དཔྱད་རྩོམ་གྱི་གནད་བཏུས་དང་གནད་ཚིག་འབྲི་ཚུལ།

WechatIMG377.jpeg

ཕྲན་གྱིས་ལོ་ངོ་སུམ་ཅུ་ལ་རྩོམ་སྒྲིག་གི་ལས་ཀ་གཉེར་ཞིང་། ལོ་དེ་དག་གི་རིང་ལ་རྩོམ་སྒྲིག་ཁང་དུ་དཔྱད་རྩོམ་བཟང་ངན་སྣ་ཚོགས་དང་། དཔྱད་རྩོམ་ཡིན་མིན་ཅི་རིགས་བསྐུར་ཡོང་བ་ཡང་བགྲང་གིས་མི་ལང་། ཉེ་བའི་ལོ་འགའི་རིང་ནས་བཟུང་དུས་དེབ་མང་ཤས་ཚད་ལྡན་དུ་གྱུར་ཅིང་། རིག་གཞུང་དཔྱད་རྩོམ་གྱི་རྩོམ་སྟངས་ཀྱང་རྒྱལ་སྤྱིའི་ཚད་ལྡན་གྱི་ཕྱོགས་ལ་གོམ་ཁ་སྒྱུར་འགོ་ཚུགས།  ཡིན་ན་ཡང་། བསྐུར་ཡོང་བའི་རྩོམ་ལས། ཁ་ཤས་ཀྱིས་རྩོམ་པ་པོའི་མིང་བཀོད་མེད་པའམ། ཁ་ཤས་ཀྱིས་འབྲེལ་གཏུགས་ཁ་པར་དང་ས་གནས་སོགས་མཁོ་སྤྲོད་བྱས་མེད་པ། ཁ་ཤས་ནི་དཔྱད་གླེང་རིགས་ཀྱི་རྩོམ་ཡིག་གམ་ངོ་སྤྲོད་རང་བཞིན་གྱི་རྩོམ་ཡིག་ཡིན་པ་ལས་དཔྱད་རྩོམ་མིན་པ། ཁ་ཤས་ནི་དཔྱད་རྩོམ་གྱི་དཔྱད་གཞི་འདེམ་པ་དང་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་རིམ་རྣམས་ལེགས་ན་ཡང་། གནད་བཏུས་སུ་བརྒྱུད་རིམ་ཙམ་བྲིས་པ་ལས་དཔྱད་འབྲས་སམ་གནད་དོན་ཅི་ཞིག་ཐག་བཅད་པ་བྲིས་མེད་པ་སོགས་སྣ་ཚོགས་མཆིས། གནས་ཚུལ་དེ་དག་ལ་གཞིགས་ཤིང་། རང་ཉིད་རྩོམ་སྒྲིག་པ་ཞིག་དང་དགེ་རྒན་ཞིག་ཡིན་པའི་ཆ་ནས་རྩོམ་སྐུར་མཁན་ནམ། དཔྱད་རྩོམ་འབྲི་བའི་ལས་དང་པོ་བའམ། ཡང་ན་སློབ་མ་རྣམས་ཀྱིས་གནད་བཏུས་གནད་ཚིག་ཚད་ལྡན་ཞིག་འབྲི་བར་དེའི་ཕྱོགས་ཀྱི་སྤྱི་སྲོལ་རང་བློས་གང་དཔོག་གིས་ངོ་སྤྲོད་ཙམ་ཞུས་ན་ཕན་ཅུང་ཟད་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་གིས་འབྲི་བར་འདོད་དེ།

དེ་ཡང་། གནད་བཏུས་ནི་དེང་རབས་རིག་གཞུང་དཔྱད་རྩོམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཡིན་ན་ཡང་། སྤུས་ཀ་མཐོ་བའི་གནད་བཏུས་ནི་ད་ལྟའི་བར་དུ་མཐོང་དཀོན་ཞིང་། རྩོམ་པ་པོ་མང་ཆེ་བས་གནད་བཏུས་ཀྱི་རྩོམ་འབྲིའི་ཚད་གཞི་ཁོང་དུ་ཆུད་མེད། གནད་བཏུས་ཀྱི་རྩོམ་འབྲི་ཁོང་དུ་ཆུད་པ་ནི་དཔྱད་རྩོམ་ལེགས་པོ་ཞིག་འབྲི་བའི་གཞི་རྩའི་ནུས་པ་ཡིན།

