ས་ཆུ་མེ་རླུང་།(ཨང་གསུམ་པ།)

微信图片_20190919171848.jpg

དངོས་མིང་ལ་ཆོས་སྐྱོང་སྐྱབས་སུ་འབོད་ཅིང་། ལོ་རབས་དགུ་བཅུའི་དཀྱིལ་གྱི་དགུན་གཞུང་ཞིག་ལ་མདོ་སྨད་ཀན་ལྷོའི་མཛོད་དགེའི་སོག་རུ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་མཐར་ཕྱིན་ཏེ2013ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་དངོས་གཞི་རིམ་པར་ཞུགས། 2017ལོར་སློབ་གྲྭ་དེ་ནས་མཐར་ཕྱིན་ཏེ་བོད་ལྗོངས་སློབ་ཆེན་དུ་ཤེས་རམས་པའི་བསླབ་གནས་གཉེར། ད་ལྟ་སློབ་གྲྭ་དེ་གར་བོད་ཀྱི་རྣམ་ཐར་རྩོམ་རིག་གི་ཆེད་ལས་ལ་སྦྱོང་མུས་མཆིས། །

ས་ཆུ་མེ་རླུང་།

  (ལྷ་ས) ཆོས་སྐྱོང་སྐྱབས།

ས་ཡི་ལུས་པོར་ཆུ་ཡི་ཟུངས་ཁྲག་འཁོར།། མེ་ཡི་དྲོད་ལ་རླུང་གི་རྣམ་ཤེས་ཅན།། འབྱུང་བཞིའི་རྟེན་འབྲེལ་འགྲིག་པའི་གོ་ལ་འདི།། སྐྱེ་རྒུའི་ཚེ་སྲོག་བསྐྱེད་པའི་མ་ཡུམ་ཡིན།། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བཀྲ་ཤིས་ཤིང་ནང་བཅུད་ཀྱི་སེམས་ཅན་ལ་གཡང་འཁྱིལ་བ་སྟེ། ཕྱི་ནང་གི་མཛེས་པ་དང་ལེགས་ཚོགས་མཐའ་དག་ནི་འབྱུང་བཞིའི་བསྐྱེད་འབྲས་སུ་འཁུམས་པས། ས་ཆུ་མེ་རླུང་ནི་ཚེ་སྲོག་གི་ཐོག་མ་དང་འཇིག་རྟེན་འདིའི་བྱེད་པོ་ཡིན།

འཇིག་རྟེན་བྱེད་པོ་དག་གིས་ཐོག་མར་ཁ་བསྡུར། དེ་རྗེས་གྲོས་བསྡུས། མཐའ་མར་བརྡར་ཤ་བཅད་ནས་འཇིག་རྟེན་འདི་སྒོར་སྒོར་སྒོང་དབྱིབས་ཤིག་ཏུ་བཟོས་པ་མིན་ཡང་། ཐམས་ཅད་ལས་ཀྱི་དབང་གིས་བསྐལ་བ་གྲངས་མེད་ཀྱི་སྔ་རོལ་ཏུ། ཅི་ཡང་མེད་པའི་སྟོང་བའི་དབྱིངས་ལ་ཟིལ་བ་ཁྲོམ་ཙམ་བྱུང་བ་མཚོ་མེ་ལོང་དུ་ཆགས། ཁྲི་རྒྱལ་ཁུག་པའི་མཐུ་ལས་རླུང་བསེར་བུ་མི་གཏོང་འཛིན་པའི་རང་བཞིན་ཅན་བྱུང་། སྒོང་ཤུན་དཀར་པོ་ས་དང་བྲག་ཏུ་སྲིད། དེ་ལ་མུན་པ་སེལ་བར་ནུས་པའི་འོད་ཀྱི་དྲོད་ཁོལ་རྒྱས་པས་གནམ་ས་ཆ་ཕྱེ་སྟེ་གནམ་རིམ་པ་བཅུ་གསུམ་ཁང་རིམ་ཁང་དུ་ཡས་ཕུབ། ས་རིམ་པ་བཅུ་གསུམ་གདན་རིམ་གདན་དུ་མས་གཏིང་།  རྟེན་འབྲེལ་གྱི་ཕྱྭ་གཡང་འཁོར། སྲིད་པ་འདིར་ཚེ་སྲོག་སྨིན། རི་ར་བ་ཁང་ཁྱིམ་གྱི་ཕྲ་བརྒྱན་ནས་འཇིག་རྟེན་ཕྱྭ་དམུ་གཙུག་གསུམ་གྱི་བགོ་སྐལ་དུ་བབས། འགྲོ་དྲུག་གི་བསོད་ནམས་འབྱུང་བཞིའི་མངལ་དུ་སྦྲུམ་ཏེ་གོ་ལ་འདི་དག་ཞིང་དུ་བསྒྱུར། དུས་དེ་ནས་བཟུང་།  གངས་རི་ར་བས་ཡོངས་སུ་བསྐོར་བའི་ཁ་བའི་ལྗོངས་འདི། གནམ་གྱི་དབུས། ས་ཡི་དཀྱིལ། གླིང་གི་སྙིང་དུ་ཆགས་ཤིང་། ཆུ་བོ་ཀུན་གྱི་མགོ་དང་རི་བོ་ཀུན་གྱི་ཏོག་ཏུ་གྱུར་སྟབས། ཕྱི་ནང་སྣོད་བཅུད་འཕེལ་ཞིང་བཀྲ་ཤིས་དགེ་མཚན་རྒྱས།

