ང་ནས་བྲིས།

ཞི་བདེ་ཉི་མ།

སྐྲག་མི་དགོས།

སྐྲག་མི་དགོས།

སྒམ་ཆུང་དེ་ནམ་མཁའ་ནས་ལྷུང་ཡང་།

དེའི་ནང་གི་དྲག་ཆས་སྔ་མོ་ནས་རྒས་ཟིན།

ཁྱོད་ཀྱིས་མུ་མཐུད་དུ་སྔོག་བཤེར་བྱོས་དང་།

མཚན་བྱང་ཙམ་ལས་ཅི་ཡང་རྙེད་མི་སྲིད།

སྐུ་དྲག་དེ་ཞོགས་པར་ཡར་ལངས་ཏེ།

རིའི་རྩེ་མོ་ནས་སྒམ་ཆུང་དེར་གད་དར་བྱེད་ཅིང་།

སྒམ་ཆུང་དེའི་དཔའ་མཛངས་ཅི་དགར་བསྒྲག་ཀྱང་།

རྒྱལ་སྲས་དག་གིས།

ཁྱིམ་གཞིས་ལས་སྣང་བརྙན་ཅི་ཡང་མ་མཐོང་།

སྒམ་ཆུང་དེའི་ཆེད་དུ།

སྐུ་དྲག་ཚོ་གསང་སྟབས་ཀྱིས་འདས།

ཉི་ཤར་དང་ཉི་ནུབ་ལན་མང་འཁོར་ཀྱང་།

མཁར་གྲོང་ལས།

མྱ་ངན་གྱི་སྣང་ཚུལ་ཅི་ཡང་མ་ཐོས།

ཡིན་ཡང་སྒམ་ཆུང་དེར་གཟབ་གཟབ་བྱེད་དགོས།

རྒས་ཟིན་པའི་དྲག་ཆས་ལའང་གཟབ་གཟབ་བྱེད་དགོས།

ནགས་ཚལ་ཁྲོད།

མི་ལ་ལས་གླུ་ལེན་བཞིན་ཡོད།

དེ་ནི་སེམས་ཁྲལ་ཞིག་གམ།

ཡང་ན་ཚོད་ལྟ་གཞན་ཞིག་རེད།

སྐྲག་མི་དགོས།

ང་ཚོ་ཡུལ་འདིའི་ཞག་སྡོད་པ་ཡིན།

མཚན་གཅིག་གི་རྨི་ལམ་དེའི།

ཁྱོད་ལ་ཁག་འཁུར་ཅི་ཡང་མི་དཀྲི

སྒམ་ཆུང་དེར་སྔོག་གཤེར་བྱེད་ཐེངས་རེར།

ནམ་མཁའ་ནས་བྱ་ཁྱུ་མང་པོས་ངོ་མཚར་གྱི་ཀུ་ཅོ་འདོན་ངེས།

དེ་དུས།    ཁྱོད་ཀྱིས་གཞས་གཏོང་སྟངས་བསྒྱུར་དགོས་ལ།

གོམ་འདེགས་ཅི་ལྟར་ལེན་རྒྱུར་བསམ་བློ་གཏོང་དགོས།

སྐྲག་མི་དགོས།

ཁྱོད་ཀྱི་མགྲིན་པ་ཤིན་ཏུ་བདེ་བོ་འདུག

ཁོས་གཞས་གཏོང་བར་འཚེར་སྣང་ཅི་ལ་བྱེད།

ང་ཚོའི་སྔས་འགྲམ་དུ་མཛེས་སྡུག་གི་ཕོ་བྲང་ཅི་ལྟར་མང་ཡང་།

བུད་མེད་ཚོའི་ཐུགས་ཁུར་འོག

རྣོ་དབལ་གྱི་གཞས་གདངས།

དུས་སྟོན་གྱི་རྒྱབ་ནས་བཏང་ཡང་ཆོག

སྐྲག་མི་དགོས།

མཚན་མོར་མི་སུས་ཀྱང་རྨི་ལམ་རྨིས་ཆོག་ལ།

ལམ་ཆེན་སྟེང་།

ང་ཚོའི་དཔེ་རིས་ཅི་དགར་བྲིས་ཆོག

ལོ་དུ་མའི་རྗེས་སུ།

ཁྱོད་ཀྱི་ཕ་གཞིས་ལ་སྒམ་ཆུང་ཞིག་ཟགས་ཡོང་།

དེ་དུས་ཁྱོད་ཀྱིས་ཧ་ཅང་བག་ཡོད་ངང་།

གཞས་གདངས་རེ་རེ་འཚར་ལོངས་བྱུང་བར་དྲན་གསོ་བྱེད་དགོས་ལ།

རྒས་འཁོགས་ཀྱི་བང་མཛོད་དག

རྒྱུན་འཁྱོངས་བྱེད་པར་གཟབ་གཟབ་བྱེད་དགོས།

སྐྲག་མི་དགོས།

ང་ཁྱོད་དང་མཉམ་དུ་ཅི་ཙམ་བར་གནས་བར་བྱ།

ངས་ཁྱོད་དང་ལྷན་དུ་ཅི་ཙམ་བར་གཟོད་པར་བྱ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།