ས་ཆུ་མེ་རླུང་།(ཨང་གསུམ་པ།)

微信图片_20190912111439.jpg

མིང་ལ་ཙ་སུར་སྦྱིན་པ། དྲྭ་མིང་ལ་གོང་བུ། ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་ཙ་ཡུས་ཡུལ་ཚོ། དེ་སྔ་རང་མི་རིགས་ཀྱི་སྐད་ཡིག་གི་ཟུངས་ཁྲག་ལས་དབྱངས་གསལ་གྱི་དངོས་གྲུབ་འཚོལ་བཞིན། རྒྱལ་ཁབ་ཕྱི་ནང་གི་གཞུང་སྒེར་གྱི་དུས་དེབ་དང་ཚགས་ཤོག་སྟེང་ལྷུག་རྩོམ་གཙོས་རྩོམ་ཡིག་བརྒྱ་ཕྲག་ལ་ཉེ་བ་བཀོད་པ་ལས། 2006ལོར་གངས་ལྗོངས་གཞོན་ནུ་དྲྭ་ཚིགས་ཀྱིས་བོད་ཁམས་ཡོངས་ལ་སྤེལ་བའི་ལྷུག་རྩོམ་འགྲན་བསྡུར་ཁྲོད་ཨང་དང་བོའི་བྱ་དགའ་དང་དཔང་ཡིག་གནངས། 

2010ལོར་ཀན་ལྷོ་ཁུལ་རྩོམ་པ་བོ་མཐུན་ཚོགས་ཀྱི་ཚོགས་མིའི་དཔང་ཡིག་གནངས། 2014དང2015ཡི་བར་རེབ་གོང་རིག་གནས་ཕོ་བྲང་དུ་སློབ་གཙོ་གཞོན་པའི་མིང་འཛིན་ཁུལ་བྱས་པ་མ་ཟད། དེ་གའི་ཁྱིམ་བདག་ཚོས་ཀྱང་བྱིས་པར་འགན་ཁུར་བའི་ཉམས་མྱོང་ཡོད་པ་སོགས་ཀྱིས་གཟེངས་བསྟོད་གང་མང་དང་ལོ་མཇུག་སྤྱི་བསྡོམས་ཁྲོད་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ།

2017ལོར་ཀན་ལྷོ་ཚགས་པར་ཁང་གིས་བསྒྲུབས་པའི་ཕ་ཡུལ་ཀན་ལྷོ་ཞེས་པའི་བོད་ཁུལ་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་དང་དཔང་ཡིག་གནངས། 2018ལོར་དཀར་མཛེས་ཉིན་རེ་ཚགས་པར་གྱིས་སྤེལ་བའི་ལྷུག་རྩོམ་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའི་དཔང་ཡིག་བསྩལ། སི་ཁྲོན་སྡེ་དགེ་རྫོང་རྩོམ་པ་བོ་མཐུན་ཚོགས་ཀྱིས་སྤེལ་བའི་སྡེ་དགེ་རིག་པའི་འབྱུང་ཁུངས་ཞེས་པའི་ཁ་བྱང་གཅིག་པའི་སྙན་རྩོམ་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ་མ་ཟད་རྫོང་རྩོམ་པ་བོ་མཐུན་ཚོགས་ཀྱི་ཚོགས་མིའི་དཔང་ཡིག་བསྩལ། ད་ལོར་ཡང་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་སྣོད་བཅུད་རྟགས་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གསུམ་པའི་དཔང་ཡིག་བསྩལ། དེ་མིན་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དང་བོའི་རྟིང་རྩོད་བརྩམས་ཆོས་ཞེ་ལྔའི་ཁྲོད་ཚུད་པ་ཐམས་ཅད། རང་ལ་ནམ་ཡང་བཀའ་དྲིན་བླ་ལྷག་ཆེ་ཞིང་མཛུབ་སྟོན་དང་རྒྱབ་སྐྱོར་གནང་མཁན་གྱི་དགེ་རྒན་རྣམ་པ་གཙོས་གྲོགས་མཆེད་ཚོར་དྲན་གྱིན། ད་རུང་ཚེ་ཅི་ཙམ་ཡོད་པ་དེ་སྲིད་དུ་རང་ནུས་ཅི་ལྕོགས་ཀྱིས་ཕ་ས་གོར་མོའི་ཕ་སྐད་ཀྱི་བྱིན་མཐུ་ལ་འཇུས་ཏེ་དགེ་མིང་དང་སྨན་མིང་རྩོམ་སྒྲིག་པའི་མིང་ཙམ་སོགས་གཉོར་ནས་འཚོ་ཞིང་གཞེས་པ་ལགས་སོ། །



