ཀྲུང་གོ་བོད་ཀྱི་དྲ་བ།

བུ་མོ་ཆུང་ཆུང་མཱ་ཧྲ་དང་དོམ་ནག་ཆེན་པོ།    

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཨའེ་ཐོ་སིན་ཐན་གྱིས་བརྩམས། དཔལ་མོ་བློ་བཟང་གིས་བསྒྱུར།   སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གནའ་སྔ་མོ་ཞིག་ལ། སྤོ་བོ་ཞིག་དང་རྨོ་མོ་ཞིག་ལ་ཚ་མོ་ཞིག་ཡོད་ཅིང་། མིང་ལ་མཱ་ཧྲ་ཟེར།

ཉིན་ཞིག  ཁྱིམ་མཚེས་བུ་མོ་རྣམས་ནགས་གསེབ་ཏུ་ཤ་མོ་དང་སེའུ་འབྲས་འཐུ་རུ་འགྲོ་སྐབས་བུ་མོ་མཱ་ཧྲ་འབོད་དུ་ཡོང་། བུ་མོ་མཱ་ཧྲས་སྤོ་བོ་དང་རྨོ་མོ་གཉིས་ལ། ང་ཁོ་མོ་ཚོ་དང་མཉམ་དུ་ནགས་གསེབ་ཏུ་ཤ་མོ་དང་སེའུ་འབྲུ་འཐུ་རུ་འགྲོ་རུ་བཅུག་ན་ཆོག་གམ་ཞེས་དྲིས་པར། སྤོ་རྨོ་གཉིས་ཀྱིས་ལོས་ཆོག ཡིན་ཡང་ཁྱེད་རང་ངེས་པར་ཁོ་ཚོ་དང་ཁ་འཐོར་དུ་འཇུག་མི་རུང་ཞེས་ཡང་ནས་ཡང་དུ་བཤད།

བུ་མོ་རྣམས་ནགས་གསེབ་ཏུ་སླེབས་རྗེས། སོ་སོ་ཤ་མོ་དང་སེའུ་འབྲུ་བཏུ་བར་བྲེལ། བུ་མོ་ཆུང་ཆུང་མཱ་ཧྲ་ནི།  ཐེངས་དང་པོར་སྒོའི་ཕྱིར་བུད་དེ་ཤ་མོ་དང་སེའུ་འབྲུ་འཐུ་རུ་ཡོང་བ་དང་།  སྔོན་ཆད་འདི་འདྲའི་སྙིང་རྗེ་བའི་སིལ་ཏོག་གཏན་ནས་རིག་མ་མྱོང་བས། མོས་སྡོང་པོ་གཅིག་ནས་གཅིག་དང་ནགས་ཚལ་གཅིག་ནས་གཅིག་བརྒྱུད་དེ། དགའ་དགའ་སྤྲོ་སྤྲོའི་ངང་ཤ་མོ་དང་སེའུ་འབྲུ་ཡིད་ཚིམ་པ་ཞིག་བཏུས་པའི་མོད་ལ། མོ་ཡང་རིམ་བཞིན་རོགས་པ་ཚོ་དང་ཁ་བྲལ་ཏེ་གཅིག་པུར་ལུས་སོང་།

བུ་མོ་ཆུང་ཆུང་མཱ་ཧྲས་རང་ཉིད་རོགས་པ་ཚོ་དང་ཁ་ཐོར་སོང་བ་ཤེས་ནས་ངུ་སྐད་ཆེན་པོས་བོས་ཀྱང་། རོགས་པ་ཚོས་ཁོ་མོའི་འབོད་སྐད་དེ་ཇི་ལྟར་གོ།  བུ་མོ་ཆུང་ཆུང་མཱ་ཧྲ་མུ་མཐུད་དུ་ནགས་གསེབ་ཏུ་མི་འགྲོ་ཀ་མེད་བྱུང་། སོང་སོང་ཡང་ཁོ་མོས་རང་ཁྱིམ་དུ་ལོག་པའི་ལམ་བུ་ཡེ་ནས་མ་རྙེད།

མཚམས་ཤིག་ལ། མོ་རང་ནག་རོག་གེའི་ནགས་ཚལ་སྟུག་པོ་ཞིག་གི་གསེབ་ཏུ་སླེབས་ཤིང་། དེ་གར་སྤྱིལ་བུ་ཆུང་ཆུང་ཞིག་ཡོད་པ་མཐོང་། བུ་མོ་ཆུང་ཆུང་མཱ་ཧྲ་རེམ་མྱུར་གྱིས་བརྒྱུགས་ནས་སྒོ་ཏིང་ཏིང་དུ་བརྡུངས་ཀྱང་ཡ་ལན་སྤྲོད་མཁན་མ་བྱུང་བས། མོས་སྒོ་དལ་མོར་ཕར་གཏད་པ་ན་མྱུར་དུ་ཕྱེས་སོང་།

བུ་མོ་ཆུང་ཆུང་མཱ་ཧྲ་སྤྱིལ་བུའི་ནང་དུ་འཛུལ་ཏེ་སྒེའུ་ཁུང་ཟུར་གྱི་རྐུབ་སྟེགས་རིང་མོ་ཞིག་གི་སྟེང་དུ་བསྡད། ཁོ་མོས་སེམས་སུ་སྤྱིལ་བུ་འདིའི་ནང་དུ་སུ་ཞིག་ཡོད་དམ། མི་གཅིག་ཀྱང་མེད་པ་གང་ཡིན་ནམ་ཞེས་བསམ་བཞིན་བསྡད། ཁོ་མོས་དེ་ལྟར་བསམ་གྱིན་བསམ་གྱིན་རྨི་ལམ་གྱི་ཞིང་ཁམས་མྱུལ་སོང་།

སྤྱིལ་བུ་དེའི་ནང་དུ་དོམ་རྒན་ཞིག་བསྡད་ཡོད་མོད།  འོན་ཀྱང་སྐབས་དེར་ཁོ་ཁྱིམ་དུ་མེད་པར་ཕལ་ཆེར་ནགས་གསེབ་ཏུ་སོང་ཚར་བ་རེད།  ས་རུབ་རྗེས། དོམ་རྒན་དེ་ཕྱིར་ཁྱིམ་དུ་ལོག  ཁོས་བུ་མོ་ཆུང་ཆུང་མཱ་ཧྲ་མཐོང་མ་ཐག་རབ་ཏུ་དགའ་སྟེ་དགོད་སྒྲ་ཆེན་པོས་ཨ་ལ་ལ། ངས་ཁྱོད་ཕྱིར་འགྲོ་རུ་མི་འཇུག ཅི་འདྲའི་སྙིང་རྗེ་བའི་བུ་མོ་ཆུང་ཆུང་ཞིག་ཨང་། ཁྱོད་ངའི་སར་བསྡད་ནས། ང་ལ་མེ་འབུད་པ་དང་འབྲས་ཐུག་སྐོལ་ཆོག་ཅེས་བཤད།

བུ་མོ་ཆུང་ཆུང་མཱ་ཧྲའི་སེམས་པ་ཧ་ཅང་སྐྱོ་ཞིང་། རང་ཉིད་ཀྱིས་སྤོ་རྨོ་གཉིས་ཀྱི་ངག་ལ་མ་ཉན་པར་འགྱོད་པ་དྲག་པོ་སྐྱེས་ནའང་། ད་ནི་ཐབས་ཟད་པས་དོམ་ནག་གི་སྤྱིལ་བུ་ནང་དུ་མི་སྡོད་ཀ་མེད་བྱུང་། ཁོ་མོས་ཉིན་ལྟར་དོམ་ནག་ལ་འབྲས་ཐུག་བསྐོལ་ཅིང་མེ་བུས་པ་དང་། ད་དུང་སྤྱིལ་བུ་གད་ཕྱགས་བྱས། དོམ་ནི་ཉིན་གང་པོར་ནགས་གསེབ་ནས་རྩེད་ཅིང་ཐག་རིང་པོར་བརྒྱུགས་པ་དང་། བུ་མོ་མཱ་ཧྲ་གཅིག་པུ་སྤྱིལ་བུའི་ནང་དུ་བཅུག་ནས་གང་དུའང་འགྲོ་མི་ཆོག་པར་བྱས།

