ས་ཆུ་མེ་རླུང་།(ཨང་གསུམ་པ།)

微信图片_20190912111935.jpg

  དཀར་མོ་དར་རྒྱས་སམ་གངས་ཁ་བ། མཚོ་ལྷོ་འབའ་རྫོང་དགོན་གོང་ཉྭ་ནག་སྡེ་བར་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་དཀར་མོ་དགོན་དགའ་ལྡན་བཀྲ་ཤིས་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ནས་བཀའ་བཅུའི་ཡོངས་འཛིན་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་ཚང་དང་དགེ་བའི་བཤེས་ཆེན་མོ་རུ་མང་བློ་བཟང་ཐབས་མཁས་ཚང་སོགས་བཤེས་གཉེན་མང་པོ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་སྐོར་དང། བསྡུས་གྲྭ། བློ་རྟགས། ས་ལམ། གྲུབ་མཐའ། ཕར་ཕྱིན་དང་ཚད་མ་ལ་སློབ་གཉེར་གྱི་ཞོར་དུ་རང་གི་དགའ་ཕྱོགས་ལྟར་གཞུང་སྒེར་གྱི་དུས་དེབ་དང་འཕྲིན་སྟེགས་སྟེང་རྩོམ་ཡིག་རེ་ཟུང་སྤེལ། ད་ལྟ་དཀར་མོ་དགོན་འཇང་ཆེན་ཚད་མ་རིག་པའི་སློབ་གླིང་དུ་དགེ་རྒན་གྱི་ལས་གནས་འཁུར་བཞིན་མཆིས།


ས་ཆུ་མེ་རླུང་། 

(མཚོ་ལྷོ)དཀར་མོ་དར་རྒྱས། 

གཅིག

ས་ཆུ་མེ་རླུང་གིས་གྲུབ་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ས་ཆུ་མེ་རླུང་དང་ཆོས་ཉིད་ཀྱིས་འབྲེལ་བའི་བཅུད་ཀྱི་སེམས་ཅན་ནི་ང་ཚོའི་ཕྱི་ནང་གི་ཁོར་ཡུག་ཡིན་པས། ང་ཚོས་ཁོར་ཡུག་སྲུང་སྐྱོང་ཞེས་བརྗོད་དུས་རང་གི་ཉེ་འཁོར་རམ་ལྕགས་རི་སོགས་སྲུང་སྐྱོང་ཙམ་ལ་གོ་ན་ཁྱབ་ཆུང་སོང་བ་ཡིན། ཁོར་ཡུག་སྲུང་སྐྱོང་ཞེས་པའི་ཁོར་ཡུག་ནི་ཕྱི་སྣོད་ཀྱི་འཇིག་རྟེན་རྩི་ཤིང་ནགས་ཚལ་དང་རི་ཆུ་སྤང་ལྗོངས་སོགས་ཉམས་ཉེས་ལས་སྲུང་བ་ཁོར་ཡུག་སྲུང་སྐྱོང་ཡིན་ལ། ནང་བཅུད་ཀྱི་སེམས་ཅན་རི་སྐྱེས་སྲོག་ཆགས་དང་ཆུར་གནས་ཉ་སྲམ་སོགས་ཚེ་སྲོག་གི་གནོད་འཚེ་ལས་སྲུང་བ་ཡང་ཁོར་ཡུག་སྲུང་སྐྱོང་ཡིན། དེ་བས་སྔ་མོ་ནས་ང་ཚོ་བོད་གངས་ཅན་གྱི་ཡུལ་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་ཆ་ནས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོའི་ནུས་ཤུགས་ཐུན་མིན་ཞིག་ཡོད་ལ། ཆོས་ཀྱི་ཆ་ནས་ནང་བཅུད་ཀྱི་ཁོར་ཡུག་སྲུང་ཚུལ་ནི་མང་པོ་ལབ་མི་དགོས་པར་མར་ཤེས་དྲིན་དྲན་སོགས་རྒྱུ་འབྲས་མན་ངག་བདུན་གྱི་ཉམས་ལེན་གྱི་སྒོ་ནས་སེམས་ཅན་ཐམས་ཅད་རང་གི་མར་སྒོམ་ནས་གཞན་ལ་མི་འཚེ་བ་དང་། ནང་བསྟན་གྱི་ལྟ་བ་སྟོང་ཉིད་སྙིང་རྗེ་དང་སྤྱོད་པ་འཚེ་མེད་ཞི་བདེའི་སྟེང་ནས་མཚོན་ཐུབ་ལ། ཕྱི་སྣོད་ཀྱི་ཁོར་ཡུག་སྲུང་ཚུལ་ནི《བྱེ་བྲག་བཤད་མཛོད》ལས་དེ་བཞིན་ས་ནི་བརྐོ་བ་དང་། ། ཞེས་པ་ནས། ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། ། རྩྭ་སྔོན་མི་གཙང་འདོར་བ་དང་། ། ས་བོན་འཇོམས་དང་བསླབ་པའི་གཞི། ། ཞེས་དང་། ཡང་སྡོམ་གསུམ་བསླབ་བྱ་ལས། ས་རྐོ་བ་དང་། རྩྭ་སོགས་སྐྱེས་པ་གཅོད་པ་དང་། སོགས་གསུང་པ་ནི་ནང་ཆོས་ཀྱི་ཆ་ནས་ཕྱིའི་ཁོར་ཡུག་སྲུང་སྐྱོང་དམིགས་སུ་བཟུང་བའི་བསླབ་ཁྲིམས་རེད།

