སྐུ་དྲག་ཚོའི་ཉི་ནུབ།

 —གུ་གེ་རྒྱལ་རབས་ཀྱི་ཉམས་དམས་ལ།

ཞི་བདེ་ཉི་མ།

དེའི་རྐྱེན་གྱིས། རི་བོ་དེ་སྔར་བཞིན་འདུག་ལ།

གནའ་མཁར་དེ་སྔ་མོ་ནས་ཡལ་སོང༌།

སྐུ་དྲག་ཚོའི་ཁེངས་དྲེགས། དུས་སྐལ་གང་ཞིག་གི་ཕམ་ཁ་བཞིན།

དབུལ་ཕོངས་ཀྱི་དུས་ཚིགས་ནང༌། ཉམས་ཞན་གྱིས་ཆས།

སྐུ་དྲག་ཚོ་གཤར་རྗེས།

གནའ་མཁར་གྱི་བར་སྣང་དུ། ཉི་མ་སྔར་བཞིན་ཤར།

རྒོད་པོ་ཁ་ཤས་ཁེངས་སྐྱུང་གིས་འཁོར།

ད་དུང༌།སྟོན་རླུང་འབྱོར་ཕྱུག་གིས་གཡུག་ཀྱང༌།

ལོ་ཏོག་དང་ལྷ་རྔའི་སྣང་ཚུལ་ཅི་ཡང་མ་མཐོང༌།

དེའི་རྐྱེན་གྱིས། རི་བོ་དེའི་ཁ་གཏད་ནི། ཟླ་བ་ལྟར་འཁྱག

ནང་རྩོད། ནད་ཡམས།ཡང་ན་ལྐོག་ཤོམ་ཞིག་གི་ནོར་འཁྲུལ་གྱིས།

སྐུ་དྲག་ཚོའི་ཞོགས་པ་ནི་ཇི་འདྲའི་སྟོང་ཞིང་སྐྱོ།

ད་ནི། ཕོ་བྲང་གི་སྒྲོན་མེའི་ངོགས་ན། བྲན་མོའི་ཆང་གཞས་མེད།

སྐུ་དྲག་ཚོའི་ཧབ་ཆ། འཐོར་རླུང་གི་བྲན་ལྟར་འཁྱམས།

སྐར་ཚོམ་ཉི་ཤུའི་དར་རྒུད་དང་མན་ངག་ཟབ་མོ།

རི་བོ་དེས་དབེན་ཐིང་གིས་ཉར་ཡང༌།

དུས་འདིར། རྒྱལ་ཆེན་སུ་ཞིག་གིས་ང་ཚོར་ར་སྤྲོད་བྱེད་ཐུབ།

གནའ་མཁར་གྱི་དགོང་དྲོར། མཚམས་སྤྲིན་ཧ་ཅང་དམར།

བྱ་ཚོགས་དག་གིས་ཡིད་ཚིམ་པའི་སྐད་སྒྲ་སྣ་ཚོགས་འབྱིན།

དུས་འདིར།དབང་སྒྱུར་ཚོའི་འཇོན་ཐང་ནི་ཇི་འདྲའི་སྐྱི་གཡའ་ཞིང༌།

ཁོ་ཚོའི་གཞུང་དྲང་གི་བང་སོ་ཇི་བཞིན་སྟོང༌།

དེའི་རྐྱེན་གྱིས།རི་བོ་དེ་སྔར་བཞིན་གནས་ལ།

སྐུ་དྲག་ཚོའི་ཉི་ནུབ་དམར་པོ།

ས་ཆེན་འདིའི་ངལ་གསོ་ཇི་བཞིན།

རིགས་རྒྱུད་གང་ཞིག་གི་བྲང་ངོས་ན་འབར།

95.6.1བྲིས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།