ས་ཆུ་མེ་རླུང་། 

(ལན་གྲུ)ཙ་སུར་སྦྱིན་པ། 

ཧྲིག་ཧྲིག་མིག་གིས་བལྟ་ས་དང་ཀེར་ཀེར་རྣ་ཡིས་ཉན་ས། འདི་ནི་ལྷོ་རྒྱལ་འཛམ་བུ་གླིང་གི་རང་བྱུང་ཁོར་ཡུག་ན་གནས་པའི་སྲོག་ལྡན་སྐྱེ་བོ་ཡོངས་དང་གཡོ་འགུལ་གྱི་ནེམ་ཤ་གཉོམ་པ་ཚོའི་སྲོག་གི་རྟེན་ཕུར་དང་སེམས་ཀྱི་ཕ་ས་དྲོན་མོ་ཡིན་ཕྱིར། སྐྱེ་འགྲོ་ཡོད་དོ་ཅོག་གིས་ས་ཆེན་པོ་ཁྱེད་གྱི་བརྩེ་འཛུམ་དང་ཁྲོ་གཉེར་ལ་ཅེར་ཞིང་ཧད་དེ་འདུག་ལ། ཡན་ལག་བརྒྱད་ལྡན་གྱི་གཙང་པོ་ནི་སྣོད་དང་བཅུད་ཀྱི་ཁྲག་རྩའི་ནང་གི་ལྷད་མ་འདྲེས་པའི་འཁོར་རྒྱུག་ལྟ་བུའི་ཟུངས་ཁྲག་ཏུ་གྲུབ་ཡོད་ལ། དྲོད་ཅིང་འཇམ་པའི་ཉི་ཟེར་ནི་ཁམས་ཆེན་པོའི་བརྩེ་བའི་འཛུམ་མདངས་སྟོན་བྱེད་ཀྱི་སེམས་ཀྱི་མར་ལོ་དང་ཅི་དགར་ལ་མྱོང་བ་ཚོར་ཤེས་པའི་སེམས་ཀྱི་སྙིང་ཤ་དམར་པོ་ཡིན། དེའི་ཕྱིར་རླུང་ཆེན་གྱིས་གྲུབ་པའི་ཉི་ཟླ་སྐར་གསུམ་གནས་སའི་གནམ་གོ་ལ་སོགས་ངོ་ཚོར་མེད་དུ་མི་རུང་ལ། ཕ་མའི་པང་ནས་གཉོམ་ལག་རྒྱས་པའི་ཕུ་ནུ་མིང་སྲིང་བཞིན་ང་ཚོ་ཤ་ཉེ་ཞིང་ཁྲག་འདྲེས་པའི་འབྱུང་ཁམས་ཆེན་མོའི་སྐྱིད་སྡུག་གི་འཁོར་ཕྱོགས་ལ་གཟབ་ནན་དང་གཅེས་སྐྱོང་རེ་བགྱིས་ཏེ། འཛམ་བུ་གླིང་གི་ཞི་བདེ་ལམ་བཟང་གི་སད་མདའ་དྲང་མོའི་ཀི་རིང་འདེབས་མཁན་ཐེངས་གཅིག་མ་ཡིན་པར། ཕྱོགས་སོ་སོ་ནས་བདེན་པ་བརྡར་ཞིང་འབོད་སྐུལ་མང་པས། ཕ་མ་ནི་སྣོད་བཅུད་ཡིན་ཞིང་ཕ་མས་བསྐྱེད་པའི་ཕུ་ནུ་མིང་སྲུང་ནི་སྲོག་ལྡན་གྱི་སེམས་ཅན་ཡོངས་རྫོགས་ཡིན་པར་ཡིད་རྟོན་མ་བྲལ་བར། གཉེན་ཉེ་དང་སྐྱིད་སྡུག་གི་འབྲེལ་བ་གཅིག་ལ་གཅིག་རྟེན་དུ་ཆགས་ཡོད་སྟབས།སྟོང་གསུམ་གྱི་འཇིག་རྟེན་ནི་ས་ཆུ་མེ་རླུང་གིས་འབྱམས་པའི་ཁོར་ཡུག་ཅིག་ཡིན་པ་དང་། ཁོར་ཡུག་འདི་ཡང་ཆེ་མ་ཆུང་གསུམ་དང་རབ་འབྲིང་ཐ་གསུམ་གྱི་སྣོད་བཅུད་གཉིས་ཡིན་པ་ཤེས་རྟོགས་རེ་བྱུང་ན་ཅིས་མི་འགྲིག་ཨང་།