གཉིས།

འཇིག་རྟེན་གྱི་ཆ་ནས་འཁོར་སྲུང་ལ་ཐོན་པའི་བསླབ་བྱ་ནི། རི་གཉན་སློག་པ་དང་ཆུ་གཉན་དཀྲུགས་པ། ཤིང་གཉན་གཅོད་པ་སོགས་དང་། གཞན་ཡང་རི་སྐྱེས་སྲོག་ཆགས་དང་ཆུར་གནས་ཉ་སྲམ་གསོད་པ་སོགས་ཀྱིས་རི་ཆུ་ལ་གནས་པའི་ས་བདག་ཀླུ་གཉན་ལ་ཕོག་ཐུག་བཟོས་ན་དེ་དག་ལ་གནས་པའི་ས་བདག་ཀླུ་གཉན་གྱི་ཐུགས་ཁྲོས་ནས་རྐང་ལག་ན་བ་དང་རྨ་སྐྲན་གཉན་ཚད་བྱུང་བ་སོགས་དོན་དངོས་དང་འབྲེལ་བའི་ངག་རྒྱུན་གྱི་བསླབ་བྱ་སྣ་ཚོགས་ནི་འཇིག་རྟེན་གྱི་ཆ་ནས་ཁོར་ཡུག་སྲུང་སྐྱོང་བྱེད་ཚུལ་ཡིན་ལ། ནང་བསྟན་དང་གསོ་རིག་གང་གི་ཆ་ནས་བཤད་ནའང་སེམས་ཅན་གྱི་འདོད་སེམས་དྲག་པོའི་དབང་གིས་ཁོར་ཡུག་ལ་མི་མཐུན་པའི་གནོད་སྐྱོན་སྣ་ཚོགས་བཟོས་པས་མ་མོ་སྡེ་བརྒྱད་ཁྲོས་པའི་ཁ་རླངས་ཀྱིས་ནད་རིགས་སྣ་ཚོགས་འབྱུང་བར་བཤད། ཚན་རིག་པས་བཤད་ནའང་སའི་གོ་ལའི་ཕྱི་རིམ་དུ་གོ་ལར་དྲོད་ཁོལ་སྐྲུན་བྱེད་དང་ནད་རིགས་འགོག་པའི་ནུས་ལྡན་གྱི་ལྭ་བ་ཞིག་གྱོན་ཡོད་ལ། གལ་ཏེ་ང་ཚོས་སེམས་ཆུང་མ་བྱས་པར་སའི་གོ་ལའི་ཕྱི་གོས་ཧྲལ་ཏེ་བུ་ག་ཆེན་པོ་བཟོས་ན་སའི་གོ་ལར་ནད་འབྱུང་ངེས་ཡིན་ལ། ཕྱི་གོས་དེ་ནི་དྲི་ངན་དབྱང་རིམ་ཡིན། དེ་ནི་དབྱང་དབུགས་ཉི་འོད་ཁྲོད་ནས་སྡུད་ལེན་བྱེད་པའི་སྨུག་ཕྱིའི་ཐིག་གིས་གྲུབ་པ་ཡིན། གལ་ཏེ་དྲི་ངན་དབྱང་རིམ་མེད་པར་གྱུར་ཚེ། གནོད་ལྡན་གྱི་སྨུག་ཕྱིའི་ཐིག་གི་འོད་ཐད་ཀར་ས་ངོས་སུ་འཕྲོས་ཏེ་ས་ངོས་ཀྱི་སྐྱེ་དངོས་མང་པོ་གསོད་པར་བྱེད་ལ་མིའི་རིགས་ལའང་ནད་འབྱུང་བར་བཤད་པ་ལྟ་བུ་རེད།

