྱེས། ང་མོའི་ཕྱོགས་སུ་སོང་བ་ན་ཁོ་མོའི་ཨ་མ་དང་ཁོ་གཉིས་ཀྱིས་མདུན་ཁང་དུ་གོན་པ་བཅའ་དག་དང་ལག་པས་ཆར་གདུགས་ཞིག་སྤྲུགས་སྤྲུགས་གཏོང་བཞིན་འདུག

མོས“ང་ཚོ་ཚོང་རར་སོང་ནས་རས་ཐེར་མ་ཡུགས་གཅིག་ཉོ་དགོས་ལ་ཞྭ་མོ་ཡང་བརྗེས་དགོས”ཞེས་བཤད།

འཆམ་འཆམ་དུ་འགྲོ་རྒྱུ་ནི་རུས་སྦལ་གྱི་སྤུ་རུ་གྱུར། ང་ཁོ་མོ་གཉིས་དང་འགྲོགས་ནས་ཚོང་རར་བསྐྱོད། བུ་མོ་ཚོས་དེ་རུ་ཅ་དངོས་ཉོ་བར་གཡོ་སྒྱུ་ལྡན་པའི་ཁེ་བར་རིན་གོང་གཏམས་རེར་བྱས་པ་ན་ངོ་མ་དོན་སྙིང་མེད་པ་ཞིག་རེད། ཧྲ་ཞཱས་རས་ཆ་མང་པོ་ཞིག་བསློགས་བཞིན་རིན་གོང་ཧ་ཅང་སླ་མོ་བྱེད་དུ་བཅུག  མཐར་རས་སྣ་གཅིག་ཀྱང་མ་ཉོས་བར་འགྲོ་མཁར་ཤོག་སྒོར་བཞི་བཅུ་ལྔ་བཅུ་ཙམ་གྱིས་རས་དུམ་ཞིག་ཉོས། ངས་ཁོ་མོ་ཚོའི་བྱ་ལུགས་ལ་འཚར་སྣང་སྐྱེས། ཧྲ་ཞཱ་དང་ཨ་མ་གཉིས་ཚོང་ར་ནས་ཕྱིར་བུད་སྐབས། ད་དུང་འདྲོགས་ཤ་ལངས་བཞིན་རང་ཉིད་ཀྱི་ནོར་འཆུགས་ལ་འཁང་ར་བྱས། ཉོ་མི་རུང་བའི་ཅ་དངོས་དང་རས་ཁྲ་སོགས་ཉོས་འདུག

རེད་ཡ། གཉེན་མ་སྒྲིག་པར་ཁྱོ་གའི་ཚུལ་འཛིན་རྒྱུ་ནི་ཟ་ལ་ཟ་བཏབ་པ་དང་འདྲ། 

ད་ནི་ངས་གཉེན་སྒྲིག་ཟིན། ས་སྲོད་ལ་ངས་དཔེ་ཁང་དུ་དཔེ་ཀློག་བྱས། ཧྲ་ཞཱ་ངའི་རྒྱབ་ལོགས་ཀྱི་འབོལ་ཁྲིར་བསྡད་དེ་མཆུ་མོར་མོར་ངང་ཟས་ཟ་བར་སྒྲ་ཤིན་ཏུ་ཆེ། ང་ལྦུ་ཆང་འཐུང་འདོད་དྲག་ཏུ་སྐྱེས། 

“ཧྲ་ཞཱ།  ཁྱོད་ཀྱིས་ང་ལ་ཁ་འབྱེད་ཆས་ཤིག་འཚོལ་དང་།”

“དེ་ངས་གང་དུ་བཞག་པ་མ་ཤེས” 

ཧྲ་ཞཱ་མྱུར་དུ་ཡར་ལངས་ནས་ཤོག་སྒྲིལ་གྱི་བར་གསེང་དུ་རང་འགར་བཙལ། འབར་ཞུན་སྒམ་ལ་སྙོབ་རུང་ཁ་འབྱེད་ཆས་ལག་སོན་མ་བྱུང་། དེ་རྗེས་མོ་ཁུ་སུམ་མེར་སྐར་མ་ལྔ་ཙམ་ལ་བསྡད།……སྐར་མ་བཅུ།……ང་ཡིད་སྐྱོ་བ་དང་ཁ་སྐོམ་པ། སུན་སྣང་སོགས་བསྣོལ་མར་སྐྱེས། 