དོམ་གྱིས་གལ་ཏེ་ཁྱོད་རང་བྲོས་སོང་ན་ངས་མཇུག་མཐར་རྙེད་སྲིད་པས། རྙེད་བྱུང་ཚེ་ངས་ཁྱེད་རང་བཟའ་ཁོ་ཐག་ཡིན་ཞེས་བཤད། བུ་མོ་ཆུང་ཆུང་མཱ་ཧྲ་ཡི་སེམས་སུ་མོ་རང་ཇི་ལྟར་བྱས་ན་འབྲོ་ཐུབ་བམ་སྙམ་པ་དང་། ཉེ་འགྲམ་ནི་ནག་ཏིང་ངེའི་ནགས་ཚལ་ཡིན་པས་ཕྱོགས་གང་དུ་འབྲོ་ཨང་། གཞན་ལ་ལམ་འདྲི་བསམས་ཀྱང་དེ་རུ་མི་གཅིག་ཀྱང་མི་འདུག ཁོ་མོས་ད་དུང་རང་ཉིད་གྲོང་སྡེ་དང་བར་ཐག་ཅི་ཙམ་དུ་ཡོད་པའང་མི་ཤེས།

ཁོ་མོས་ཡུན་རིང་པོ་ཞིག་ལ་བསམ་བློ་བཏང་རྗེས།  བློ་ཐབས་ཤིག་ཏག་ཏག་སེམས་སུ་ཤར།

ཉིན་ཞིག་ལ། དོམ་ནག་དེ་ནགས་ཚལ་ནས་ཕྱིར་ཁྱིམ་དུ་ལོག བུ་མོ་ཆུང་ཆུང་མཱ་ཧྲ་ཡིས་དོམ་རྒན་ཡ་དོམ་རྒན། ང་རང་ནགས་གསེབ་ཏུ་ཉིན་གཅིག་ལ་གཏོང་རོགས། ངས་སྤོ་རྨོ་གཉིས་ལ་བྲོ་ཁ་ཞིག་བསྐྱལ་དགོས།

དོམ་ནག་གིས་མི་ཆོག ཁྱེད་རང་ནགས་ཚལ་གསེབ་ནས་མགོ་འཁོར་འགྲོ།  བྲོ་ཁ་ནི་ངས་ཁྱེད་ཀྱི་སྤོ་རྨོ་གཉིས་ལ་བསྐྱལ་རོགས་བྱས་ཆོག་ཅེས་བཤད།

མོས་བག་ལེབ་མང་པོ་མང་པོ་བཟོས་ནས་སྒམ་ཆེན་པོ་ཆེན་པོ་ཞིག་བཙལ་ཏེ། དོམ་ལ་ཁྱེད་ཀྱིས་ལྟོས་ཤིག ངས་གོ་རེ་བསྲེགས་མ་རྣམས་སྒམ་ནང་དུ་བཅུག་ཡོད། ཁྱོད་ཀྱིས་འདི་དག་ངའི་སྤོ་རྨོ་གཉིས་ལ་སྤྲོད་རོགས།  ཁོང་གཉིས་ནི་སྡེ་བ་དེའི་མགོ་ན་བསྡད་ཡོད། ཁང་པའི་སྒོ་ཁ་ན་ཤིང་ཝང་ཐང་ཞིག་སྐྱེས་ཡོད་པ་དེ་ཡིན། འོན་ཀྱང་ཁྱེད་ཀྱིས་ངེས་པར་སེམས་ལ་འཛིན་དགོས་པ་ཞིག་ནི། ཤིང་སྒམ་འདི་ལམ་བར་ནས་ཁ་ཕྱེས་མི་ཆོག ནང་ནས་བག་ལེབ་བསྲེགས་མ་རྐུ་ཟ་བྱས་མི་ཆོག ངས་སྡོང་པོ་མཐོན་པོའི་རྩེ་ནས་ཁྱེད་ཀྱིས་སྒམ་འདི་སྡེ་བའི་ནང་དུ་སྐྱེལ་རག་བར་བལྟ་རྒྱུ་ཡིན་ཞེས་བཤད།