གནད་བཏུས་ཀྱི་མིང་གི་རྣམ་གྲངས་ལ། ནང་དོན་གཙོ་བཏུས་དང་། ནང་དོན་གནད་བསྡུས། གཙོ་བཏུས། གནད་བསྡུས་བཅས་བྱ་ཞིང་། དེས་དཔྱད་རྩོམ་གྱི་ནང་དོན་མདོར་འདྲིལ་བ་དམིགས་ཡུལ་ཡིན་ཞིང་། དཔྱད་གཏམ་མི་བརྗོད་ཅིང་། ཁ་གསབ་ཀྱི་འགྲེལ་བཤད་ཀྱང་མི་བྱ་བར། གནད་དུ་འཁེལ་བ་དང་ཉུང་ཞིང་བསྡུས་པས་དཔྱད་རྩོམ་གྱི་ནང་དོན་མཚོན་པའི་རྩོམ་ཐུང་ཞིག་ཡིན། གནད་བཏུས་ཀྱིས་ཀློག་པ་པོར་དཔྱད་རྩོམ་བཤེར་འཚོལ་བྱ་བར་རམ་འདེགས་བྱ་དགོས་ཏེ། ཆེས་ཐུང་བའི་དུས་ཚོད་ནང་ཀློག་པ་པོས་ཆ་འཕྲིན་ཁོང་དུ་ཆུད་པ་དང་། ཞིབ་འཇུག་གི་བྱ་བ་དང་རྩོམ་ཡིག་གི་ནང་དོན་གཙོ་བོ་དང་དཔྱད་འབྲས་རྒྱུས་ལོན་བྱས་པ་ལ་བརྟེན་ནས། རྩོམ་ཡིག་ཧྲིལ་བོ་ཞིབ་ཀློག་བྱ་དགོས་མིན་ཐག་གཅོད་བྱེད་དགོས། གནད་བཏུས་ནི་རྩོམ་ཡིག་གི་ལྟ་བའི་ཉིང་བསྡུས་ཡིན་པས། དེའི་གཙོ་གནད་ནི་དཔྱད་འབྲས་ཡིན། གནད་བཏུས་ཀྱི་ནང་དོན་ལ་དཔྱད་རྩོམ་དང་ཚད་འདྲ་བའི་ཆ་འཕྲིན་གཙོ་བོ་འདུ་དགོས་པས། རྩོམ་ཡིག་ཧྲིལ་བོ་མ་བཀླགས་ན་ཡང་ཆ་འཕྲིན་གཙོ་བོ་འཐོབ་ཐུབ་དགོས།     ཅིའི་ཕྱིར་གནད་བཏུས་འབྲི་དགོས་ཤེ་ན། གཅིག་ནས་ཀློག་པ་པོས་རྩོམ་ཡིག་ཧྲིལ་བོ་ཁོང་དུ་ཆུད་པ་ལ་སྟབས་བདེ་བཟོ་བ་སྟེ། ཀློག་མཁན་གྱིས་གནད་བཏུས་བཀླགས་པ་ལ་བརྟེན་ནས་འཕྲལ་དུ་རྩོམ་ཡིག་གི་ནང་དོན་དང་སྒྲིག་གཞི་ཁོང་དུ་ཆུད་ཐུབ་པ་དང་། དེ་ལ་བརྟེན་ནས་མུ་མཐུད་དུ་རྩོམ་ཡིག་ཧྲིལ་བོ་ཀློག་དགོས་མིན་ཐག་གཅོད་བྱ་ཐུབ།  གཉིས་ནས་གནད་བཏུས་ཀྱི་སྤུས་ཀའི་ལེགས་ཉེས་ཀྱིས་སྐབས་རེར་དཔྱད་རྩོམ་འགོད་ཐུབ་མིན་ཐག་གཅོད་བྱེད། རྩོམ་སྒྲིག་པས་ནམ་རྒྱུན་གནད་བཏུས་ལ་བརྟེན་ནས་དཔྱད་རྩོམ་གྱི་ནང་དོན་ལ་རྒྱུས་ལོན་བྱེད་པ་དང་། དཔྱད་རྩོམ་གྱི་རིན་ཐང་ལ་བརྡར་ཤ་གཅོད་པར་བྱེད། གལ་ཏེ་གནད་བཏུས་བྲིས་པ་རྩ་ངེ་རྩང་ངེ་ཡིན་ན། སྤྱིར་བཏང་དུ་དཔྱད་རྩོམ་འབྲི་མཁན་གྱི་ཆུ་ཚད་དམའ་བ་ཐག་གིས་གཅོད་ནུས་པས། དཔྱད་རྩོམ་འདེམ་དུས་འདོར་བར་འགྱུར། རྒྱུ་མཚན་དེའི་དབང་གིས་རྩོམ་པ་པོས་གནད་བཏུས་ཀྱི་གལ་ཆེན་རང་བཞིན་དང་གནད་བཏུས་ལེགས་པོ་འབྲི་བའི་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བལྟས་མ་ཐག་ཏུ་ལས་སླ་ཞིང་། ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བར་འདོད་པའི་གནད་བཏུས་འདི་ནན་ནན་གྱིས་ལེགས་པོར་འབྲི་དགོས།  གནད་བཏུས་འབྲི་བའི་གཞི་རྩའི་རེ་བ་ནི།      ༡ གནད་བཏུས་ཀྱིས་ཉུང་ཞིང་འདྲིལ་ལ། གནད་ལ་འཁེལ་བ་དང་། ཐད་ཀར་ལྟ་བ་གཙོ་བོའམ་དཔྱད་འབྲས་མཚོན་དགོས།      ༢ རྩོམ་ཡིག་གི་ཁ་བྱང་དང་པོ་དང་ཁ་བྱང་ཟུར་པ་དང་། ཁྱད་པར་དུ་ལྟ་བ་མཚོན་པའི་ཁ་བྱང་ཆུང་བའི་རིགས་འོས་འཚམ་གྱི་རྣམ་པས་གནད་བཏུས་སུ་འབྲི་དགོས། འདི་ནི་གནད་བཏུས་ཀྱི་རྩོམ་འབྲིའི་ཐབས་རྩལ་ཅུང་སླ་བའི་རིགས་ཡིན།     ༣ གནད་བཏུས་ཀྱིས་མཚོན་སྐབས་སྔ་ཕྱིའི་གཏན་ཚིགས་ཀྱི་ཆ་ཚང་རང་བཞིན་ལ་བསམ་བློ་གཏོང་དགོས་ཏེ། གནད་བཏུས་ལ་བརྟེན་ནས་རྩོམ་ཧྲིལ་བོའི་སྒྲིག་གཞི་དང་ལྟ་བ་གཙོ་བོ་མཚོན་ཐུབ་དགོས།    ༤ གནད་བཏུས་ཀྱི་ཡིག་གྲངས་ནི་ཚེག་བར་ཉིས་བརྒྱའི་ཡན་ལ་བརྒལ་མི་ཆོག་ཅིང་། རིག་གཞུང་གི་རང་བཞིན་ཆེ་དྲགས་པ་དང་། ནང་དོན་གྱི་འདུ་རྒྱ་ཤིན་ཏུ་ཆེ་བ་དང་། ཡིག་གྲངས་ཤིན་ཏུ་མང་བའི་དཔྱད་རྩོམ་གྱིས་ཡིག་གྲངས་གང་འཚམ་གྱིས་ཇེ་མང་དུ་བཏང་ཆོག །    ༥ གནད་བཏུས་དང་རྩོམ་གྱི་དངོས་གཞི་གཉིས་ཡིག་ཚུགས་དང་ཡིག་ཨང་མི་འདྲ་བ་ལ་བརྟེན་ནས་རྩོམ་པ་པོའི་མཚན་དང་གནད་ཚིག་གི་བར་དུ་སྒྲིག་དགོས།      གནད་བཏུས་ཁ་ཤས་ལས་ཞིབ་འཇུག་གི་རྒྱབ་ལྗོངས་དང་དོན་སྙིང་མང་པོ་འབྲི་བ་དང་། ཅི་ཞིག་སྒྲུབ་པ་ངོ་སྤྲོད་བྱེད་པ་ལས། བྱེ་བྲག་གི་ནང་དོན་ཅི་ཡིན་པ་དང་། བྱེ་བྲག་གི་ཆོས་ཉིད་ཅི་ཡིན་པ། བྱེ་བྲག་གི་འབྲས་བུ་ཅི་ཡིན་པ་སོགས་བརྗོད་མེད། དེ་བས་གནད་བཏུས་འབྲི་སྐབས་དོ་སྣང་བྱེད་དགོས་པ་ནི།    ༡ ངོ་སྤྲོད་རང་བཞིན་གྱི་ཚིག་གིས་འབྲི་མི་དགོས་པ།    ༢ རང་གིས་རང་ལ་དཔྱད་གཏམ་མི་བརྗོད་པ།    ༣ ཁ་གསབ་ཀྱི་འགྲེལ་བཤད་མི་བྱེད་པ།     ༤ ལུང་ཚིག་མི་འདྲེན་པ།     ༥ རྩོམ་ཡིག་འདི་དང་ཞིབ་འཇུག་འདི་ལྟ་བུའི་ཚིག་མི་འབྱུང་བ།    ༦ འདི་དང་འདི་ལ་དཔྱད་པ་བཏང་ཡོད་ཅེས་པའི་ཚིག་མི་འབྱུང་བ།     ༧ སྨྱུག་ཐོགས་པ་དང་། བདག་གམ་བདག་ཅག་ལྟ་བུའི་སྐྱེས་བུ་མཆོག་གི་སྒྲ་མི་འབྱུང་བ།     ༨ མགོ་བརྗོད་དང་མཇུག་བསྡུའི་ཁག་གི་ནང་དོན་ཇི་མ་ཇི་བཞིན་དུ་མི་སྤོར་བ་བཅས་སོ། །

