ཀྲུང་གོ་བོད་ཀྱི་དྲ་བ།

ཟྭ་འཚོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སི་ཕན་གྱི་ཚོང་བ་ལཱ་མེ་ཌྷོ་དང་ཧྥེ་འར་གཉིས་ཀྱིས་ཕཱ་ཕཱ་ཟི་རྡི་གླིང་སྟེང་གི་གཞི་སྡོད་པ་རྣམས་ལ་སྒོ་དང་ཟྭ་འགྲེམ་ཚོང་བྱ་འདོད་ཡོད། གཞི་སྡོད་པ་རྣམས་ཀྱིས་སྒོ་དང་ཟྭ་དེ་དག་ལ་ལག་མྱུལ་རེ་བྱས་རྗེས་འཛུམ་ཅིག་སྟོན་བཞིན་སར་བཞག མ་གཞིར། གླིང་ཕྲན་འདིའི་སྟེང་གི་སྡོད་དམངས་ཚོར་སྒོ་མེད་ལ་ཟྭ་ནི་དེ་བས་ཀྱང་བཤད་ཅི་དགོས། ཁོ་ཚོའི་ཁ་ཟས་ནི་སྙོམས་བགོ་བྱེད་བཞིན་པས་ཁྱིམ་ཚང་ཐམས་ཅད་གཅིག་མཚུངས་ཡིན།

ལཱ་མེ་ཌྷོ་དང་ཧྥེ་འར་གཉིས་ཀྱིས་མགོ་བོ་གཡུག་གཡུག་གིས་དབུགས་རིང་ཞིག་འབྱིན་བཞིན་གྲུ་སྟེང་དུ་ལོག དགོང་མོར། ནམ་སྟོད་བར་གཉིད་རྗེས་ལཱ་མེ་ཌྷོ་གློ་བུར་དུ་ཡར་ལངས་ཏེ“རྙེད་བྱུང་། ངས་གཞི་སྡོད་པ་རྣམས་ལ་སྒོ་དང་ཟྭ་འཚོང་བའི་ཐབས་བཀོད་རྙེད་བྱུང་།”ཟེར།

ཕྱི་ཉིན། སྐྱ་རེངས་བཀྱགས་མ་ཐག་ལཱ་མེ་ཌྷོ་དང་ཧྥེ་འར་གཉིས་ཀྱིས་སོ་སོ་ནས་གླིང་ཕྲན་སྟེང་གི་གཞི་སྡོད་པ་ཚོར་ལུག་ཤ་བསྐྱལ། ལཱ་མེ་ཌྷོ་ཡིས་རང་ཉིད་ཀྱི་མདུན་ན་འགྲེང་བའི་གཞི་སྡོད་པ་ཚོར་ལུག་ཤ་རྐང་ཤས༤རེ་དང་། ཧྥེ་འར་གྱིས་རང་ཉིད་ཀྱི་མདུན་ན་འགྲེང་བའི་གཞི་སྡོད་པ་ཚོར་ལུགཤ༡རེ་བྱིན།

ཉིན་དང་པོར། གླིང་ཕྲན་སྟེང་གི་གཞི་སྡོད་པ་རྣམས་དུས་བདེ་ཞོད་འཇགས་ཡིན་ཏེ། གཞི་སྡོད་པ་ཚོས་ཉིན་དཀར་འཆར་ཅན་དུ་རི་མགོར་རྔོན་ལས་སུ་སོང་བ་དང་དགོང་མོར་ཕྱིར་རང་ཁྱིམ་ལ་ལོག་ནས་མལ་དུ་ཉལ། ཉིན་གཉིས་པ་དང་གསུམ་པར་སྔར་བཞིན་གྲག་མེད་དུ་གནས། ཉིན་བཞི་པར། གཞི་ནས་ལཱ་མེ་ཌྷོ་དང་ཧྥེ་འར་བཙལ་ཏེ་སྒོ་དང་ཟྭའི་སྐོར་གྱི་གནས་ཚུལ་འདྲི་མཁན་བྱུང་། ཉིན་ལྔ་པར། གླིང་ཕྲན་སྟེང་གི་གཞི་སྡོད་པ་ཚོས་ཁོ་གཉིས་ཀྱི་སྒོ་དང་ཟྭ་འཕྲོག་ཉོ་བྱས་ཏེ་གཅིག་ཀྱང་མ་ལྷག

ཧྥེ་འར་གྱིས་ལཱ་མེ་ཌྷོར་དྲིས་དོན། ཁྱོད་ཀྱིས་དོན་ངོ་མར་སྒྱུ་འཕྲུལ་གང་ཞིག་སྤྱད་དེ་སྒོ་དང་ཟྭ་བཙོང་བ་ཡིན་ནམ།

ལཱ་མེ་ཌྷོ་ན་རེ།“ཐོག་མར་ཁོ་ཚོའི་སེམས་ལ་ཟྭ་ཞིག་བརྒྱབས་ན། ད་གཟོད་ཁོ་ཚོར་རང་འགུལ་གྱིས་སྒོ་དང་ཟྭ་ཉོ་རུ་འཇུག་ཐུབ། ཁོ་ཚོའི་སེམས་ནང་གི་ཟྭ་དེའི་མིང་ལ་འདོད་རྔམ་ཟེར།

དང་ཐོག འཆམ་མཐུན་ཡོང་ཐུབ་པ་ནི་ཁོ་ཚོ་ཚང་མར་ཟས་ཀྱིས་དཀོན་མེད། འོན་ཀྱང་རྗེས་སུ་མི་སོ་སོར་ཐོབ་པའི་ཟས་སྐལ་མ་གཅིག་པ་རྟོགས་དུས། གཞི་ནས་མི་གཞན་ལ་མཉམ་སྤྱོད་བྱེད་མི་འདོད་པའི་བློ་ཁ་འཁོར། འདི་ནི་ངས་མི་སྐོར་ཅིག་ལ་ལུག་ཤ་མང་ཙམ་བྱིན་པ་དང་མི་སྐོར་ཅིག་ལ་ལུག་ཤ་ཉུང་ཙམ་བྱིན་པའི་གནད་དམ་པའོ། །” 

༢༠༡༦. ༥.༢༧ཉིན་ཤར་ཙོང་ཁ་ནས་བསྒྱུར།

 (བསྒྱུར་མཁན་ཀླུ་མཁར་རྒྱལ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི16ལོའི་ཡིག་སྒྱུར་འཛིན་གྲྭའི་ཡིན།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།