ཀྲུང་གོ་བོད་ཀྱི་དྲ་བ།

ཡིན་ཡང་སྲིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷ་མོ་སྐྱིད་ཀྱིས་བསྒྱུར།

555.jpg

ང་ནི་གློག་བརྙན་ལ་དགའ་ཞིང་།

ང་ནི་ཞི་ལར་དགའ།

ང་ནི་ཧོར་ཐཱ་ཆུ་བོའི་①འགྲམ་རྒྱུད་ ཀྱི་མོན་སྡོང་②ལའང་དགའ།

ང་ནི་ཏཱེ་ཀི་སཱི་③ལ་དགའ་བ་དེ། ཐཱོ་སུ་ཐོ་ཡེ་ཧྥུ་སི་ཅིར་④དགའ་བ་ལས་བརྒལ་ཡོད་དེ།

མི་ཚོགས་ལ་དགའ་བ་དེའང་། མིའི་རིགས་ཀྱི་བརྩེ་བར་དགའ་བ་ལས་བརྒལ་ཡོད།

ང་ནི་ལག་གནས་སུ་ཁབ་སྐུད་ཅིག་འཇོག་རྒྱུར་ཡང་དགའ་ལ། དེ་ནི་དུས་ངེས་མེད་ཀྱི་མཁོ་བར་དམིགས་པ་ཡིན།

ང་ནི་སྔོ་ལྗང་ལ་དགའ་ཞིང་།

ང་ནི་ཡོད་ཚད་རྣམ་དཔྱོད་ཀྱིས་དཔྱད་ཚར་མེད་པའི་བྱིས་བློ་དེར་དགའ།

ང་ནི་གློ་བུར་ལ་དགའ་ཞིང་།

ང་ནི་སྔ་མོ་ནས་ཁ་བྲལ་བར་ཡང་དགའ།

ང་ནི་སྨན་པ་དང་མཉམ་དུ་འབྲེལ་མེད་ཀྱི་ཁ་བརྡ་བྱ་བར་དགའ་སྟེ།

ཆ་འགྲིག་ཏུ་བཅུག་སྟེ་རྒན་པོའི་ཚུལ་གྱིས་མེ་ཏོག་བཟོ་བར་ཡང་དགའ།

ང་ནི་སྙན་ངག་འབྲི་སྐབས་ཀྱི་ཁུངས་མེད་འཆལ་གཏམ་ལ་དགའ་བ་དེ། སྙན་ངག་མི་འབྲི་བའི་སྐབས་ཀྱི་ཟང་ཟིང་འགལ་འཛོལ་ལ་དགའ་བ་ལས་བརྒལ་ཡོད་ལ།

ང་ནི།    བརྩེ་དུང་ལ་ཆ་བཞག་ནས་བཤད་ནའང་། དུས་རྒྱུན་ངེས་མེད་དུ་ཅི་ཞིག་ལ་དྲན་གསོའི་ཚུལ་དུ་རོལ་བའི་གསོལ་ཚིགས་ཀྱི་རྣམ་པ་དེར་དགའ།

ང་ནི་ཅི་ཡང་ཁས་ལེན་མི་བྱེད་པའི་མི་བུ་རང་ག་བ་དེར་དགའ་ཞིང་།

ང་ནི་གཡོ་སྒྱུ་འདྲ་བའི་བརྩེ་བ་ལ་དགའ་བ་དེ། ཚད་ལས་འདས་པའི་ཡིད་ཆེས་ཆོག་པར་དགའ་བ་ལས་བརྒལ་ཡོད།

ང་ནི་སྟབས་བདེའི་ལྭ་བ་གྱོན་པའི་ས་ཡི་གོ་ལ་དེར་ཡང་དགའ་སྟེ།

ང་ནི་དབང་འོག་ཏུ་བཅུག་ཟིན་པའི་མི་རིགས་དེར་དགའ་བ་དེའང་། དབང་བསྒྱུར་བར་དགའ་བ་ལས་བརྒལ་ཡོད།

ང་ནི་ཡོད་ཚད་ཕྱིར་མི་མངོན་པ་ལ་དགའ་ཞིང་།

ང་ནི་འ་འུར་རྙོག་འཛིང་གི་བཙོན་ཁང་ལ་དགའ་བ་དེ། གྲལ་བསྒྲིགས་དག་གཙང་གི་བཙོན་ཁང་ལ་དགའ་བ་ལས་བརྒལ་ཡོད་དེ།