གནད་ཚིག་གི་མིང་གི་རྣམ་གྲངས་ལ། གནད་འགག་མིང་བརྡ་དང་། བརྡ་ཆད་གཙོ་བོ། མིང་བརྡ་གཙོ་བོ་ཞེས་བྱ་ཞིང་། དེ་ནི་དཔྱད་རྩོམ་གྱི་ཁ་བྱང་དང་། གནད་བཏུས། དངོས་གཞི་བཅས་ལས་འདེམ་ལེན་བྱེད་དགོས་པ་དང་། དཔྱད་རྩོམ་གྱི་དགོངས་གཞི་མཚོན་པར་བྱེད་པའི་མིང་ཚིག་དང་བརྡ་ཆད་ཅིག་ཡིན།

གནད་ཚིག་ཏུ་ཞིབ་འཇུག་བྱ་ཡུལ་དང་། ཞིབ་འཇུག་ཐབས་ལམ་སོགས་འདུ་དགོས་ཤིང་། དཔྱད་རྩོམ་ཞིག་ཏུ་ཉུང་མཐའ་མིང་བརྡ་གསུམ་དང་། མང་མཐའ་མིང་བརྡ་བརྒྱད་ལས་མི་བརྒལ་ཞིང་།  དེ་ཡང་འཐུས་ཚབ་རང་བཞིན་ལྡན་ཞིང་འདུ་ཕུལ་ཆེ་བ། རྩོམ་ཧྲིལ་བོའི་ནང་དོན་མཚོན་ནུས་པ། ཉུང་ཞིང་གོ་སླ་ལ་ཀུན་ལ་གྲགས་པའི་ཐ་སྙད་དང་རིག་གཞུང་བརྡ་ཆད་ལས་རང་བཟོའི་ཐ་སྙད་དང་བརྡ་རྟགས་སོགས་དགོད་པར་མི་བྱའོ། ། དཔྱད་རྩོམ་མང་ཤས་ལས་གནད་ཚིག་གསུམ་ནས་ལྔའི་བར་འདེམ་ལེན་བྱེད་ཅིང་། རྩོམ་ཡིག་ཁ་ཤས་ཏེ་བརྗོད་བྱ་སྣ་གཅིག་ཅན་ལ་གནད་ཚིག་གསུམ་དང་། བརྗོད་བྱ་ཅུང་རྒྱ་ཆེ་བའི་དཔྱད་རྩོམ་ལ་གནད་ཚིག་ཅུང་མང་པོ་འདེམ་ལེན་བྱ་ན་ཡང་བརྒྱད་ཀྱི་ཡན་ལ་བརྒལ་མི་རུང་།