འོ་ཡ། ཆོག དོམ་གྱིས་ཚིག་ཐག་གཅིག་གིས་སྒམ་དེ་ང་ལ་སྟེར་རོགས་ཞེས་བཤད།

བུ་མོ་ཆུང་ཆུང་མཱ་ཧྲ་ཡིས་ཁྱེད་ཕྱི་རུ་སོང་ནས་ཆར་བ་འབབ་བཞིན་ཡོད་མེད་ལ་ལྟོས་དང་ཞེས་བཤད།

དོམ་ཕྱི་རུ་སོང་བ་ན་བུ་མོ་མཱ་ཧྲ་མྱུར་དུ་ཤིང་སྒམ་དུ་འཛུལ་ནས་བག་ལེབ་བསྲེགས་མ་འཇོག་སའི་སྡེར་མ་རྣམས་ཀྱིས་རང་གི་ལུས་ཧྲིལ་པོ་བཀབ། དོམ་ཕྱིར་ཁྱིམ་དུ་ལོག་རྗེས། བག་ལེབ་བསྲེགས་མ་རྣམས་སྒམ་ནང་དུ་བཅུག་ཚར་བ་མཐོང་དུས་དོམ་ནག་གིས་སྒམ་དེ་ཕྲག་ཏུ་ཁུར་ཏེ་སྡེ་བའི་ཕྱོགས་སུ་སོང་།

དོམ་ནག་གིས་ལྕང་མའི་ནགས་ཚལ་རེ་རེ་བཞིན་བརྒྱུད་ཅིང་། མར་ཐུར་དུ་བབས་ཤིང་ཡང་ཡར་རི་ལ་འཛེགས་པ་དང་། ཁོ་རང་ངལ་དུབ་ཀྱིས་མནར་ཏེ་དབུགས་རིང་ནར་ནར་འབྱིན་ཞིང་ལ་དང་ལུང་པ་བརྒལ་བར་ཅི་འདྲའི་དཀའ་ཚེགས་ཆེ་བ་ལ་ཨང་སྙམ། བག་ལེབ་བསྲེགས་མ་རྒན་པོའི་ཁྱིམ་དུ་བསྐྱལ་དགོས་ན། སྒམ་འདི་ཐང་དུ་བཞག་ནས་ངལ་ཞིག་གསོས་རྗེས། བག་ལེབ་བསྲེགས་མ་འགའ་བླངས་ནས་རོ་ཙམ་མྱོང་བར་བྱེད་ཅེས་ཁེར་ལབ་ཅིག་བརྒྱབ་པ་ན། བུ་མོ་ཆུང་ཆུང་མཱ་ཧྲ་ཡིས་ཤིང་སྒམ་ནང་ནས་སྐད་དེ་ཐོས་ནས། ངས་རིག་སོང་། ངས་རིག་སོང་། ཤིང་སྡོང་ཐོག་ཏུ་མ་བསྙེ། བག་ལེབ་བསྲེགས་མ་མ་ཟ། མགྱོགས་མོར་ངའི་སྤོ་རྨོ་གཉིས་ཀྱི་སར་སྐྱོལ་ཅེས་བཤད།