གསུམ།

ད་ལྟའི་དུས་སྐབས་འདིར་སྔོན་ཆད་དང་བསྡུར་ན་སྤྱི་ཚོགས་འཕེལ་རྒྱས་ཆེས་ཆེར་བྱུང་བ་དང་བསྟུན་ཁོར་ཡུག་ལ་ཆེས་འཇིགས་རུང་གི་གནོད་པ་ཚབས་ཆེ་བ་བྱུང་བ་ཡང་མིག་མཐོང་ལག་ཟིན་ཡིན་པས་ཚང་མས་ཁོར་ཡུག་སྲུང་སྐྱོང་ཞེས་སྐད་རྒྱག་གིན་ཡོད་པ་རེད། ཁོར་ཡུག་གི་ཉམས་རྒུད་འདི་དག་ནི་གཙོ་བོ་དཔལ་འབྱོར་གོང་འཕེལ་སོང་བ་དང་བསྟུན་ནས་མིའི་འདོད་ཧམ་ཡང་ཇེ་ཆེར་སོང་ནས་མི་ཕལ་ཆེ་བ་ནི་རང་ཁོ་ནའི་མི་ཚེ་འདིའི་རྒྱུ་ནོར་ལོངས་སྤྱོད་དང་བདེ་ཐབས་སྐྱིད་ཐབས་ཙམ་ལས་སེམས་ཅན་གཞན་གྱི་བདེ་སྡུག་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའི་འབྱུང་འགྱུར་ལ་འདང་མི་རྒྱག་པར་མ་ཟད། མཐར་གཏུགས་ན་རང་ཉིད་ཀྱི་མི་ཚེ་འདིའི་གནས་སྐབས་ཀྱི་བདེ་ཐབས་སྐྱིད་ཐབས་ཙམ་ལས་བསམ་གྱིན་མེད་པས་ན། རི་ཆུ་ནགས་གསུམ་ཡང་རྐོ་ཐུབ་ས་དང་དཀྲུགས་ཐུབ་ས་ནས་དཀྲུགས་ལ། གཅོད་ཐུབ་ས་དང་བཙོང་ཐུབ་ས་ནས་བཙོངས། ས་འོག་གི་རིན་ཆེན་གཏེར་ནོར་དང་ས་སྟེང་གི་རྩ་ཆེན་རི་དྭགས་ཀྱང་བཙོང་ཐུབ་ས་དང་གསོད་ཐུབ་ས་ནས་གསོད་རྒྱུ་དང་བཙོང་རྒྱུ་ལ་ཞེད་སྣང་ཅུང་ཙམ་ཡང་མེད་པ། ལྷག་པར་དུ་མིའི་འདོད་ཧམ་གྱིས་བསྐྱེད་པའི་བཟོ་གྲྭ་མང་པོ་ནས་ཐོན་པའི་ཐོན་རྫས་རུལ་འགོག་རྫས་འགྱུར་སོགས་ཀྱིས་གྲུབ་པའི་དེང་སང་གི་ཞོར་ཟས་སྣ་ཚོགས་ཁ་ལ་ཟོས་པས་མིའི་ལུས་པོའི་བདེ་ཐང་ལ་གནོད་པ་སྐྱེལ་བར་མ་ཟད་ཚབས་ཆེ་ན་ཚེ་སྲོག་འཕྲོག་པའི་ཉེན་ཁའང་སྟེར་བ་འདི་དག་དང་། དེའི་ཕྱི་ཤུན་གྱི་འགྱིག་ཤོག་དང་འགྱིག་དམ་འགྱིག་སྒམ་སོགས་ཀྱིས་མཚོན་པའི་གད་སྙིགས་འདི་དག་ས་རུ་དོར་བས། ས་གཤིས་ཉམས་རྒུད་དུ་གྱུར་ནས་སའི་རྩི་ཤིང་ནགས་ཚལ་ལ་སོགས་པའི་སྐྱེ་དངོས་བསྐྱེད་པའི་ནུས་པ་ཉམས་པ། མེ་རུ་བསྲེགས་པས་དུ་བ་མཁའ་དབུགས་ལ་འདྲེས་ནས་མཁའ་དབུགས་ཏེ་འབྱིན་རྔུབ་བྱེད་པའི་སྐྱེ་འགྲོའི་བདེ་ཐང་ལ་གནོད་པར་མ་ཟད། དེ་འདྲའི་སྙིགས་རླུང་གིས་དབྱང་དབུགས་ཉམས་པའི་རྒྱུ་རྐྱེན་བྱས་ནས་སའི་གོ་ལར་ཡང་གནོད་པ་སྐྱེལ་བ། ཆུ་ལ་དོར་བས་གཙང་ཆུ་འབག་བཙོག་ཏུ་བསྒྱུར་ནས་ཆུ་ལོངས་སྤྱོད་མཁན་གྱི་སེམས་ཅན་གྱི་འབྱུང་བཞི་ལ་ནད་རིགས་བསྐྱེད་ལ། གོ་ལ་འདིའི་སྟེང་གི་དབུགས་ལྡན་འགྲོ་བ་མཐའ་དག་གི་ཚེ་སྲོག་ནི་བརླན་དང་འབྲེལ་བ་ཟབ་པས་ཆུ་ནི་ཚེ་སྲོག་གི་འཛིན་ཐག་གཙོ་བོ་ཞིག་ཡིན་ཞིང་། གསོ་རིག་པས་བཤད་ནའང་། དྭངས་གཙང་གི་བཏུང་ཆུར་བསྟེན་པས། ཟས་འཇུ་བ་དང་ལུས་དྲོད་སྙོམ་པ། ལུས་ཀྱི་སྙིགས་རོ་ཕྱིར་ཕུད་གཏོང་བ། ཁྲག་དྭངས་སྙིགས་རྒྱུན་ལྡན་དུ་རྒྱུ་ཐུབ་པ་བཅས་ཀྱི་ཕན་ནུས་ལྡན་པར་བཤད་ན། མི་གཙང་རྫོབ་ཆུར་བསྟེན་པས་དེའི་ལྡོག་ཕྱོགས་ཀྱི་གནོད་འཚེ་ཐེབས་པའང་ཆོས་ཉིད་ཡིན། དེ་བས་གད་སྙིགས་ཆུ་ལ་དོར་བའི་ཉེས་པ་དེ་མཉམ་འཇོག་བྱེད་དགོས་ས་ཞིག་ཡིན།