གནད་ཚིག་ནི་རྩོམ་གྱི་དངོས་གཞིའི་ཡིག་གཟུགས་དང་ཡིག་ཨང་དང་ཁྱད་པར་ཕྱེ་ནས་གནད་བཏུས་ཀྱི་གཤམ་གྱི་ཚན་པ་ཞིག་ལ་སྒྲིག་དགོས། དེ་ཡང་གནད་ཚིག་ནི་དཔྱད་རྩོམ་བརྩམས་གྲུབ་རྗེས། ཁ་བྱང་དང་། ཁ་བྱང་ཆུང་བ་དང་། གཞན་ཡང་རྩོམ་གྱི་དངོས་གཞི་ལས་བྱུང་ཚད་ཆེས་མཐོ་ཞིང་གནད་འགག་ཅན་གྱི་མིང་བརྡ་ལས་འདེམ་དགོས། 

དཔེར་བརྗོད།

༄༅། །དགེ་བཤེས་ཤེས་རབ་རྒྱ་མཚོས་ཞོལ་བཀའ་འགྱུར་ ལ་ཞུས་དག་བྱས་པའི་སྐོར་གྱི་ཡིག་ཆ་འགའི་དོགས་གཞི་ལ་དཔྱད་པ།

རིན་ཆེན་བཀྲ་ཤིས།

[གནད་བཏུས]དགེ་བཤེས་ཤེས་རབ་རྒྱ་མཚོས་ཞོལ་བཀའ་འགྱུར་ལ་ཞུས་དག་མཛད་པའི་ཡིག་ཆ་གལ་ཆེན་མང་པོ་ལས་ཞུས་དག་གི་དུས་ཡུན་དང་ལོ་ཚིགས། མི་སྣ་སོགས་གཅིག་མཐུན་མིན་པ་མ་ཟད། ཞོལ་བཀའ་འགྱུར་དཀར་ཆག་ཏུ་དགེ་བཤེས་ཤེས་རབ་རྒྱ་མཚོའི་མཚན་གྱི་ཟུར་ཙམ་ཡང་གླེང་མེད།དོན་ལ་སྤྱི་ལོ1920ནས་བཟུང་མཚན་ཞབས་བདེ་ཡངས་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་གཉིས་ནས་དཔལ་སྣར་ཐང་གི་བཀའ་འགྱུར་གཞིར་བཞག་གི་པར་ཡིག་གསར་བྲིས་ཀྱིས་མཚོན་ཞུས་དག་གི་ཐུགས་འགན་བཞེས་ཚད་རྨད་དུ་བྱུང་བ་བསྐྱངས་རུང་། སྤྱི་ལོ་1923ལོར་མཚན་ཞབས་བདེ་ཡངས་གཤེགས་པས་ཚབ་ལ་ཚ་བ་ཁྲི་སྤྲུལ་བསྐོ་བཞག་གནང་། སྤྱི་ལོ་1931ལོའི་ཟླ་བ་5པར་དགེ་བཤེས་ཚང་གིས་ནོར་གླིང་ནས་བཀའ་འགྱུར་ལ་ཞུས་དག་གནང་ཚར་ནས་དགོན་པར་གསར་དུ་བསྐྱོད་པས་བསྡོམས་པས་ལོ་བཅུ་གཅིག་ལ་ཞུས་དག་གནང་བ་དང་། དེ་ནས་མཚན་ཞབས་སྟག་བྲག་དང་། སེར་སྨད་ཀོང་པོ་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱིས་གཙོ་བྱས། ཞུས་དག་གྲོགས་དན་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང་། སེར་བྱེས་ལྷོ་པ་ངག་ལྡན་དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་སྣར་ཐང་པར་མ། རྒྱལ་རྩེ་ཐེམ་སྤངས། སྡེ་དགེའི་མཚལ་པར་སོགས་བཀའ་འགྱུར་གོང་མ་རྣམས་དང་གོ་བསྡུར་གྱིས་ཞུས་དག་ལན་གཉིས་བྱས་ཏེ་ཤིང་ཕོ་ཁྱི་སྟེ་སྤྱི་ལོ1934ལོར་རྫོགས་པར་གྲུབ་པའོ། །དཀར་ཆག་ནི།  སྟག་བྲག་དང་ཚ་སྤྲུལ་གཉིས་ཀྱི་མཚན་བཀོད་ཡོད་ནའང་། སྤྱི་ལོ་1930ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཆས་བུ་ཤིས་བློ་བཟང་རྒྱ་མཚོ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་བར་ཕེབས་དགོས་པའི་བཀའ་ཡིག་བསྩལ་བས་རྗེ་ཉིད་ནོར་གླིང་དུ་ཕེབས་ནས་ལོ་གཉིས་ཙམ་སོང་རྗེས་སྐུ་གཤེགས་པས་མཇུག་སྐྱོང་མ་ནུས། མཚན་ཞབས་སྟག་བྲག་གི་བཀའ་བཞིན་སྐྱབས་རྗེ་ཕ་བོང་ཁས་གསང་བའི་སྒོ་ནས་མཛད་པའོ། །