དོམ་ནག་དངངས་སྐྲག་སྐྱེས་ནས་ཕར་བལྟ་ཚུར་བལྟ་བྱས་པ་ན་མི་ཞིག་གི་གྲིབ་མ་ཙམ་ཡང་མི་འདུག  དོམ་ནག་ཐབས་ཟད་དེ་འཁུན་སྒྲ་ཞིག་འབྱིན་ཞོར། ཀྱི་ཧུད། བུ་མོ་ཆུང་ཆུང་དེའི་མིག་ནི་ངོ་མ་རྣོན་པོ་རེད། མོས་ཚང་མ་རིག་འདུག་ཅེས་བཤད་ཞོར། སྒམ་དེ་ཁུར་ནས་མུ་མཐུད་དུ་མི་འགྲོ་ཀ་མེད་བྱུང་། སྔར་བཞིན་ལྕང་མའི་ནགས་ཚལ་རེ་རེ་བརྒྱུད་ཅིང་། མར་ཐུར་དུ་བབས་ཤིང་ཡར་རི་ལ་འཛེགས་པ་དང་། ཁོ་རང་ངལ་དུབ་ཀྱིས་མནར་ནས་དབུགས་རིང་ནར་ནར་འབྱིན་ཞོར་ལ་དང་ལུང་པ་བརྒལ་ན་ཅི་འདྲའི་དཀའ་ཚེགས་ཆེ་ཨང་སྙམ། བག་ལེབ་བསྲེགས་མ་རྒན་པོའི་ཁྱིམ་དུ་བསྐྱལ་དགོས་ན། སྒམ་འདི་ཐང་དུ་བཞག་ནས་ངལ་ཞིག་གསོ། བག་ལེབ་བསྲེགས་མ་བླངས་ནས་རོ་ཙམ་མྱོང་བར་བྱེད་ཅེས་བཤད།

བུ་མོ་ཆུང་ཆུང་མཱ་ཧྲ་ཡིས་ཡང་སྒམ་ནང་ནས་སྐད་དེ་ཐོས་རྗེས། ངས་རིག་སོང་། ངས་རིག་སོང་། ཤིང་སྡོང་ཐོག་ཏུ་མ་བསྙེ། གོ་རེ་བསྲེགས་མ་མ་ཟ། མགྱོགས་མོར་ངའི་སྤོ་རྨོ་གཉིས་ལ་སྐྱོལ་ཅིག་ཅེས་བཤད།

དོམ་རྒན་ཐབས་ཟད་དེ་བུ་མོ་ཆུང་ཆུང་འདི་ཡི་མིག་ནི་ངོ་མ་རྣོན་པོ་རེད། འདི་ནས་ཀྱང་མོས་ཚང་མ་རིག་སོང་། ཞེས་བཤད་ཞོར་སྒམ་དེ་ཁུར་ནས་གོམ་པ་སྤོ་མགོ་བརྩམས། སོང་ནས་ཅང་མ་འགོར་བར་ད་ཐེངས་དོམ་ནག་དངོས་གནས་ཐང་ཆད་འདུག  ཁོས་ལ་དང་ལུང་པ་བརྒལ་བར་ཅི་འདྲའི་དཀའ་བ་ཨང་། བག་ལེབ་བསྲེགས་མ་རྒན་པོར་ཁྱིམ་དུ་བསྐྱལ་དགོས་ན། སྒམ་འདི་ཐང་དུ་བཞག་ནས་ངལ་ཞིག་གསོ། བག་ལེབ་བསྲེགས་མ་བླངས་ནས་རོ་ཙམ་མྱོང་བར་བྱེད་ཅེས་ལབ་པ་ན།

བུ་མོ་ཆུང་ཆུང་མཱ་ཧྲ་ཡིས་ཡང་སྒམ་ནང་ནས་ངས་རིག་སོང་། ངས་རིག་སོང་། ཤིང་སྡོང་ཐོག་ཏུ་མ་བསྙེས། གོ་རེ་བསྲེགས་མ་མ་བཟའ། མགྱོགས་མོར་ངའི་སྤོ་རྨོ་གཉིས་ཀྱི་སར་སྐྱོལ་ཅིག་ཅེས་བཤད།

དོམ་ནག་གི་སེམས་ལ་དོགས་པས་ཁེངས་ནས་དངོས་གནས་སྤྱང་གྲུང་ལྡན་པའི་བུ་མོ་ཆུང་ཆུང་ཞིག་རེད་འདུག་ཨང། ཁོ་མོ་ངོ་མ་འཛེགས་པ་མཐོ་ཞིང་ལྟ་རྒྱང་རིང་འདུག་ཅེས་འུ་ཐུག་གིས་སྒམ་དེ་ཁུར་ནས་མུ་མཐུད་དུ་མདུན་དུ་བསྐྱོད།

