ཀྲུང་གོ་བོད་ཀྱི་དྲ་བ།

རྫུ་འཕྲུལ་ཤེས་པའི་རྔ་མཁན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅང་ཉི·ལུའོ་ཏ་ལི་ཡིས་བརྩམས། ཡུམ་སྒྲོལ་མས་བསྒྱུར།

གནའ་སྔ་མོར་གཡུལ་ས་ནས་ཕྱིར་ཕ་ཡུལ་ལ་ལོག་པའི་རྔ་མཁན་ཞིག་ཡོད་ལ་ཁོ་རང་ཧ་ཅང་དབུལ་པོ་ཞིག་ཡིན།རྔ་ཞིག་མ་གཏོགས་རྒྱུ་ནོར་དུ་རློམ་ཆོག་པའི་དངོས་པོ་ཅི་ཡང་མིད་རུང་ཁོ་རང་ནམ་ཡང་སྤྲོ་དགའི་ངང་འཚོ་བཞིན་ཡོད།ཉིན་ཞིག་རྔ་མཁན་དེ་ཨ་ཕྱི་རྒན་མོ་ཞིག་དང་འཕྲད་པས། ཨ་ཕྱི་དེས་གསར་བུ།ང་ལ་དོང་ཙེ་འགའ་སྦྱིན་ན་ཨེ་ཆོག་ཅེས་དྲིས།རྔ་མཁན་གྱིས་རང་གི་ཁུག་མ་བསློགས་ཀྱང་དོང་ཙེ་མིད་པས།ང་ལ་སྒོར་མོ་མིད་ཅེས་བཤད་ཀྱང་ཨ་ཕྱི་དེས་ད་དུང་བཙལ་དགོས་པའི་རེ་བ་ཞུས།རྔ་རྡུང་མཁན་གྱིས་མུ་མཐུད་དུ་བཙལ་བར་དུང་ཙེ་གཅིག་ཪྙེད་བྱུང་བས་ཡ་མཚན་སྐྱེ་ཞོར་སེར་སྣ་ཅི་ཡང་མིད་པར་ཨ་ཕྱི་དེར་བྱིན།ཨ་ཕྱི་དེས་བཀའ་དྲིན་ཆེ་ཟེར་ཞོར་རྔ་རྡུང་མཁན་གྱི་ལག་མཐིལ་ལ་ཕུ་བཏབ་སྟེ་ཁོ་ལ་རྫུ་འཕྲུལ་གྱི་ནུས་མཐུ་ཆུང་ཆུང་ཞིག་བྱིན་ལ།ཁྱེད་ཀྱིས་རྔ་རྡུང་སྐབས་མི་ཚང་མ་བྲོ་ལྡིང་སྲིད་ལ།གལ་ཏེ་ཁྱོད་ཀྱིས་མཚམས་བཞག་པ་མིན་ན་ཁོ་ཚོས་རང་དགར་མཚམས་འཇོག་མི་ཐུབ་ཟེར།རྔ་མཁན་གྱིས་ཨ་ཕྱི་དེར་བཀའ་དྲིན་ཞུ་ཞོར་མུ་མཐུད་དུ་ལམ་ལ་ཆས།གློ་བུར་དུ་ནགས་གསེབ་ཅིག་ནས་ཇག་པ་གསུམ་བརྒྱུགས་ཡོང་སྟེ།མྱུར་དུ་སྒོར་མོ་ཚང་མ་ང་ཚོར་བྱིན།དེ་མིན་ང་ཚོས་ཁྱེད་ཀྱི་སྲོག་ལེན་རྒྱུ་ཡིན་ཞེས་བཤད། རྔ་མཁན་གྱིས་ང་ལ་སྒོར་མོ་མིད་ཅེས་ལན་བཏབ་པར་ཇག་པ་གསུམ་པོས་ཁོའི་ལུས་ཡོངས་ལ་སྔོག་བཤེར་བྱས།འོན་ཀྱང་སྒོར་རྡོག་གཅིག་ཀྱང་མ་ཪྙེད་པས“ངོ་མ་སྤྲང་རྒན་ཞིག་རེད།འོ་ན་ལག་གི་རྔ་དེ་ང་ཚོར་བྱིན”ཞེས་བཤད།སྐབས་དེར་རྔ་པའི་སེམས་ལ་ཨ་ཕྱི་དེས་རང་ལ་རྫུ་འཕྲུལ་གྱི་མཐུ་ནུས་བྱིན་པ་དྲན་བྱུང་བས།“རྔ་འདི་ལོ་མང་པོར་ང་དང་འགྲོགས་འོངས་པ་ཡིན་པས་ངས་ཐེངས་གཅིག་བརྡུངས་རྗེས་ཁྱེད་ཚོར་བྱིན་ན་ཨེ་ཆོག”ཅེས་དྲིས་པར།ཇག་པ་ཚོ་འཐད་པ་བྱུང་།ཏིང་ཏིང་ཏིང་།རྔ་པས་ཤུགས་ཀྱིས་བརྡུངས།ཇག་པ་ཚོ་རྔ་སྒྲ་དང་མཉམ་དུ་བྲོ་ལྡིང་བྱུང་།ཧ་ཧ།རྫུ་འཕྲུལ་གྱི་ནུས་པ་ཐོན་བྱུང་།ཅུང་ཙམ་འགོར་རྗེས་ཇག་པ་གསུམ་པོ་ཐང་ཆད་དེ་མཚམས་འཇོག་པར་འདོད་ཀྱང་རྫུ་འཕྲུལ་གྱི་དབང་གིས་ཁོ་ཚོ་མུ་མཐུད་དུ་ལྡིང་དགོས་བྱུང་།སྐབས་དེར་རྔ་མཁན་གྱིས་རྔ་རྡུང་ཞོར་བུད་སོང་མོད་རྔ་སྒྲ་ཐོས་མི་ཐུབ་སར་འགྲོ་རག་བར་དུ་ཁོ་ཚོས་ད་དུང་མཚམས་འཇོག་མ་ཐུབ་པས་ཐང་ཆད་དེ་ཐང་དུ་འགྱེལ་འགྲོ་བའི་ཚད་ལ་ལྷུང་སོང་།

