འབུ་སྦྲང་གིས་མཇུག་མ་འཚོལ་བ།    

ཉིན་ཞིག་ལ། འབུ་སྦྲང་ཞིག་འཕུར་ཡོང་སྟེ་མི་ལ་འདི་ལྟར།

“ཁྱོད་ཀྱིས་སྲོག་ཆགས་ཀུན་ལ་དབང་སྒྱུར་བཞིན་ཡོད། ཁྱོད་ཀྱིས་ལས་ཅི་ཞིག་ཀྱང་བགྱི་ནུས་པས། ཁྱོད་ཀྱིས་ང་ལ་མཇུག་མ་ཞིག་གནང་རོགས”ཟེར།

“ཁྱོད་ལ་མཇུག་མས་ཅི་བྱེད”མིས་དེ་ལྟར་དྲིས།

“ཅི་བྱེད་དམ།”“མཇུག་མ་ཡོད་པའི་སྲོག་ཆགས་རྣམས་དང་འདྲ་བར་མཛེས་པའི་ཆེད་དུ་ཡིན།”འབུ་སྦྲང་གིས་དེ་ལྟར་སྨྲས།

“ངས་ཤེས་པའི་སྲོག་ཆགས་ཁྲོད་དུ་མཇུག་མ་ཡོད་ན་རྒྱན་ཞིག་རེད་འདོད་མཁན་གཅིག་ཀྱང་མ་བྱུང་། ངས་བལྟས་ན་ཁྱོད་ལ་མཇུག་མ་མེད་རུང་སྔར་བཞིན་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།”

འབུ་སྦྲང་ཁོང་ཁྲོ་ལངས་ནས་མི་ལ་སུན་སྣང་སྐྱེས་པའི་བྱ་བ་ཏག་ཏག་བགྱིས། མཚམས་རེར་ཟས་ཞིམ་པོ་ཐོག་ཏུ་འབབ་པ་དང་།མཚམས་རེར་མིའི་སྣ་སྟེང་དུ་འབབ་ལ།  ལན་རེར་མིའི་རྣ་བ་གཡས་པར་བབས་ཏེ“ཝུན་ཝུན”ཞེས་སྒྲོག་པ་དང་།  ལན་རེར་རྣ་བ་གཡོན་ཕྱོགས་སུ་བབས་ཏེ“ཝུན་ཝུན”ཞེས་བསྒྲགས་ནས་མི་ལ་སུན་སྣང་བཟོ་བའི་དོན་ཏག་ཏག་བགྱིས་པ་རེད། དེ་བས་ན། མི་སུན་སྣང་གིས་མ་བཟོད་པར་འབུ་སྦྲང་ལ་འདི་ལྟར་སྨྲས།

“འབུ་སྦྲང་ཁྱོད་རང་ཉིད་ནགས་ཚལ་དང་གཙང་འགྲམ། ཞིང་ནང་བཅས་སུ་འཕུར་ནས་སོང་དང་། གནས་དེར་ཁྱོད་ལ་མཇུག་མ་ནི་མཛེས་རྒྱན་ཡིན་ཚུལ་གླེང་མཁན་གྱི་བྱ་རིགས་དང་སྲོག་ཆགས་ཤིག་ཡོད་ཚེ། ཁྱོད་ཀྱིས་དེའི་མཇུག་མ་བླངས་ནས་རང་ཉིད་ཀྱི་ལུས་ཐོག་ཏུ་བཙུགས་ཆོག་པར་ངས་ཆོག་མཆན་བཀོད་པ་ཡིན”ཞེས་བཤད།

འབུ་སྦྲང་ལ་དགའ་སྤྲོ་ཚད་མེད་སྐྱེས་ཏེ་སྐད་ཅིག་ཉིད་ལ་སྒེའུ་ཁུང་ནས་ཕྱིར་འཕུར།  འབུ་སྦྲང་མེ་ཏོག་ར་བ་ཞིག་ཏུ་འཕུར་བ་ན། ལོ་མ་ཞིག་གི་སྟེང་དུ་སྙི་འབུ་མཇུག་མ་ཅན་ཞིག་གོག་ནས་འགྲོ་བ་མཐོང་བས། དེའི་གམ་དུ་འཕུར་ནས་སྐད་གསང་མཐོན་པོས་སྙི་འབུ་ལ་ན་རེ།

“སྙི་འབུ་རྔ་རིང་། ཁྱོད་ཀྱི་མཇུག་མ་ང་ལ་གནང་རོགས། ཁྱོད་ལ་མཇུག་མ་ཡོད་པ་ནི་ཁྱོད་ཀྱི་མཛེས་རྒྱན་ཡིན་པ་ངས་ཤེས་ཡོད།”