ངས “ཧྲ་ཞཱ། ཁ་འབྱེད་ཆས་དེ་འཚོལ་རོགས”ཞེས་ནན་སྐུལ་བྱས། 

ཧྲ་ཞཱ་ཡང་ཡར་ལངས་ཏེ་ངའི་འགྲམ་གྱི་ཤོག་སྒྲིལ་དེ་དག་ཡར་སློག་མར་སློག་བྱས། མོས་ཟས་ཟ་བའི་སྒྲ་དང་ཤོག་སྒྲ་གཉིས་གཅིག་ཏུ་བསྡེབས་ན། རྣ་འགྲམ་དུ་གྲི་གཉིས་བརྡར་བའི་སྒྲ་དང་དབྱེར་མ་མཆིས་བས་རབ་ཏུ་གཟན། དེ་ནས་ང་ཡར་ལངས་ཏེ་དངོས་སུ་ཁ་འབྱེད་ཆས་འཚོལ་དུ་སོང་། མཐའ་མཇུག་རྙེད་ནས་ལྦུ་ཆང་ཁ་ཕྱེ། མོ་སྔར་བཞིན་ཅོག་ཙེའི་འགྲམ་དུ་བསྡད་དེ་ང་ལ་དོན་ག་གེ་མོ་ཞིག་ཡུན་རིང་དུ་བཤད།   

ངས“ཁྱོད་ཀྱིས་དཔེ་ཆ་གང་འདྲ་ཞིག་བཀླག་ན་བཟང”ཞེས་དྲིས། 

དེ་ནས་ཧྲ་ཞཱས་དཔེ་ཆ་འཁྱེར་ཡོང་ནས་ངའི་ཁ་གཏད་དུ་བཙོག་སྟེ་མཆུ་འདར་འདར་ངང་ཀློག་མགོ་བརྩམས། ངས་མོའི་ཞེང་ཆུང་བའི་དཔྲལ་བ་དང་བར་མེད་དུ་འདར་བའི་མཆུ་སྒྲོས་ལ་ལྟ་བཞིན་འདང་རྒྱག་གི་གནས་སུ་ལྷུང་།

“ཁོ་མོ་ལོ་བཅུ་དགུར་སོན། ”ངས“གལ་ཏེ། མོ་དང་རིག་གནས་ཡོད་པའི་ན་མཉམ་གསར་བུ་གཉིས་བསྡུར་ན། གསར་བུ་ལ་ཤེས་ཡོན་དང་བློ་རིག  ཡིད་ཆེས་ལྡན་པས་གནམ་སའི་ཁྱད་ཡོད་པར”བསམས།

འོན་ཀྱང་ངས་བར་ཁྱད་དེ་དག་ལ་སྣང་འཇོག་མ་བྱས་པ་ནི་མོའི་དཔྲལ་བའི་ཞེང་ཆུང་བ་དང་མཆུ་བར་མེད་དུ་འདར་བར་སྣང་འཇོག་མ་བྱས་པ་དང་འདྲ། རང་རློམ་ཆེ་བའི་ན་གཞོན་དུས་གསར་མོ་དག་གི་རྐང་འབོལ་ཐོག་དྲེག་པ་ཡོད་པ་དང་སོ་མ་བཀྲུ་བ་དག་རྩིས་མེད་དུ་གཏོར་བ་ད་དུང་རང་བློ་ན་ཡལ་མེད་དུ་གནས། དེང་སང་མཚོན་ན། སོས་ལྡད་པའི་སྒྲ་དང་ཁ་འབྱེད་ཆས་ཡང་དང་བསྐྱར་དུ་འཚོལ་བ། གོན་པ་གྲལ་དག་མི་གྱོན་པ་སོགས་སྣང་མེད་དང་འགྱོད་སེམས་མེད་པར་བཟོད་གསོལ་བྱས་ལ་མོའི་གོ་འཛོལ་ནི་ངའི་ནོར་འཆུགས་དང་ཡང་འདྲ། ང་སྔོན་ཆད་མི་དགའ་བའི་དོན་དག་རྣམས་ད་ལྟ་སེམས་འགུལ་ཐེབས། ཐ་ན་ཡི་རང་བ་ཞིག་ཏུ་གྱུར་འདུག   འདི་ལྟ་བུའི་བཟོད་སྒོམ་ནི་ང་ཁོ་མོར་དགའ་བའི་ཡང་སྙིང་དུ་འཐིམ་འདུག་ལ་གཅེས་བར་འོས་པའི་ཁུངས་ལུང་ཡང་དེར་མངའ། དྲང་མོར་བཤད་ན། ཅི་ཡིན་ངས་ཀྱང་མི་ཤེས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།