བཞི།

ཁོར་ཡུག་གི་གནད་དོན་ལ་བྱེ་བྲག་གིས་བཤད་ན་མང་པོ་ཞིག་ཡོད་ཀྱང་། གཙོ་བོའི་ཆ་ནས་མཁའ་རླུང་བཙོག་སྐྱོན་དང་གཙང་ཆུ་སྦགས་བཙོག  ས་གཤིས་ཉམས་རྒུད་རྣམས་ཡིན་ལ། དེ་ཡང་མཁའ་རླུང་བཙོག་སྐྱོན་གྱི་འབྱུང་ཁུངས་གཙོ་བོ་ནི་བཟོ་ལས་བཙོག་རླུང་དང་རླངས་འཁོར་མཇུག་རླངས་གད་སྙིགས་མེར་བསྲེགས་ཀྱི་དུ་བ་སོགས་མཁའ་རླུང་ཁྲོད་འདྲེས་པ་ལས་བྱུང་ལ། དེས་ན་བཙོག་སྐྱོན་ཤོར་བའི་མཁའ་རླུང་གི་མིའི་བདེ་ཐང་ལ་ག་འདྲ་གནོད་ཅེ་ན།དྲན་ཤེས་རབ་རིབ་དུ་གྱུར་ནས་རིག་པ་མི་གསལ་བ་དང་། དོན་བྱ་བརྗེད་ངེས་ཆེ་བ། མིའི་མཆིན་པའི་ནུས་པ་སྐྱོ་རུ་འགྲོ་བ།མགོ་ན་བ། གློ་ཚད་མཐོ་རུ་འགྲོ་བ་དང་འབྲས་སྐྲན་གྱི་ནད་མང་པོ་ཕོག་པའི་གནོད་འཚེ་མང་བར་མ་ཟད། འཕྲུལ་ཆས་ཀྱི་དུ་བ་དང་། བཟོ་གྲྭ་དང་རྡོ་སྲོལ་གྱི་དུ་བ་སོགས་དུག་ལྡན་གྱི་རྫས་དེ་དག་ཉི་འོད་དང་རླུང་། ཐལ་རྡུལ་བཅས་ཀྱི་ནུས་པ་ལ་བརྟེན་ནས་རིམ་བཞིན་མུ་ཟིའི་སྐྱུར་དང་ཟེ་ཚྭའི་སྐྱུར་ལ་འགྱུར་བ་དང་། སྐྱུར་དེ་དག་བར་སྣང་དུ་སླེབས་རྗེས་ཆར་བ་དང་ལྷན་དུ་སྡེབས་པས་ཆར་བ་སྐྱུར་མོ་ཟེར་བ་བྱུང་གིན་ཡོད་ལ། ཆར་བ་དེ་ས་ཐོག་ཏུ་བབས་པས་སྐམ་སའི་ཚེ་སྲོག་མང་པོ་ལ་གནོད་པར་མ་ཟད།  སྐྱེ་དངོས་ནགས་ཚལ་དང་ཞིང་ལས་ཐོན་སྐྱེད་ལའང་གནོད་པའི་ཤུགས་རྐྱེན་བཟོ་བར་ཁོར་ཡུག་དང་བདེ་ཐང་གི་ཤེས་བྱ་ལས་མཐོང་རྒྱུ་འདུག་པ་བཞིན། གཙང་ཆུ་སྦགས་བཙོག་གི་འབྱུང་ཁུངས་ནི་བཟོ་ལས་བཙོག་ཆུ་དང་། འཚོ་བའི་བཙོག་ཆུ། ཞིང་ལུད་རྫས་ལུད། ཞིང་སྨན་སོགས་ཀྱི་བཙོག་ཆུ་གཙང་ཆུར་འདྲེས་པ་ལས་བྱུང་ལ།གཙང་ཆུ་སྦགས་བཙོག་ཅན་གྱིས་མིའི་རིགས་ལ་སྐྲན་ནད་དང་ཕོ་རྒྱུའི་ནད་སོགས་བསྐྱེད་ནས་བདེ་ཐང་ལ་གནོད་པར་མ་ཟད། ཆུ་ལ་བརྟེན་པའི་སྲོག་ཆགས་ཇི་སྙེད་ཅིག་ལ་གནོད་པར་བྱེད།ས་གཤིས་ཉམས་རྒུད་ཀྱི་འབྱུང་རྐྱེན་ནི་གཏེར་ཁ་སྔོག་འདོན་དང་ལྗོན་ཤིང་གཅོད་འབྲེག་སོགས་ལས་བྱུང་ལ།ས་གཤིས་ཉམས་རྒུད་དུ་གྱུར་བས་གནོད་འཚེ་ཅི་འབྱུང་ཞེ་ན། རང་བྱུང་ཆུ་ལོག་དང་རི་ཉིལ། རྩྭ་ཐང་བྱེ་ཐང་དུ་འགྱུར་བ་སོགས་ཀྱིས་གནོད་འཚེ་མང་པོས་མིའི་འཚོ་བ་དང་བདེ་འཇགས་ལ་གནོད་པར་མ་ཟད། རྩི་ཤིང་ནགས་ཚལ་ལ་བརྟེན་པའི་སྲོག་ཆགས་མང་པོའི་ཚེ་སྲོག་དང་འཚོ་གཞིས་ལའང་གནོད་དོ། ། སྤྱིར་ན་ང་ཚོས་རྩི་ཤིང་ནགས་ཚལ་སོགས་ལྗང་མདོག་གི་ཁོར་ཡུག་བསྲུང་དགོས་པ་ནི། ང་ཚོར་མིག་ལ་མཛེས་ཤིང་ཡིད་དུ་སྡུག་པའི་ཁོར་ཡུག་ཅིག་ཐོབ་པའི་ཆེད་ཙམ་མ་ཡིན་པར། རྩི་ཤིང་ནགས་ཚལ་གྱིས་ང་ཚོ་ལ་བདེ་ཐང་གི་འཚོ་བ་ཞིག་བསྐྲུན་པའི་རྒྱུ་མཚན་གྱིས་ཡིན། དེས་ན་བདེ་ཐང་ག་རེ་བསྐྲུན་གི་ཡིན་ཟེར་ན། ཆུ་ལོག་དང་ལྷགས་པའི་གནོད་འཚེ་འགོག་པ། མིའི་རིགས་ལ་དབྱང་རླུང་ངམ་གསོས་རླུང་མཁོ་འདོན་བྱེད་པ། ཁོར་ཡུག་བཙོག་སྐྱོན་གྱི་ཕོག་ཚད་ཉུང་དུ་གཏོང་བ། མཁའ་རླུང་གཙང་སེལ་གྱི་ནུས་པ་ཐོན་པ། བྱེ་ཐང་སྔོན་འགོག་བྱེད་ཀྱང་མི་རྣམས་ལ་མཛེས་སྡུག་གི་ཡུལ་ལྗོངས་བསྐྲུན་པ་སོགས་ཀྱི་དགེ་མཚན་མང་པོ་སྟེར།