སྙི་འབུས“ཁྱོད་ཀྱིས་བཤད་སྲོལ་ལ་ལྟོས་དང་། ང་ལ་་མཇུག་མ་མེད། ཁྱོད་ཀྱིས་ངའི་ལྟོ་བ་རྔ་མར་ངོས་འཛིན་བྱས་པ་རེད། ང་ནི་ལྟོ་བའི་རྐྱོང་སྐུམ་ལ་བརྟེན་ནས་མདུན་དུ་འགྲོ་བ་ཡིན་ཞིང་། ངའི་མིང་ལ་སྣབས་འབུ་ཟེར་ཏེ་སྙི་གཟུགས་སྲོག་ཆགས་ཤིག་ཡིན”ཞེས་ལན་བཏབ།

དེ་ནས་འབུ་སྦྲང་གཙང་པོ་ཆུང་ཆུང་ཞིག་གི་འགྲམ་ལ་འཕུར་བ་དང་གཙང་པོའི་ནང་དུ་ཉ་ཞིག་དང་ཆུ་འབུ་གློ་ཉལ་ཞིག་ཡོད་པ་དེ་གཉིས་ལའང་མཇུག་མ་ཡོད་པ་མཐོང་སྟེ། འབུ་སྦྲང་གིས་ཉ་ལ་ན་རེ།

“ཁྱོད་ཀྱི་མཇུག་མ་ང་ལ་གནང་རོགས། ཁྱོད་ལ་མཇུག་མ་ཡོད་པ་ནི་ཁྱོད་ཀྱི་མཛེས་རྒྱན་ཡིན་པ་ངས་ཤེས་ཡོད།”ཅེས་བཤད།

ཉ་ན་རེ“འདི་ནི་རྩ་བ་ནས་མཛེས་པའི་ཆེད་མིན་པར་ངའི་མཇུག་མ་ནི་ང་ཡི་ཕྱོགས་བསྒྱུར་ཡིན།ཁྱོད་ཀྱིས་ལྟོས་དང་།ང་གཡོན་ཕྱོགས་སུ་སོང་ན་མཇུག་མ་གཡས་ཕྱོགས་སུ་འགུལ་བ་ཡིན།དེ་བཞིན་དུ་གཡས་ཕྱོགས་སུ་དཀྱོགས་ནའང་དེ་ལྟར་ཡིན།དེ་ལྟར་ངས་མཇུག་མ་ཁྱོད་ལ་སྟེར་མི་རུང་།”

འབུ་སྦྲང་གིས་འབུ་གློ་ཉལ་ལ་ན་རེ།“ཝ་ཡེ།འབུ་གློ་ཉལ།ཁྱོད་ཀྱི་མཇུག་མ་ང་ལ་སྦྱིན་རོགས།”

“དེ་སྟེར་མི་རུང་།”འབུ་གློ་ཉལ་ན་རེ།“ངའི་རྐང་པ་ཕྲ་ཞིང་ཤེད་ཆུང་བས།ངས་རང་གི་རྐང་བར་བརྟེན་ཏེ་ཆུ་ལ་རྐྱལ་མི་ཐུབ་པ་དང་།འོན་ཀྱང་ངས་མཇུག་མ་ཆེ་ལ་ཤུགས་འཛོམས་པས།ངས་མཇུག་མ་ཤུགས་ཆེན་པོས་གཡས་འགུག་གཡོན་འགུག་ཅིག་བྱས་ཏེ་གང་སར་སྐྱོད་པ་ཡིན།མཇུག་མ་འདི་ནི་ངའི་གྲུ་ཁེམ་ཡིན།”

འབུ་སྦྲང་མུ་མཐུད་དུ་ནགས་ཚལ་ཞིག་ཏུ་འཕུར་ཏེ་ཤིང་རྟ་མོ་ཞིག་སྡོང་སྐམ་ཞིག་གི་སྟེང་དུ་འདུག་པ་མཐོང་སྟེ།འབུ་སྦྲང་དེ་གར་སོང་སྟེ་ཤིང་རྟ་མོ་ལ་ན་རེ།

“ཁྱོད་ཀྱི་མཇུག་མ་ང་ལ་གནོངས་དང་།ངས་དེ་མཛེས་བའི་ཆེད་ཡིན་པ་ཤེས།”

“ཡ་མཚན་པ་ལ།”ཤིང་རྟ་མོ་ན་རེ།“གལ་ཏེ་ངས་མཇུག་མ་ཁྱོད་ལ་གནང་ཚེ་ང་རང་གིས་ཤིང་ཇི་ལྟར་བརྐོ་ཞིང་གཟན་ཇི་ལྟར་འཚོལ།ཁང་པ་ཇི་ལྟར་ལས”ཞེས་བཤད།

“ཁྱོད་ཀྱིས་ལས་འདི་དག་བགྱིས་པ་ལ་ཐམས་ཅད་མཆུ་ཡིས་ནུས་པ་མིན་ནམ།”འབུ་སྦྲང་གིས་དེ་སྐད་སྨྲས།