[གནད་ཚིག]དགེ་བཤེས་ཤེས་རབ་རྒྱ་མཚོ། ཞོལ་བཀའ་འགྱུར། ཡིག་ཆ། དོགས་གཞི། རྟོག་དཔྱོད།

ཞེས་པ་ལྟ་བུའོ། ། འདིས་ཀྱང་སྐལ་བ་དང་ལྡན་པ་རྣམས་ལ་སྨན་ཡོན་རྒྱ་ཆེན་པོ་འདོགས་པར་སྨོན་ཞིང་། གླེང་བྱའི་དོན་དང་དོན་མིན་རྣམ་གཞག་རྣམས། །མ་ངེས་མཁས་རྣམས་ཁྲེལ་བའི་རྒྱུ་རུ་ངེས། ། དེ་ཕྱིར་འཛམ་གླིང་སྤྱི་སྲོལ་སྲོག་བཟུང་ན། །ཞིབ་འཇུག་པདྨོའི་དགའ་ཚལ་འཕེལ་བར་འགྱུར། །


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

WechatIMG376.jpeg

རིན་ཆེན་བཀྲ་ཤིས། སྤྱི་ལོ1966ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སུམ་བྷ་སྡེ་བ་རུ་སྐྱེས། ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་ཁྲིད་སྟོན་དགེ་རྒན། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་བཅས་འཁུར་ཡོད།  བྱ་བར་ཞུགས་པ་ནས་བཟུང་། དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མའི་འཛིན་གྲྭ་ལ། རྩོམ་འབྲི་རིག་པ་དང་། རྩོམ་རིག་གཞུང་ལུགས། བོད་ཀྱི་གནའ་རབས་རྩོམ་རིག། བོད་ཀྱི་དེང་རབས་རྩོམ་རིག། བོད་ཀྱི་རྩོམ་རིག་ཡིག་ཆ་རིག་པ་སོགས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར། བརྩམས་ཆོས་ལ《རྩོམ་རིག་གསར་རྩོམ་གྱི་རྣམ་བཤད་》ཅེས་པ་དཔེ་སྐྲུན་བྱས་པ་དང་། གཞན་དང་མཉམ་འབྲེལ་གྱིས《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》(སྟོད་སྨད་ཆ་)དང་། 《སློབ་ཆེན་བོད་ཀྱི་སྐད་ཡིག།》 《བོད་སྐད་ཡིག་གི་ཟུར་རྒྱན་སྐོམ་སེལ་བདུད་རྩིའི་ཆུ་རྒྱུན་》(དེབ་དགུ་)བཅས་བསྒྲིགས་པ་དང་། སྔ་རྗེས་སུ་རྩོམ་རིག་བརྩམས་ཆོས་སུམ་ཅུ་ལྷག་དང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ།

གཞན་ཡང་རྒྱལ་ཁབ་རིམ་པའི་ལས་གཞི་《དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞིབ་འཇུག་》ཅེས་པ་ལེགས་གྲུབ་བྱུང་བ་དང་། རྒྱལ་ཁབ་ཀྱི་12﹒5འཆར་འགོད་རྣམ་གྲངས་སྟེ། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་ངག་རིག་རིན་ཆེན་གཏེར་མཛོད་》དེབ་ཉི་ཤུ་གཞན་དང་མཉམ་འབྲེལ་གྱིས་བསྒྲིགས་ཟིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།