རང་རེའི་ཡང་མེས་དག་གིས་བདེ་བ་ནི་ཀླུས་སྦྱིན་པར་འདོད་ལ། སྡུག་བསྔལ་ཐམས་ཅད་ཀྱང་ཀླུའི་ཆད་པར་འདོད། གལ་ཏེ་མིས་རང་བྱུང་ཁམས་ཆེན་མོར་བརྩི་སྲུང་བྱས་ན། ཀླུས་མི་ལ་གནོད་སྐྱོན་སྦྱིན་མི་སྲིད། གལ་ཏེ་མིས་རང་འདོད་ཀྱིས་རང་བྱུང་ཁམས་ལ་གཏོར་བཤིག་བཏང་ན། ཀླུས་མྱུར་ཏུ་ཆད་པ་གཅོད་པའི་ལོ་ངོ་སྟོང་ཕྲག་གི་ལྟ་བ་འདིས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ས་ཡི་དགེ་བཅུ་ཚང་བའི་ཡོན་ཏན་གྱི་རྟགས་སུ་མ་སྨིན་ཞིང་། ཁ་འབབ་ཆུ་བོ་རྣམ་བཞི་གཙོས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཆེ་ཆུང་དུ་མ། དྭངས་གཙང་གི་རྒྱུན་དང་བཅས་ས་ཆེན་པོའི་རུམ་ཁོང་དུ་ལྷང་ལྷུང་འབབ་པ་ནི། བསིལ་ལྡན་འཛིན་མའི་ཁྱོན་ལ་ཟུངས་ཁྲག་གི་བཅུད་བསྩལ་པའི་རྣམ་པ་ཁོ་ན་སྟེ། ཡངས་པའི་སྤང་དུ་མེ་ཏོག་གི་རྒྱ་མཚོ་འཕྱུར་ཞིང་། རླུང་སེར་བུའི་རྒྱུ་ཕྱོགས་ཀུན་ན་དྲི་ངད་ཀྱིས་གང་། ད་དུང་དྲུག་འགྱུར་ངག་གིས་དགའ་བ་བརྒྱ་ཕྲག་སྟེར་བའི་འཇོལ་མོ་དང་། དཔྱིད་ཀྱི་དུས་སྟོན་གླུ་ཡིས་འབོད་པའི་ཁུ་བྱུག་བུ་མོ་སོགས་འདབ་ལྡན་བྱ་རིགས་སྣ་ཚོགས་ཀྱིས་གྲེ་འགྱུར་ངག་གི་དབྱངས་རྟ་སྙན་མོ་ཀུན་དུ་སྒྲོག་པ་ནི། འཇིག་རྟེན་གྱི་ཁམས་ཆེན་མོར་དགའ་སྤྲོའི་བསྟོད་གླུ་ལེན་པ་དང་ཀུན་ནས་མཚུངས་ཤིང་། དེ་ནི་མེས་པོ་ཐོག་མ་ལྷ་རི་གྱང་དོར་གཤེགས་དུས། རི་རབ་ལྷུན་པོ་ཡང་དགའ་དུད་དུད། ཤིང་སྡོང་བོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་སྔོ་སིལ་སིལ་བྱས་པའི་རྗེས་སུ་འཁུམས་གཤིས། རི་ཡི་ངོས་ལ་ཤིང་དང་། ཤིང་གི་ངོགས་ལ་ཆུ་བྱུང་བས། གཡུ་འབྲུག་མ་བུ་འདྲེས་འདྲའི་ཆུ་དང་གཙང་པོ་ཡི་རྒྱུ་བ་མ་འགགས། མར་ཁུ་གཞོང་བར་བསྐྱིལ་འདྲའི་རི་དང་བྲག་གི་བཟོ་ལྟ་མ་ཤོར། གྲོད་པུ་མར་དང་སྒྲོ་བ་ནས་ཀྱིས་གང་འདྲའི་ས་དབྱིབས་ལ་གནོད་སེམས་ཅན་གྱི་ལག་མ་བསྲིངས་པས། རི་བོ་ནགས་ཀྱིས་བསྐོར་བ། ནགས་ཚལ་ཆུ་ཡིས་བརྒྱན་པ། ལུང་གསུམ་གྱི་མདོ་ལ་རྩྭ་རྩི་ཤིང་གི་ནགས་རྒྱས་ཤིང་། ཆུ་གསུམ་གྱི་འདུས་མདོར་བྱ་ངང་བ་ཡི་ཚོགས་འཁོར་བ། གནའ་བོའི་མེ་ཏོག་མ་རྙིང་བའི་སྐྱེད་ཚལ་སྙོམས་པོ། དེང་རབས་བཙོག་གྲིབ་མ་ཕོག་པའི་ལྷ་གནས་དྭངས་མ། ས་ཆེན་པོ་མ་ཧྭ་གསེར་གྱི་རུས་སྦལ་འདིར་རི་མཐོན་པོ་ལྷ་རུ་བཀུར། ཆུ་ཆེན་པོ་ཀླུ་རུ་བརྩིས། ལྷ་ཀླུ་གཉན་གསུམ་ཡོད་ས་ནས་ཤིང་མི་འཐུ། ཆུ་མི་སྦགས། གཅན་གཟན་གཏུམ་པོ་ཡུལ་ལྷ་གཞི་བདག་གི་ཞོན་པ་ཡིན། རི་དྭགས་གཡུང་མོ་སྲུང་མ་གཉན་གྱི་སྒོ་ཟོག་ཡིན། རྫ་ལ་སྨུག་སྤྲིན་རང་འཁོར་ཡིན། ནགས་ལ་བྱ་བརྒྱ་རང་འདུས་ཡིན། ཆུ་ལ་གསེར་ཉ་རང་འཁྱིལ་ཡིན། འདི་ལྟར་སྐྱེ་དགུ་ཀུན་ལ་ཚེ་ཡི་སྲོག་ཞུགས་པས། བསད་ན་ཉེས་བ་ཆེ་ཞིང་སེམས་ཅན་བྱམས་ཀྱིས་སྐྱོང་། འགྲོ་དྲུག་མ་རུ་བཀུར་བས་འབྱུང་བཞི་སྙོམས་ཤིང་ཡུལ་ཁམས་བདེ།