(ས 

དཀྱེལ་ཡངས་ཤིང་སྒམ་ཚུགས་བརླིང་བའི་རང་གཤིས་རྣལ་མ་ཞིག་གིས། བྱང་ཐང་སྐྱ་བོའི་རྨིག་སྒྲ་ལ་རྡོག་པས་མནན་ཅིང་སྐྱ་ཆད་སྔོ་སྡུག་གིས་ཁེབས་པའི་བྱེ་ཐང་རེ་རེ་ན། ཅི་འདྲའི་ངུ་འབོད་དང་སྡུག་ཡས་ཀྱིས་ཁེངས་ན།ཁྱེད་ལ་སྔར་མེད་ཀྱི་བརྩེ་བ་དང་བློ་སྤོབས་བརྟན་པོའི་ངང་། དམིགས་ཡུལ་དང་ཕུགས་འདུན་དེའི་ཆེད་དུ་དེ་ལས་ཀྱང་འཆར་གཞི་དང་བརྟན་བརླིང་མངའ་བ་ནི་ངའི་མ་ཡུམ་དང་འདྲ་ལ། ཀུན་ལ་བྱམས་བརྩེ་དང་སྙིང་རྗེ་མངའ་བ་ཡང་ངའི་ཡུམ་ཆེན་དང་མཚུངས་པར་མ་ཟད། ཁྱེད་ལ་ད་རུང་མཁྲེགས་ཤིང་བརྟན་པའི་རང་གཤིས་དང་རྟག་བརྟན་ཐེར་ཟུག་གི་སྒམ་བརླིང་ཡོད་པ་ནི་སྨྲས་མ་དགོས་མོད། ད་དུང་རི་སྐྱེས་སྲོག་ཆགས་དང་མཐོང་དང་མཐོང་བའི་སྐྱེ་དངོས་རིགས་གང་ཡོད་ཀྱི་རེ་བའི་གསོན་ཤུགས་ཀྱི་ཞིང་ས་དང་། འབྲོག་སྦྲ་ནག་ཅན་པོའི་རྟ་ནོར་ལུག་གསུམ་དང་རོང་ཞིང་ས་ཅན་པོའི་གྲོ་ནས་སྲན་གསུམ་སོགས་ཀྱི་ཚེ་བླ་སྲོག་གསུམ་གྱི་དབུགས་རྒྱུན་དང་དགེ་བཅུའི་དཔལ་ཡོན་ཚང་མ་ཁྱེད་ཀྱི་པང་ནས་འཁྲུངས་ཤིང་བྲང་ནས་འབུས་པ་ཡིན་པས། ཁྱེད་ཀྱི་བྲང་ཁོག་མཐའ་ཀླས་ཤིང་རྒྱ་ཆེ་བས་ངས་དྲི་མེད་ཀྱི་སེམས་པ་དང་ལྷད་མེད་ཀྱི་ཡིད་རྟོན་ཡོད་ཚད་ཁྱེད་ལ་གཏད་ཡོད་པ་ཚོར་བྱུང་ངམ། འདི་ལྟར་ཁོར་ཡུག་སྲུང་སྐྱོང་གི་ལེགས་ཉེས་གང་ཡིན་ཐམས་ཅད། གཙོ་བོ་མིས་རང་ངོ་མ་ཟིན་ཅིང་རང་སེམས་མ་གནོན་པ་དེ་རིང་གཞི་ནས་ཤེས་སོང་བས།མ་ཡུམ་ལྟ་བུའི་ས་ཆེན་ཁྱེད་ལ་སྙིང་ནས་བཤགས་ཤིང་ཡིད་ཀྱིས་བཟོད་གསོལ་ཞུས་པ་ལགས་ལ། མུ་ནས་རང་བྱུང་སྐྱེ་དངོས་དང་བཅུད་ཀྱིས་འཚོ་བཞིན་པའི་ལུས་སྲོག་གི་རྒྱུན་ཐག་དང་ཚེའི་འདུ་བྱེད་ཅི་ཙམ་ཡོད་པ་དེ་ཡང་ཁྱེད་ལ་ཁེན་ཅིང་བསྲིངས་ཡོད་པའི་ས་ཆེན་པོ་ཁྱེད་ནི། འབྱུང་བཞིའི་སེམས་ཀྱི་དྭངས་མ་དང་ལུས་ཀྱི་ཟུངས་ཁྲག་འབུལ་ས་ཡིན། ཁྱེད་ང་དང་བྲལ་ན་ངའི་འཚོ་བའི་གཞི་རྟེན་མེད་འགྲོ་ལ། ང་ཁྱོད་དང་བྲལ་ན་མཛེས་སྡུག་དང་དགེ་མཚན་གྱི་གསོན་ཤུགས་གསར་པ་དེ་དབེན་འགྲོ་བས། ང་ཚོ་ཅིས་ཀྱང་འཚོ་དགོས་ཤིང་མཐུན་ཡང་དེ་བས་དགོས་པས། གསེར་གཞོང་ལྟ་བུའི་ས་རིན་པོ་ཆེ་ལགས། ཁྱེད་ཀྱི་སྲ་ཞིང་མཁྲེགས་པའི་རང་གཤིས་དང་ང་ཚོའི་མཐུན་ཞིང་འཚོ་བའི་རྟེན་གཞི་འདི་ནམ་ཡང་ཁྲི་ལོར་ཤོག