      ལྔ།

ཁ་སང་དེ་རིང་མི་མང་ཆེ་བའི་ཁོར་ཡུག་སྲུང་སྐྱོང་ཟེར་ན་གད་སྙིགས་འཐུ་རྒྱུ་ཙམ་དང་ཁོར་སྲུང་ཚོགས་པ་ཟེར་ན་གད་སྙིགས་འཐུ་མཁན་ཙམ་ལ་གོ་བ་ནི་དོན་དམ་པའི་ཁོར་ཡུག་སྲུང་སྐྱོང་ཞེས་པར་གོ་བ་གཏིང་ཟབ་ཅིག་མ་ལོན་པས་ལན་ལ། ལྷག་པར་ཁ་སང་དེ་རིང་གད་སྙིགས་ཀྱིས་ཁོར་ཡུག་ལ་བཟོས་པའི་གནས་ཚུལ་འཇིགས་རུང་དང་ཛ་དྲག་ཡིན་པའི་རྒྱུ་མཚན་ཡང་དེ་རེད། དེས་ན་ཛ་དྲག་གི་གནས་ཚུལ་འདི་ལྡོག་པ་ལ་ངེས་པར་གད་སྙིགས་འཐུས་པ་ཙམ་གྱིས་མི་ཕན་པར་ཚང་མས་གད་སྙིགས་ཀྱི་འབྱུང་ཁུངས་ནས་ཚོད་འཛིན་དང་འགོག་རྒོལ་བྱ་རྒྱུ་གལ་ཆེ་བར་མ་ཟད། དེ་ལྟའི་ཚོད་འཛིན་དེའང་ས་གནས་ཤིག་གམ་ཚོགས་པ་ཞིག་གིས་ནུས་པས་འཇོན་པ་ཞིག་མ་ཡིན་ལ། ང་ཚོ་མི་རེ་རེའི་རང་སྟེང་ནས་དང་བླངས་དང་འགན་འཁྲིའི་འདུ་ཤེས་ཀྱིས་བཅངས་ན། ད་གཟོད་ང་ཚོ་ལ་དྭངས་གཙང་གི་ཁོར་ཡུག་ཅིག་དང་བདེ་ཐང་གི་འཚོ་བ་ཞིག་ཐོབ་པ་སྨོས་མ་དགོས་པ་ཞིག་ཡིན་པས།

       ཁོར་ཡུག་སྲུང་སྐྱོང་ཟེར་ན་སའི་གོ་ལའི་ཕྱིའི་མཛེས་སྤྲས་ཙམ་མ་ཡིན་པར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཉམས་ཉེས་དང་གནོད་འཚེ་ལས་སྲུང་ཞིང་སྐྱོབ་པའི་རླབས་ཆེན་གྱི་བྱ་གཞག་ཅིག་ལ་ངོས་འཛིན་རྒྱུ་གལ་ཆེའོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།