ཀཱི་ལེ་བྱིས་སྒྲུང་ལ་དགའ་བ་དེའང་།ཚགས་པར་གྱི་མདུན་ཤོག་ལ་དགའ་བ་ལས་བརྒལ་ཡོད།

ང་ནི། མེ་ཏོག་མེད་པའི་ལོ་མར་དགའ་བ་དེའང་། ལོ་མ་མེད་པའི་མེ་ཏོག་ལ་དགའ་བ་ལས་བརྒལ་ཡོད།

ང་ནི་རྔ་མ་མ་བཅོས་པའི་ཁྱིའུ་ལ་དགའ་ཞིང་།

ང་ནི་དྭངས་གསལ་གྱི་མིག་ཟུང་ལ་དགའ་སྟེ། རྒྱུ་མཚན། ངའི་མིག་འབྲས་ནི་ནག་པོ་ཡིན།

ང་ནི་དཔེ་སྒྲོམ་གྱི་འཐེན་སྒམ་ལ་དགའ་ཞིང་།

ང་ནི་འདིར་མ་གླེང་བའི་བྱ་དངོས་ལ་དགའ་བ་དེའང་།ངས་མ་བཤད་པའི་བྱ་དངོས་ལ་དགའ་བ་ལས་བརྒལ་ཡོད་དེ།

རང་དབང་ཅི་དགར་གནས་བའི་ཀླད་ཀོར་ལ་དགའ་བ་དེའང་། ཨ་རབ་ཨང་ཀི་རྗེས་སུ་གྲལ་བསྒྲིགས་ཡོད་པའི་ཀླད་ཀོར་ལ་དགའ་བ་ལས་བརྒལ་ཡོད།

ང་ནི་སྡོང་སྐམ་གྱི་ཐོག་ལ་རང་དགར་རྡུང་རྒྱུར་དགའ་སྟེ།

ད་དུང་དུས་ནམ་ཞིག་ལ། ད་རུང་ཅི་ཙམ་ཞིག་འདུག་ཅེས་མི་འདྲི་བ་དེ་ལའང་དགའ།

ད་ནི་འདི་འདྲ་བ་ཞིག་ཡིད་ལ་འཛིན་རྒྱུ་དགའ་སྟེ།

——— ཡིན་ཆོག་པའི་རྒྱུ་རྐྱེན་གཞན་ལས་མི་བཙལ།


རྩོམ་པ་པོ་ངོ་སྤྲོད།

d4628535e5dde711865207daa5efce1b9d16611d.jpg

    ཞིའི་པཱོ་སི་ཁཱ། (Wislawa Szymborska,1923--2012) ནི་ཕོ་ལན་གྱི་བུད་མེད་སྙན་ངག་པ་ཞིག་ཡིན་ཞིང་། ཁོ་མོ་ལ་ནོ་པེར་གྱི་རྩོམ་རིག་བྱ་དགའ་ཡང་ཐོབ་མྱོང་། དེ་ཡང<<ཡིན་ཀྱང་སྲིད>>ཅེས་པའི་སྙན་ངག་འདི་ལས་ཁོ་མོས་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་འཚོ་བའི་མོས་པ། སྐྱེ་འགྲོའི་གཤིས་ལུགས་ཀྱི་ངེས་རྟོག་སོགས་ལྷང་ངེར་མཚོན་ཡོད་ལ། རང་དབང་དང་བྱམས་སེམས། ཚེ་སྲོག་ལ་མོས་པའི་སྒེར་གཤིས་ཀྱང་མངོན་ཡོད།ཁོ་མོས་བསམས་པར་འཚོ་ཆོག་པ་ནི་བྱ་དངོས་ཐམས་ཅད་ཀྱི་ལས་སྐལ་ཡིན་ཏེ། དེ་ལ་བརྩི་འཇོག་བྱ་དགོས་ཤིང་། ཚེ་སྲོག་རེ་རེའམ་བྱ་དངོས་སོ་སོ་ནི་མི་ཡུལ་འདིའི་ཆེས་ཡི་གར་འོང་བའི་ཆ་དེ་ཡིན་ལ། དེ་དག་ནི་སྣ་ཚོགས་སུ་གནས་ཡོད་པའི་ཡི་འོང་དེ་ཡིན་ངེས་ཤིང་།འཚོ་ཆོག་པ་དང་ཡིན་ཆོག་པའི་རྒྱུ་རྐྱེན་དེའང་གཞན་ལས་འཚོལ་མི་དགོས་པར་འདོད།


མཆན།

    ①ཧོར་ཐཱ་ཆུ་བོ ( Warta) ཕོ་ལན་ནུབ་རྒྱུད་དུ་ཡོད་པའི་ཆུ་བོ་ཞིག

    ② མོན་སྡོང (Oaks ) རློན་སར་སྐྱེས་པའི་ཤིང་སྡོང་གི་རིགས་ཤིག

    ③ ཏཱེ་ཀི་སཱི (Dickens) དུས་རབས་བཅུ་དགུ་བའི་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཞིག

    ④ཐཱོ་སུ་ཐོ་ཡེ་ཧྥུ་སི་ཅི (Dostoyevsky) དུས་རབས་བཅུ་དགུ་བའི་ཨུ་རི་སུའི་རྩོམ་པ་པོ་གྲགས་ཅན་ཞིག

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།