ཆུ 

ཁྱེད་རང་གཉའ་མི་སྒུར་ཞིང་དཔའ་མི་ཞུམ་པར་སྟོང་གསུམ་གྱི་འཇིག་རྟེན་ནས་ཉུལ་ཞིང་ཁམས་གསུམ་གྱི་དྭངས་མ་ཁྱེར་ནས། གངས་དཀར་པོའི་རྣམ་སྤྲུལ་གྱིས་ཁ་བ་གངས་ཅན་གྱི་ཡུལ་ལྗོངས་ནས་གཡས་སྐོར་དང་གཡོན་སྐོར་ངང་། དམའ་མོའི་གཞོང་དང་མཐོན་པོའི་སྒང་རེ་རེར། གཉོམ་དུང་དུང་གི་སེམས་ཀྱིས་ཟགས་པའི་ཟིལ་བ་དྭངས་མོ་དེས། གང་ལ་གདུང་བའི་སྡུག་བསྔལ་དང་སུ་ལ་བསིལ་བའི་དངོས་གྲུབ་མཁོ་ན། དེ་ལ་དེ་ཡིས་ཁྱོགས་པའི་དྭངས་གཙང་གི་ལྷག་པའི་བསམ་པ་གནང་བྱུང་བས། གཟུགས་ཡོད་སེམས་མེད་ལྟ་བུའི་ཁྱེད་ཀྱི་རླབས་ཕྲེང་གི་ཟེགས་མ་རེ་རེ། ངའི་འཛམ་བུ་གླིང་གི་འབྱུང་ཁམས་ཆེན་པོར་བླ་ན་མེད་ཅིང་གོང་ན་བྲལ་བའི་ཁྱེད་ཀྱི་ཡིད་རྟོན་མི་འདོར་བར་སྣོད་དང་བརྟན་པའི་ཁོར་མོ་ཡུག་འདིར་ནེམ་ཤ་དོད་ཅིང་ལྡེམ་མྱུར་གྱི་འཁྱུག་རྩལ་ལ་ངོམ་རིན་ལྡན། སྐྱེ་དངོས་ཀྱི་ཚེ་སྲོག་ལ་ལྗང་མདོག་གི་འོད་སྣུམ་བྱུགས་ཤིང་མཁའ་དབུགས་དྭངས་མོའི་བསིལ་འཇམ་གྱི་སྤྲིན་པ་དཀར་པོ་སྟེ།  ཁྱེད་ནི་ཆེན་པོ་ནས་ཆུང་ངུ་དང་། ཆུང་ངུ་ནས་ཆེན་པོར་འགྱུར་ལ། སྐབས་འགར་སྟོད་ཕྱོགས་ལྷ་ཡུལ་དང་སྐབས་རེར་དོག་མོ་མི་ཡུལ་ནས་འོག་ཕྱོགས་ཀླུ་ཡུལ་ལ་སོགས་པའི་ཁམས་རེ་རེ་ནས། ཁ་དོག་མི་འདྲ་ཞིང་རྣམ་པ་ཡང་མི་གཅིག་པར་འགྲོ་བའི་དོན་མཛད་པར་བཞུར་འགྲོ་བ་ནི། ཁྱེད་ཀྱི་ངལ་མེད་རླབས་ཆེན་གྱི་མཛད་བཟང་ལགས་པས། ཁྱེད་ང་དང་བྲལ་ན་ངའི་ཀླད་པ་རྩ་དཀར་གྱི་མཚོ་དང་སྙིང་རྩ་ནག་པོའི་མཚོ། གློ་བ་དབུགས་ཀྱི་མཚོ། མཆིན་པ་ཁྲག་གི་མཚོ། མཚེར་བ་རྨེན་བུའི་མཚོ། མཁལ་མ་ཆུའི་མཚོ།ཕོ་བ་བད་ཀན་གྱི་མཚོ། རྒྱུ་མ་མཁྲིས་ཁུའི་མཚོ། ལོང་ག་དྲི་ཆེན་གྱི་མཚོ། ལྒང་བ་དྲི་ཆུའི་མཚོ། སྣོད་མཁྲིས་དྲོད་ཀྱི་མཚོ། བསམ་སེའུ་ས་བོན་གྱི་མཚོ་སོགས་དོན་ལྔ་སྣོད་དྲུག་ལ་འཇོན་ནུས་མེད་འགྲོ་ལ། ང་ཁྱེད་དང་བྲལ་ན་དྭངས་ཤིང་གཙང་བའི་ཡན་ལག་བརྒྱད་ལྡན་ཞེས་པའི་ཤེས་བྱའི་གྲངས་ཀ་རེ་རེ་སུས་ངོམ་ཐུབ་བམ། དེ་བས་ང་ཚོར་ཅིས་ཀྱང་ལྷན་དགོས་ཤིང་འཛོམས་ཡང་དགོས་པས། རིན་ཆེན་གཏེར་མཛོད་གྱི་འབྱུང་ཁུངས་ཆུ་བོ་ཆེན་པོ་ལགས།ཁྱེད་ཀྱི་བརླན་ཞིང་གཤེར་བའི་རང་གཤིས་དང་ང་ཚོའི་ལྷན་ཞིང་འཛོམས་པ་ནེམ་ཤ་འདི་ནམ་ཡང་ཁྲི་ལོར་ཤོག

