རྒོད་པོ་འཕུར་སོང་།

ཞི་བདེ་ཉི་མ།

སྨུག་པ་དེ་ཡལ་རྗེས།
རྒོད་པོ་དེ་སྔ་མོ་ནས་འཕུར་ཚར།
རི་དེ་ཆག་གྲུམ་ཅི་ཡང་མེད་པར།
རྔམ་བརྗིད་ངང་ང་ལ་བཞག་སོང་།
གཞིས་དེ་དབེན་ཐིང་ངེར་ང་ལ་བཞག་སོང་།

 

རྒོད་པོ་དེ་འཕུར་རྗེས།
ང་ཧ་ཅང་བརྟན།
གླུ་བླངས་པའི་ལོ་ཟླ །
ཐང་ཆེན་པོའི་ལོ་ཟླ།
ནགས་ཚལ་གྱི་ལོ་ཟླ།
ད་དུང་ངའི་རུ་སྡེ་ན་འགྲོ

 

སྨུག་པ་དེ་ཡལ་རྗེས།
ང་གཞི་ནས་སད་བྱུང་བ་འདྲ།
ངས་ཀི་ཅོ་ཞིག་འདོན་དགོས།
རྒོད་པོ་དེས་ཐེངས་ཤིག་ཉན་རྗེས།
བྲག་ཐེམ་ལ་བསམ་བློ་གཏོང་ངེས།
རྒོད་པོ་དེ་འཕུར་རྗེས  ། 
ལྕམ་སྲིང་དག་གིས་རི་སྒང་གི་སྨུག་ཞགས་ཁྲོད།
རང་ཉིད་ཀྱི་རླུང་རྟ་ག་ལེར་གཏོར།
དེ་ནི་ཁྱོད་འཕུར་ཤུལ་གྱི་དགོས་མཁོ་རེད།
དེ་ནི་ང་ཐང་ཆད་པའི་ཁ་གསབ་རེད།

 

རྒོད་པོ་དེ་འཕུར་ཤུལ་དུ།
ངས་ཞེ་འཁོན་གང་ཡང་གླེང་མ་མྱོང་།
རླུང་གི་རྒྱུ་ཕྱོགས་དེས།
ང་ལ་སེམས་གསོ་ཕྲན་བུ་གནངས།

 

རྒོད་པོ་དེ་འཕུར་རྗེས།
ང་ལ་ཆག་སྒོ་གང་ཡང་མ་བྱུང་།
ངས་ཉི་ཤར་དང་ཉི་ནུབ་ཀྱི་འཁོར་བསྐྱོད་ཁྲོད།
སྒོ་མོ་དེ་ལན་གང་མང་ལ་ཕྱེས་ནས།
བྱ་ཁྱུ་དེའི་འཕུར་སྟངས་ལ་མཛུབ་རྩིས་ལན་མང་བརྒྱབ།

2005-8-28ཉིན

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།