ཤ་ཟ་མཁན་དག

ཞི་བདེ་ཉི་མ།

ངས་ཤ་མི་ཟ་ཟེར་ན་སྤྱང་ཀི་དག་གིས་ལབ་གླེང་ཅི་འདྲ་བྱེད།

ངས་ཀྱང་ཁྱོད་ཚོར་ཕྱིར་ལན་ག་འདྲ་ཞིག་སྤྲོད།

སྐྲག་མི་དགོས། ཁུ་སིམ་མེར་ཉོན་དང་།

ངོ་མཚར་བའི་བྱ་དངོས།

གནམ་འོག་འདིར་ཅི་འདྲའི་མང་པ་ལ།


ཤ་ཟ་ཚེ། ང་ལ་བཟོ་ལྟ་ཡོད་སྲིད།

སྐྱུག་བྲོ་བའི་བཟོ་ལྟ།

སྙིང་ཉེ་བའི་བཟོ་ལྟ།

ཡ་མཚར་བའི་བཟོ་ལྟ།

ཡང་ན་ཁྱོད་ལ་མཁོ་བའི་བཟོ་ལྟའང་ཡོད་སྲིད།


མི་རྣམས་ཀྱིས་རི་བོ་འདིའི་མདུན་དུ།

ཤ་ཟ་བཞིན།

སྙིང་རྗེ་སྒོམ་བཞིན།

འཚོ་བ་རོལ་བཞིན་ཡོད།

ངས་ཀྱང་ཤ་ཟ་བཞིན།

གད་མོ་དགོད་བཞིན།

ལྡེ་མིག་སྤར་གང་བཟུང་ནས།

རང་ལ་སྙིང་ཉེ་བའི་ན་ཟུག་གཏོང་བཞིན་ཡོད།


ཤ་ཟ་མཁན་དག

ངའི་མདུན་དུ་འཚང་ཁ་ཤིག་ཤིག

ཤ་ཟ་མཁན་དག

མདུན་ལྗོངས་གང་ཞིག་གི་རམ་འདེགས་སུ།

ཕྱིར་ལྟས་དང་དོགས་སྣང་མེད་པར་འགྲོ་ཞིང་།

ང་ནི་ཁོ་ཚོའི་གཤོགས་པ་ཇི་བཞིན།

དུས་ཚོད་མེད་པར།

ནམ་མཁའ་མེད་པར།

རྟ་དང་མདའ་གྲི་མེད་པར།

མདུན་ནས་མདུན་དུ་འཕུར་བཞིན་ཡོད།


ཤ་ཟ་བའི་སྲོག་ཆགས་ཁ་ཤས་ཀྱང་།

ངའི་ཁོར་ཡུག་ཏུ་འཚང་ནས།

རང་ཉིད་ལ་འཚོ་སྟངས་སྒྲིག་བཞིན།

ཀི་ཅོ་འདོན་བཞིན།

འཛུམ་མདངས་སྟོན་བཞིན།

འགྲེ་ལོག་རྒྱག་བཞིན།

རྡོག་ཁྲེ་འཁུར་བཞིན་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད།


དགོད་བྲོ་བ་ལའང་།

ངས་ཤ་མི་ཟ་ཟེར་ན་སྤྱང་ཀི་དག་གིས་ང་ལ་ཅི་ཟེར་རམ།

2005.5.24ཉིན་ཟི་ལིང་ནས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།