 (མེ   

རི་སྨུག་པ་ཅན་དང་ནགས་ལྗང་ལོ་ཅན། དེར་འཚོ་ཞིང་གཞེས་པའི་སྐྱེས་ལྡན་སྐྱེས་མེད་གང་དང་སུ་ཡིན་རུང་ཚང་མ་གྲང་བ་ལྡན་སར་ཚ་བ་ཡོད་ལ། ཚ་བ་ཡོད་སར་གྲང་བ་གནས་ཡོད་པ་ནི། བཟང་ངན་དང་དཀར་ནག་ལྟ་བུའི་ཤེས་རབ་ཀྱི་ཤེས་བྱའི་རིག་གནས་རེ་རེ་ཡིན་པར་མ་ཟད། འདི་ནི་མི་མཐུན་གཡུལ་རྒྱལ་གྱི་ཐབས་ཤེས་དང་། ཐབས་དང་ཤེས་རབ་ལྡན་པ་ནི་བློ་ལྡན་ཡིན་པའི་སྟབས་ཀྱིས། འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན་ཟེར་བ་དེ་ཡང་ཐབས་ཤེས་ཀྱིས་བློ་གྲོས་བཟང་པོས་ཡོང་དགོས་པ་ནང་བཞིན། འཕེལ་ཁ་དང་ཡར་རྒྱས་ཡོང་བའི་ཡར་འགྲོ་ཁྱེད་ནི། རྨོངས་པའི་མུན་པ་སྲེག་ཅིང་བློ་གྲོས་ཀྱི་སྣང་བ་ཆེས་ཆེར་གསལ་བྱེད་ཀྱི་སྒོ་མོ་སྟེ། སྨག་རུམ་སྟུག་པོའི་གཡུལ་སའི་ཛ་དྲག་དེ་ལས་ཆེ་ན་ཕར་རྒོལ་གྱི་འཁོར་གསུམ་དེ་བས་མཆིས་སྲིད་པའི་ཁྱེད་ནི།འབྱུང་བཞིའི་དབང་པོ་གསོ་མཁན་དང་འཇིག་རྟེན་འདིར་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཀྱི་ཤེས་རིག་འདྲེན་མཁན་གྱི་ཤེས་རབ་ཀྱི་མིག་ཡངས་སྐྱེལ་མཁན་ལྟ་བུ་ཁྱེད་ལས་གཞན་སུ། འདི་ནི་ཁྱེད་ལ་མངའ་བའི་དཔའ་སྤོབས་དང་གཞན་སུས་ཀྱང་འགྲན་དཀའ་བའི་བསྐལ་བའི་མེ་དཔུང་ལྟ་བུ་ཁྱེད། སྲིད་པ་ཆགས་པའི་འཇིག་རྟེན་འདིར་མེས་པོ་རུས་དཀར་ཐོད་དཀར་ཅན་ཚོའི་དགོད་སྒྲས་ཁ་རླངས་དྲོན་མོ་དང་གསོན་དུས་ཞབས་རྗེས་འཇོག་བྱེད་ཡིན། ཁྱེད་ནི་སྣོད་ལ་བཅུད་ཡོད་མེད་དང་བཅུད་ལ་ཡོན་ཏན་དང་དགེ་མཚན་ལྡན་མེད་བརྟག་བྱེད་ཀྱི་འབར་རྫས་ལྟ་བུ་ཞིག་དང་། ཉི་མ་བཞིན་བརྟན་གཡོའི་ཆོས་ཐམས་ཅད་ལ་མཛེས་སྡུག་གི་ཚེ་སྲོག་གནང་མཁན་ཡང་ཁྱེད་ཡིན་པས། ཁྱེད་ང་དང་བྲལ་ན་ཕུན་ཚོགས་ཀྱི་ལོངས་སྤྱོད་དང་དགེ་མཚན་མེད་འགྲོ་ལ་སྲོག་གི་དབང་པོར་ཤེས་པ་དེའང་རིམ་གྱིས་ཉམས་འགྲོ། ང་ཁྱེད་དང་བྲལ་ན་བརྩེ་བ་དང་ཤེས་རབ་མེད་འགྲོ་ལ་བྱམས་པ་དང་སྙིང་རྗེ་ཡང་དེ་བཞིན་མེད་འགྲོ།དེ་བས་ང་ཚོར་ཅིས་ཀྱང་འཕེལ་དགོས་ཤིང་ལྡན་དགོས་པས། ཉི་མ་ལྟ་བུའི་མེ་རིན་པོ་ཆེ་ལགས། ཁྱེད་ཀྱི་ཚ་ཤིང་སྲེག་པའི་རང་གཤིས་དང་ང་ཚོའི་འཕེལ་ཞིང་ལྡན་པའི་ཡར་རྒྱས་འདི་ནམ་ཡང་ཁྲི་ལོར་ཤོག

