ནམ་ཞིག་ཁྱེད་རང་རྒས་གྱུར་ན།

ཡའེ་ཀྲིས་བརྩམས། སྒང་ལམ་པས་བསྒྱུར།(ལན་གྲུ།)

ནམ་ཞིག་ཁྱེད་རང་རྒས་ནས་དབུ་སྐྲ་དཀར་པོར་གྱུར་པའི་ཚེ།
གཏི་མུག་གཉིད་ཀྱིས་འཐིབས་ཏེ་མེ་ཐབ་གམ་ནས་ཙོག་པར་བསྡད།
ཁྱེད་ཀྱིས་སྙན་དེབ་འདི་ཉིད་ཐོགས་ཏེ་དལ་གྱིས་ཀློག་པར་བརྩམས།
གཞོན་པའི་དུས་ཀྱི་མཛེས་བའི་ཟུར་མིག་དྲན་ཞིང་འཚོལ་བཞིན་དུ།
སྔར་བྱུང་འདས་དོན་དག་དང་མཛེས་གཟིགས་བློ་ངོར་འཆར་པར་རེ།

གཞོན་ཤར་མང་པོས་བཅོས་མའི་ཉམས་སམ་ལྷག་བསམ་ཚུལ་བསྟན་ནས།
ཁྱེད་ཀྱི་ལང་ཚོའི་དཔལ་དང་མཛེས་བའི་བཞིན་ལ་སྨོན་ན་ཡང་།
ཁོ་བ་གཅིག་ཉིད་ཁྱེད་ཀྱི་རང་དབང་སྙེག་པའི་དད་འདུན་དང་།
སྐྱིད་སྡུག་ལོ་ཟླས་ཁྱེད་ཀྱིས་གདོང་ལ་བཏབ་པའི་གཉེར་མར་དུངས།

མེ་ལྕེ་མཆེད་པའི་ཐབ་གའི་དྲུང་ནས་མགོ་བོ་སྨད་ཙ་ན།
ཤབ་ཤུབ་ངག་ནས་ལྷད་མེད་བརྩེ་བ་བཞུད་ཚུལ་ལབ་པའི་ཚེ།
བརྩེ་དུང་དེ་ཉིད་རྫ་མགོའི་སྨུག་ལོང་བཞིན་དུ་སྔ་ནས་ཡལ།
སྐོར་ཚོགས་བཀྲ་བའི་དབུས་ནས་ཞལ་རས་ལ་ནི་ཇི་ལྟར་སྦས།   

༢༠༡༦ལོའི་ཟླ༡ཚེས༢༢ཉིན་བསྒྱུར།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།