རྔ་མཁན་མུ་མཐུད་དུ་སོང་བ་ན་རྔོན་པ་ཞིག་གིས་འཇོལ་མོ་ཞིག་གསོད་རྩིས་བྱེད་བཞིན་པ་མཐོང་བས་རྔ་བརྡུངས་ཙ་ན་རྔོན་པས་མི་མདའ་སར་གཡུགས་ཏེ་བྲོ་ལྡིང་བྱུང་ལ་འཇོལ་མོའང་འཕུར་སོང་། རྔོན་པ་ཁོང་ཁྲོ་ལངས་ཏེ་རྔ་མཁན་དེར་བསམ་ཞིག་ཤེས་སུ་འཇུག་དགོས་བསམ་བཞིན་ཉེ་སར་བཅར་བར་རྔ་པས་ཡང་བསྐྱར་རྔ་རྡུང་མགོ་བརྩམས་ཤིང“ངའི་ཁ་ལ་ཉོན།རྗེས་ཕྱོགས་ནས་བྱ་མ་གསོད”ཅེས་བཤད།རྔོན་པ་བྲོ་ལྡིང་ཞོར་དང་ངུ་ཞོར་གྱིས་ངས་ཁྱེད་ལ་ཁས་བླངས་པ་ཡིན་ཞེས་བཤད་པས་རྔ་མཁན་གྱིས་ཀྱང་རྡུང་མཚམས་བཞག་སྟེ་མུ་མཐུད་དུ་སྔོན་ལ་སོང་།

རྔ་མཁན་གྱིས་ཡང་ཞིང་པ་ཞིག་གིས་བོང་བུ་ལ་ལྕག་གིས་འབྲབ་བཞིན་པ་མཐོང་ལ་བོང་བུས་ན་ཟུག་མ་བཟོད་པར་རྐང་པ་ས་ལ་སྡེབ་བཞིན་ཡོད་པས་སྙིང་རྗེ་སྐྱེས་ཏེ།རྔ་རྡུང་མགོ་བརྩམས་པས་ཞིང་པས་རྟ་ལྕག་སར་གཡུགས་ཏེ་བྲོ་ལྡིང་བྱུང་།ཅུང་མ་འགོར་བར་ཐང་ཆད་དེ་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་བཞིན་དུ་རྔ་མཁན་ལ་ཞུ་བ་བྱས་ཤིང་རྗེས་ཕྱོགས་བོང་བུ་ལ་མནར་གཅོད་མི་གཏོང་བའི་ཁས་ལེན་བྱས།

རྔ་པ་དེ་ལྟར་སོང་གིན་སོང་གིན་དུ་མི་ལ་ལས་གནས་ལུགས་དང་མི་མཐུན་པའི་དོན་དག་མང་པོ་སྒྲུབ་བཞིན་པ་མཐོང་ལ་དེའི་ཁྲོད་དུ་མི་བཟང་ལ་གཞན་གྱིས་བཪྙས་བཅོས་བྱེད་ཀྱིན་པ་ཡང་ཧ་ཅང་མང་བས་ཁོས་དེ་དག་རེ་རེ་བཞིན་ཐག་གཅོད་བྱས་ཏེ་ཡུལ་ལའང་འགྲོ་མ་ཐུབ་ཀྱང་ཁོས་ས་གང་ནས་མི་གཞན་ལ་རོགས་རམ་བྱེད་ཐུབ་ན་དེ་ནི་ངའི་ཕ་ཡུལ་ཡིན་བསམ་བཞིན་མི་མང་པོ་ཞིག་ལ་རོགས་རམ་བྱས་སོ།།

སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།