 རླུང   

 རི་བོ་ཆེན་པོའི་སྒང་དང་ས་གཞི་ཆེན་མོའི་བྲང་ཁོག་རེ་རེ་ན་ཁྱེད་ཀྱི་འཕར་རྩའི་ལྡང་ཕྱོགས་དང་ངའི་རྣམ་ཤེས་ཚོགས་དྲུག་འཁོར་སའི་འདུ་ཤེས་ཡོད་ལ། འབྱུང་བཞིས་བསྐྲུན་དང་སྐྲུན་བཞིན་པའི་འཇིག་རྟེན་རེ་རེ་ན། འབྱུང་བའི་ཁམས་ཀྱི་གྲུབ་ཆ་གཙོ་ཤོས་རེ་རེ་ཡོད་པ་ནི་ཁྱེད་ཀྱི་འཛད་པ་མེད་ཅིང་ཟད་མཐའ་བྲལ་བའི་ཚེ་ནོམ་ཡིན། ཁྱེད་ཀྱི་ཚེ་ནོམ་དེ་དང་ང་ཚོའི་ཚེ་སྲོག་འདི་འབྲལ་ཐབས་དང་གྱེས་ཐབས་གཞི་ནས་དབེན་པས། ད་ནས་བཟུང་ང་ཚོ་ནི་འཛམ་གླིང་གི་ཆ་ཤས་རེ་རེ་ཡིན་པ་ཤེས་རྟོགས་བྱུང་དུ་བཅུག་ནས། ཁོར་ཡུག་འདིའི་འདས་མ་ད་གསུམ་གྱི་དཀའ་སྡུག་ལ་རྔུལ་ཆུ་འདོན་དགོས་ཤིང་ལས་དབང་ལ་སྲུང་སྐྱོང་བྱ་དགོས། འདི་ནི་མིར་སྐྱེས་པ་བླངས་པའི་དོན་སྙིང་ལྡན་དགོས་ན་རང་དོན་ཁོ་ན་ཙམ་མ་ཡིན་པར་གཅིག་ལ་གཅིག་བརྟེན་གྱིས་གནས་པའི་འགྲོ་བ་སེམས་ཅན་གྱི་དོན་དང་།སྒོས་སུ་རང་དོན་གཙོ་བོ་ཡང་གཞན་དོན་དོན་གཉེར་གྱི་བརྟན་པའི་སྣོད་དང་གཡོ་བའི་བཅུད་ལ་གཅེས་སྤྲས་དང་གཉོར་སྐྱོང་རེར་གཞོལ་ཅི་ཐུབ་བྱེད་ན། ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་ཡང་འདི་ལས་གཞན་མེད་སྟབས། འདི་ནི་རླུང་ཁམས་ཆེན་པོས་ང་ཚོར་མི་ལ་གནང་བའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡང་དག་ཅིག་ཅི་ལ་མིན། དེ་བས་ཁྱེད་ང་དང་བྲལ་ན་ཆེས་འཇིགས་ཡེར་ཞིང་ཡ་ང་བའི་སྐྱོ་སྣང་མོད་ལ། ང་ཁྱེད་དང་བྲལ་ན་མི་རིགས་འདིའི་ཕ་ས་ཕ་ཡུལ་གྱི་ཕ་སྐད་མ་ཡིག་གི་དབུགས་རྒྱུན་ཆད་འགྲོ་བས། ང་ཚོར་ཅིས་ཀྱང་འགྲིག་དགོས་ཤིང་ཆ་དགོས་པས། བརྟན་གཡོའི་ཚེ་སྲོག་ལྟ་བུའི་རླུང་རིན་པོ་ཆེ་ལགས། ཁྱེད་ཀྱི་ཡང་ཞིང་གཡོ་བའི་རང་གཤིས་དེ་དང་ང་ཚོའི་འགྲིག་ཅིང་མཐུན་པའི་བྱ་གཞག་འདི་ནམ་ཡང་ཁྲི་ལོར་ཤོག

