སྨག་རུམ་ཁྲོད་ཀྱི་དེ་དག

ལྗོན་པ་རེད   ཁྭ་ཏ་རེད  འགྱིག་ཤོག་རེད   མེ་རོ་རེད  རྡུལ་རེད

སྨག་རུམ་གྱི་ཁྲོད་དུ་ད་དུང་ཧ་ཅང་མང

ཁ་བས་ས་གཞིའི་སྔོ་ལྗང་ལྡག་རྗེས

དཀར་སིང་སིང་གི་ཀེང་རུས་ལུས་ལ་མནབས་ནས

འཁྱག་རེངས་ཀྱི་ལག་པས་ཁྱོད་ཀྱི་སྙིང་རྩ་སྡོམ

སྨག་རུམ་ཁྲོད་ཀྱི་དེ་དག  ཁ་བ་རེད  གཡོ་ཁྲམ་རེད  རྣོ་གྲི་དང་ཟུངས་ཁྲག་རེད

སྨག་རུམ་ཁྲོད་ཀྱི་དེ་དག  འཁྱག་སིབ་སིབ་ཀྱི་ཚོར་བ་རེད  ཞེད་ཅིང་དངངས་པའི་འཇིགས་པ་རེད

སྨག་རུམ་ཁྲོད་ཀྱི་དེ་དག་ཉིན་མོའི་དཀར་ངོགས་དང་ཡེ་ནས་འབྲེལ་བ་མེད་ཟེར་ཕོད་དམ

 

དགུན་ཁའི་རྨི་ལམ་གྱི་དབུས་སུ  བཞད་མ་ཐག་པའི་མེ་ཏོག་ཅིག་རྙིད་འདུག

སེམས་ཀྱིས་མཐོང་བའི་འཇིག་རྟེན་ཁྲ་ཁྲ་འདི

ལག་པས་རེག་ཚེ་འཁྱག་ཤུར་ཤུར   འཁྱག་ཤུར་ཤུར

ཁྱོད་སྨག་ལ་ཞོན་ནས་ངའི་ཞོགས་པའི་གངས་ཐང་དུ་སླེབས་དུས

ངའི་རྣམ་ཤེས་ཀྱི་འཇའ་ཚོན་སྨག་ལ་ལྕེབས་སོང

 

སྨག་རུམ་ཁྲོད་དུ  མེ་འབར་བཞིན་འདུག  

སྨག་རུམ་ཁྲོད་དུ  ལྐོག་ཇུས་ལང་ལོང

 

སོང་སོང་ནའང་སྨག་རུམ་གྱི་ཕ་མཐའ་མངོན་མ་བྱུང

སྨག་རུམ་གྱི་ཁྲོད་དུ  སྨག་རུམ་གྱི་དཔུང་བ་སྦོམ་པོས་འཇིག་རྟེན་གྱི་སྒེའུ་ཁུང་བཅད་དེ

ཁྱོད་ཀྱི་རྨི་ལམ་ཁྲོད་དབྱར་ཁ་ཞིག་རྟོག་བཟོ་བགྱིས་ཤིང

ཁྱོད་ཀྱི་འཛུམ་མདངས་ལ་མཐའ་ཤན་བཟོས་ཏེ་རྩིགས་ལྡེབས་སུ་བཀལ་འདུག

སྨག་རུམ་ཁྲོད་ཀྱི་དེ་དག  རླུང་རེད  ཁྱོད་ཀྱིས་རླུང་མཐོང་ཐུབ་བམ

སྨག་རུམ་ཁྲོད་ཀྱི་དེ་དག  དབུགས་རེད  ཁྱོད་ཀྱིས་དབུགས་མཐོང་ཐུབ་བམ   

སྨག་རུམ་ཁྲོད་ཀྱི་དེ་དག   སྒྲ་རེད  ད་དུང་དྲི་རེད  ཁྱོད་ཀྱིས་མཐོང་ཐུབ་བམ

 

སྨག་རུམ་ཁྲོད་ཀྱི་དེ་དག

མཚམས་མཚམས་སུ་ཁྱོད་དང་ང་ཡང་ཡིན་སྲིད

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།