ས་ཆུ་མེ་རླུང་སྲིད་པའི་ཐོག་མ་ཡིན། འཇིག་རྟེན་ཚེ་སྲོག་བསྐྱེད་པའི་མ་ཡུམ་ཡིན། ཚེ་ལོ་གྲངས་མེད་འདས་པའི་དེ་རིང་། རྐང་གཉིས་མིའི་འདོད་པ་འཕེལ་ཞིང་ཧམ་སེམས་སྟུག་པས། གོ་ལར་རྨ་ཁ་བཟོས་ཤིང་ནད་ཡམས་ཚེས་པས་རྒས་གཉེར་ཇེ་མང་ནས་ལུས་ཟུངས་ཇེ་གཉོམ་དུ་གྱུར། ལྗན་ལྗིན་གྱི་དྲི་མས་མ་གོས་པའི་མཐའ་མཇུག་གི་དག་ཞིང་ཡང་། ད་ནི་མཐོན་པོ་རིའི་མགོ་བོ་བཅད་པས་གནམ་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་ཀ་བ་མེད་ལ། དམའ་མོ་སྒང་ལ་འབར་འབུར་གཏད་པས་ས་ལ་པད་མ་འདབ་བརྒྱད་ཀྱི་མེ་ཏོག་དཀོན། ས་འོག་གཏེར་གྱིས་སྟོང་ལ་ས་སྟེང་ལུད་ཀྱིས་གང་། བ་ཚྭ་དང་བྱེ་མ་ཤིག་བུ་སྣུམ་གྱིས་ཟས་པ་བཞིན་གང་སར་འཕྱུར་བས་སའི་བཅུད་ཤོར་ཞིང་། སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ་དུ་གནས་པ་བྱེ་མ་དང་རྡོ་ཟེགས་ཀྱིས་གཡོགས་ཤིང་། བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ་བའི་ལྷུན་པོ་ཁོག་སྟོང་ལ་ཕུད། སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་གི་ཡུལ་ཡང་ཆུ་བོ་རྙོག་ཅིང་མཁའ་དབུགས་སྦགས་པས། རི་ཆུ་ནགས་གསུམ་གྱིས་ལེགས་པར་བརྒྱན་པའི་གངས་ཅན་བསིལ་མོའི་ལྗོངས་སུ། དཔྱིད་རླུང་དལ་བུར་ལྡང་དུས་རྩྭ་རྩི་ཤིང་ཀུན་ལ་དབུགས་རྒྱས་ཏེ་ནོར་འཛིན་སྒེག་མོའི་ལྟེ་བར་མཚན་ལྟས་བཟང་པོའི་རྟགས་མི་སྣང་ལ། དབྱར་དྲུག་པར་མེ་ཏོག་གི་རྒྱ་མཚོ་འཕྱུར་ཏེ་དྲི་ཞིམ་གྱིས་ས་གཞི་གང་བའི་དུས་ཚིགས་ཀྱང་ལོ་རེ་ནས་ལོ་རེར་ཇེ་ཐུང་རེད། སྟོན་ཟླ་བརྒྱད་པར་འབྲུ་རིགས་སྣ་ལྔའི་ལོ་ལེགས་རྒྱས་ཤིང་སིལ་སྡོང་སྣ་ཚོགས་སུ་ཤིང་ཏོག་དུད་པས་དགའ་བའི་སྤུ་ལོང་གཡོ་བའི་རྣམ་པ་མེད་ལ། དགུན་ཟླ་ར་བར་རི་ཀླུང་ཐང་གསུམ་རི་མོའི་ཟོལ་དུ་མཛེས་པས་མཉེས་པའི་ཐལ་མོའི་རྡེབ་སྒྲ་དབེན་པས། དུས་བཞིའི་འགྱུར་ལྡོག་གི་ཀློང་ན་ངོ་མཚར་རྨད་དུ་བྱུང་བའི་གནས་མཆོག་དེ་ང་ཚོ་དང་རིང་ནས་རིང་དུ་གྱེས་བཞིན་མཆིས། ནང་སེམས་ཀྱི་འདོད་རྔམ་ཆེ་རུ་ཕྱིན་ནས་སྟོད་ཀྱི་རི་རབ་མང་པོ་སྟོང་བར་བཏང་ལ། སྨད་ཀྱི་ཆུ་ཆེན་གང་མང་ལ་འབག་བཙོག་བཟོས་པས། རྩ་ཆེའི་ཐོན་ཁུངས་དང་ཉམས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དག་གི་དབུགས་རྒྱུན་ཆད་པར་ཉེན་ཁ་བཟོས་པར་མ་ཟད། སྲོལ་རྒྱུན་གྱི་འཛེམ་བྱ་རྣམས་སྐྱོན་དུ་ངོས་བཟུང་ནས་འཇིག་རྟེན་འདོད་ཡོན་གྱི་ཆེད་དུ་སྔོན་ཆད་གོང་དུ་བཀུར་བའི་རི་ཆུ་ནགས་གསུམ་སྔོག་འདོན་ཚབས་ཆེན་བྱས། དེ་ལས་འབྱུང་བ་དཀྲུགས་ཤིང་ཚེ་སྲོག་གི་བསྐྱེད་ཡུམ་གཅིག་པུ་ཡར་གཏོར་མར་གཏོར་བྱས་རྐྱེན། ས་ཆུ་མེ་རླུང་འཁྲུག་ཅིང་རང་བྱུང་གནོད་འཚེ་ཇེ་ཆེར་གྱུར།

མཐོ་རིམ་སྲོག་ཆགས་སུ་འབོད་པའི་མི་རྣམས་ཡ། མྱ་ངམ་ཐང་གི་འོ་དོད་རླུང་བསེར་བུས་ཀུན་ཏུ་སྒྲོགས་པ་མ་ཐོས་སམ། གངས་ཀྱི་མིག་ཆུ་ས་ཆེན་ཁྱོན་ན་ཁྲག་ཏུ་བསྒྱུར་བ་མ་མཐོང་ངམ། རྡོ་ཟེགས་བྱེ་མའི་ཁུར་བོ་ལྕི་བས་ས་ནག་ཐང་ལ་རྔུལ་ཆུས་གང་བ་མ་ཚོར་རམ། སྤང་གི་སྔོ་རྩྭ་མེ་ལ་བསྲེགས་ནས་ཐན་པས་གཏམས་པ་མ་ཤེས་སམ། ཕ་ཡུལ་གྱི་ནམ་མཁའ་ད་དུང་སྔོན་པོ་ཡིན་མིན་ཞིབ་ཏུ་གཟིགས་དང་། ཉེ་འཁོར་གྱི་ཆུ་བོ་གཙང་བསིལ་ཡིན་མིན་ཁ་ལ་རེག་དང་། ང་ཚོས་གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་ཕུད་ལ། སྐྱོང་མ་ཤེས་ཕྱུགས་ཟོག་འདམ་དུ་བརྒྱབ་ནས། ར་སྤུའི་འུར་རྡོ་ར་ཡི་འཇིང་བར་ཁེལ་བའི་དཔེ་རུ་ཟད་པས། ས་ཆུ་མེ་རླུང་ལ་གནོད་པ་ཚབས་ཆེན་བཟོས་པའི་མོད་ལ། རང་གི་ཕ་ཁྱིམ་བརླག་ཅིང་གཞིས་ཀ་གཏོར་པ་མ་ཡིན་ནམ། དེ་བས་རང་གི་སེམས་ནི་ཡོངས་སུ་འདུལ་མི་ཐུབ་རུང་། འདོད་རྔམ་གྱི་འདྲེ་ལག་ཐུང་དུ་བཏང་ནས་རྗེས་རབས་པའི་འཚོ་གནས་ལ་བསམ་གཞིག་དང་། རང་ཉིད་ནས་མགོ་བརྩམས་ཏེ་ཁོར་ཡུག་ལ་བདག་སྐྱོང་བྱེད་པ་ནི་ཚེ་སྲོག་ལ་བདག་སྐྱོང་བྱེད་པའི་རྣམ་ཐར་རོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།