ལུག་ཁྱུ་ཞིག་གི་འཚོ་སྟངས།

—གློག་བརྙན《མི་གསོད་གཤེད་མ》བལྟས་རྗེས།

ཞི་བདེ་ཉི་མ།

རྐང་ལམ་གྱི་འཕར་རྩ་བཞུར་མགོ་བརྩམས་པ་ནས།

ལུག་ཁྱུ་དེས་ནམ་མཁའ་དང་གྲིབ་གཟུགས་སྔས་སུ་བསྟེན།

གཏམ་རྒྱུད་མང་པའི་སྤང་ཐང་དེ་ལ་ཉན་བཞིན།

ནགས་ཚལ་གྱི་གསང་ཚིག་འབར་བའི་མཚན་ལྗོངས་ལ་བལྟས།

གཙང་ཆུ་དང་དབྱར་ཀའི་སྐོར་བྲོར་འཇུས།

སྙན་འཇེབས་མེད་པའི་ལོ་ཏོག་ལ་རྔུལ་ཆུ་གཏོར།

རེ་ཞིག་ལག་ངར་དང་བདེན་ལུགས་ཕྱར་བས།

རྐང་ལམ་སྟེང་མེ་ལྕེའི་ཚོགས་ལ་གཡོ་འགུལ་བྱུང་།

མེ་དཔུང་དང་ས་ནག་ཁྲོད་འཚང་པའི་ལུག་ཁྱུས།

སྔར་བཞིན་མཚམས་སྤྲིན་མེད་པའི་ཞོགས་པ་ལ་རྒྱང་གླུ་ལེན།

སྔར་བཞིན་མནར་གཅོད་མང་བོའི་ལྷས་རའི་ནང་མི་ཆུ་འཐུང་།

ཞི་འཇམ་གྱི་འབའ་དབྱངས།

ཚ་དྲོད་འབར་བའི་སྨྲ་བརྗོད།

ཉི་མས་ཁྱེར་ནས་ཡང་ཡང་དུར་ཁྲོད་དུ་བསྙེགས།

གྲགས་འགུལ་མང་པོའི་ཕ་ཡུལ་དུ།

ལུག་ཁྱུ་དེས་རི་ཆེན་ཉིལ་བའི་སྒྲ་ལ་ཉན་བཞིན།

ཐང་ཆེན་དུ་སྤྱང་ཚོགས་དང་དཔུང་ཤ་བརྡར།

དུས་དེར།

སླར་ཡང་གཙང་ཆུ་དམར་པོ་ཐེངས་ཤིག་བཞུར།

དམར་དྲི་བྲོ་བའི་ས་སྲོད་ཀྱིས་ཀྱང་ཡང་བསྐྱར་སྨྲེ་ངག་བཏོན།

1993.5.7ཉིན་བྲིས།

 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།