ཁོང་ཚོས་མདུན་ཐད་ཀྱི་མཇུག་མ་དཀར་པོ་དེ་ཉིད་གང་ལ་གཡུགས་ན་དེའི་རྗེས་སུ་བསྙེག་པར་བྱེད་པས།ང་ཚོ་སླ་མོ་བདེ་མོའི་ངང་ནས་སྤྱང་ཀིའི་ཁ་ལས་ཐར་ཐུབ།”འབུ་སྦྲང་ཐབས་མེད་པར་སྔར་བཞིན་མདུན་ཕྱོགས་སུ་ཅུང་ཙམ་འཕུར།སྦྲང་མས་ཝ་མོ་ཞིག་འགྲོ་བཞིན་པ་མཐོང་།ཝ་མོའི་མཇུག་མ་ནི་སྟུག་ཅིང་འཛིངས་ལ།དམར་ཞིང་མིག་ལ་ཤིན་ཏུ་མཛེས་པ་ཞིག་རེད།

འབུ་སྦྲང་གིས“ཁྱོད་ཀྱིས་ང་རང་གཞན་གྱི་བཀོལ་སྤྱོད་མེད་པའི་མཇུག་མ་འཚོལ་བར་བསྔགས་ནས་རྩེད་ཆས་སུ་བྱེད་དོན་ཅི་ཡིན། ངས་སྲོག་ཆགས་ཐམས་ཅད་ལ་དྲིས་ཟིན།མཁོ་མེད་ཀྱི་མཇུག་མ་གཅིག་ཀྱང་མི་འདུག”

འབུ་སྦྲང་དེས་མཇུག་མ་ཐོབ་བར་དུ་ཁོ་ལ་སུན་སྣང་བཟོ་བ་ཁོ་ཐག་ཡིན་པ་མིས་ཤེས་སོང་།

མིས་བསམ་བློ་ཡང་ཡང་བཏང་རྗེས་ཐབས་བཀོད་ཅིག་རྙེད་པ་དང་ལྷན་དུ་ན་རེ།“འབུ་སྦྲང་།འབུ་སྦྲང་།ཕ་གིའི་ལྷས་རའི་བ་མོར་ལྟོས་དང་།ཁྱོད་སོང་སྟེ་ཁོ་ལ་མཇུག་མའི་དགེ་མཚན་དྲིས་དང་།”

“དེ་ཆོག་གི།  འོན་ཀྱང་བ་མོས་ང་ལ་མཇུག་མ་གནང་ཚེ་དེ་རིང་ངའི་སེམས་ཤིན་ཏུ་སྐྱོ་ངེས་ཡིན།”

འབུ་སྦྲང་སྒེའུ་ཁུང་ལས་ཕྱིར་འཕུར་ཏེ་བ་མོ་འདུག་པ་མཐོང་རྗེས།བ་མོའི་གམ་དུ་འཕུར་ཏེ་ཡང་དང་བསྐྱར་དུ“བ་མོ།བ་མོ།ཁྱོད་ཀྱི་མཇུག་མས་ལས་ག་འདྲ་བྱེད་ཀྱིན་ཡོད།”ཅེས་དྲིས།

བ་མོས་ཁ་གཅིག་ཀྱང་མི་གྲག་པར་མཇུག་མ་ཡར་བཀྱགས་ཏེ་རང་ཉིད་ཀྱི་སྒལ་གཞུང་ལ་བརྒྱབ་པ་ན་ཏག་ཏག་འབུ་སྦྲང་ལ་ཁེལ་བས།འབུ་སྦྲང་དེ་མུར་ཤི།

འབུ་སྦྲང་ས་ལ་ལྷུང་སྟེ་དབུགས་ཀྱི་རྒྱུ་བ་ཆད་ཅིང་།ཁོས་ཕྲ་དྲགས་པའི་སུག་པ་ཡང་ཡར་བཀྱགས་འདུག

སྐབས་དེར་མིས་སྒེའུ་ཁུང་ལས་མགོ་བསྲིངས་ཏེ་འབུ་སྦྲང་མཐོང་བ་ན་བཤད་དོན།

“འབུ་སྦྲང་དེ་ནི་ཁྱོད་ལ་རྣམ་སྨིན་འཁོར་བ་ཡིན་ཏེ།ཁྱོད་ཀྱིས་མི་དང་སྲོག་ཆགས་ལ་དེ་ལྟར་སུན་སྣང་མཚམས་མེད་དུ་བཟོས་ན་མི་འོས་ལ།ཁྱོད་ཀྱིས་ཀྱང་དེ་འདྲའི་སུན་སྣང་ཅན་ཞིག་བྱས་ན་མི་འོས་སོ། །”

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།