གཟའ་ཉི་མའི་སེམས་ཁམས་ལ་ཉི་མ་བཞིན་འོད་སྣང་དབེན་ཡང་བདག་གི་བློ་མིག་ལ་ཤེབ་རབ་ཀྱི་སྣང་བ་སྩོལ་མཁན་རྣམ་པའི་ཐུགས་ཉི་མའི་དཀྱིལ་འཁོར་གྱི་བྱིན་མཐུ་ལས་བཞེངས་པའི་ས་ཆུ་མེ་རླུང་ཞེས་པའི་སྣོད་བཅུད་རྟགས་མའི་ལྷུག་རྩོམ་གྱི་འགྲན་རྩོམ་འདི། འདི་ལྟར་མཇུག་བསྡུ་བའི་དུས་ལ་ཐོན་དུས་གཟའ་ཉི་མའི་ཉི་མ་ནུབ་ལ་ཉེ་ཞིང་ས་སྲོད་ཀྱི་མུན་པའི་དཀྱོགས་མཚམས་སྣེ་ན། མག་ཅིང་མོག་པའི་སྨག་རུམ་ན་ཟླ་འོད་འཛུམ་ཞལ་དང་ལག་འཇུ་མེད་ལ་འདུ་འགོད་དང་འུར་ཟུང་ཁྲོད་ན་མི་ཚང་མ་རང་ཁྱིམ་དུ་འགྲོ་བར་བྲེལ་བ་ནི་གཞི་ནི་རྟོགས་ཐུབ་མོད། ཁེར་འགྲོ་བའི་ཁུ་སིམ་ཞིང་ཁ་རོག་གེར་རྩོམ་པ་བོ་གྲགས་ཅན་སེ་ཡ་ཐུ་ཟེར་བའི་གསུང་ཞིག་དྲན་ཡོང་སྟེ། ས་གཞི་ནི་འགྲོ་བ་མིར་དབང་བ་མ་ཡིན་ལ། འགྲོ་བ་མི་ནི་ས་གཞི་ལ་དབང་བ་ཡིན་ཞེས་པའི་གསུང་དུམ་འདིས། དེ་རིང་བདག་གིས་བྲིས་པའི་ཁོར་ཡུག་སྲུང་སྐྱོང་དང་། སྣོད་བཅུད་སྲུང་སྐྱོང་། བརྟན་དང་གཡོ་བ། ས་ཆུ་མེ་རླུང་། ཁྱེད་དང་ང་། ཚང་མ་སྣོད་དང་བཅུད་གཉིས་ལ་རྟེན་ཅིང་འབྲེལ་བ་ཡོད་པར་སེམས་ཀྱིས་རྟོགས་ཤིང་ཡིད་ཀྱིས་དྲུངས་ནས་མཇུག་བསྡུ་དགོས་པར་བསྟན་ཡོད་པ་དེ་བཞིན་ལགས་ལ། ང་ཚོར་མེད་དུ་མི་རུང་ཞིང་འབྲལ་ཐབས་མེད་པ་ནི་ས་ཆུ་མེ་རླུང་ཡིན་ལ། འདི་དང་མཉམ་མཐུན་མཉམ་གནས་ངང་འཚོ་ལམ་དངོས་གནས་ཤིག་བཙལ་ཞིང་སྙེག་དགོས་པ་དེ་ཡང་ང་ཚོར་ཅིས་ཀྱང་མེད་དུ་མི་རུང་བའི་འཚོ་བའི་རྒྱུན་ཤེས་ཤིག་ཡིན་པའང་མཁྱེན་དགོས་པ་དེ་བཞིན་ལགས་སོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།