དོམ་རྒན་ད་གཟོད་ཏག་ཏག་སྡེ་བའི་ནང་དུ་སླེབས་སོང་། ཕར་བཙལ་ཚུར་བཙལ་ནས་བུ་མོ་ཆུང་ཆུང་གི་སྤོ་རྨོ་གཉིས་སྡོད་སའི་ཁང་པ་རྙེད་སོང་། དེ་ནས་ཁོས་ཤུགས་ཆེན་པོས་སྒོ་བརྡུངས་ཏེ“སྒོ་ཕྱེས། མགྱོགས་མོར་སྒོ་ཕྱེས། ངས་ཁྱེད་ཚོ་ལ་བུ་མོ་ཆུང་ཆུང་མཱ་ཧྲ་ཡིས་བཟོས་པའི་བྲོ་ཁ་བསྐྱལ་ནས་ཡོང་ཡོད”ཅེས་བཤད།

ཁྱིམ་གྱི་སྤོ་རྨོ་གཉིས་ཀྱིས་སྐད་དེ་གོ་དུས་འཇིགས་སྐྲག་རབ་ཏུ་སྐྱེས་ནས་འདི་ནི་དོམ་ནག་གི་སྐད་རེད་ཅེས་ལབ། སྐབས་དེར་ཁྱིམ་གྱི་རྔོན་ཁྱིས་དོམ་གྱི་དྲི་མ་ཚོར་ནས་སྐད་ཅིག་ལ་དོམ་གྱི་ཕྱོགས་སུ་མཆོངས། ཉེ་འཁོར་གྱི་དུད་ཚང་རྣམས་ཀྱི་རྔོན་ཁྱི་ཐམས་ཅད་ཀྱང་ཕྱོགས་བཞི་མཚམས་བརྒྱད་ནས་བརྒྱུགས་ཡོང་སྟེ་དོམ་ནག་སྟེང་འུར་འུར་ཞེས་སྐད་ཆེན་པོས་ཟུག

དོམ་ནག་སྐད་ཅིག་ལ་འཇིགས་སྐྲག་སྐྱེས་ཤིང་། ཐང་ཆད་པས་ཐབས་མེད་དུ་གྱུར། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཤིང་སྒམ་དེ་སྒོ་ཁར་གཡུགས་ནས་ནགས་གསེབ་ཏུ་བྲོས་སོང་། སྤོ་བོ་དང་རྨོ་བོ་གཉིས་སྒོ་ཕྱིར་བུད་རྗེས་སྒོ་ཁའི་ཤིང་སྒམ་མཐོང་ནས་རྨོ་མོ་ཡིས་ཤིང་སྒམ་འདིའི་ནང་དུ་ཅི་ཞིག་བཅུག་ཡོད་དམ་ཞེས་དྲིས་ཤིང་།སྤོ་བོས་ཤིང་སྒམ་དེའི་ཁ་ཕྱེ་ནས་བལྟས་པ་ན། སྐབས་དེར་ཁོ་པ་རང་ཉིད་ཀྱི་མིག་ལ་ཡིད་ཆེས་མ་ཕོད་དེ། བུ་མོ་ཆུང་ཆུང་དེ་སྐྱོན་མེད་བདེ་མོའི་ངང་སྒམ་ནང་དུ་བསྡད་ཡོད་པ་དང་། ད་དུང་དགའ་དགའ་སྤྲོ་སྤྲོའི་ངང་ནས་བསྡད་འདུག

སྤོ་བོ་དང་རྨོ་བོ་གཉིས་སེམས་པ་རབ་ཏུ་སྤྲོ་ཞིང་ཁོང་གཉིས་ཀྱིས་བུ་མོ་ཆུང་ཆུང་མཱ་ཧྲ་པང་དུ་བླངས་ནས་འགྲམ་པ་སྦྱོར་ཞོར་གཅིག་རྗེས་གཉིས་མཐུད་ཀྱིས་བུ་མོ་སྤྱང་གྲུང་ཅན་རེད་ཅེས་བསྟོད་བསྔགས་བྱེད་བཞིན་འདུག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།