གཤོག་པ་རྨས་མ།

འཕུར་འཕུར་རྗེས  གཤོག་པ་འདི་རྨས་མ་ཞིག་ཡིན་པ་ཚོར

གཤོག་པའི་ཁུད་དུ་སེམས་དོན་རྨས་མ་ཞིག་གཅུད་ནས

སྟོང་བའི་དབྱིངས་སུ་རེ་བ་རྨས་མ་ཞིག་བཏབ

 

ཉི་གཞོན་སྒོར་མོ་རླུང་གི་ཁ་གཏད་དུ་བསྒྲོན་པ་ནས

སྤྲིན་པ་ཟེར་བའི་ལྭ་བ་རལ་བོ་ཞིག་གིས

ཁྱོད་དང་འུ་གཉིས་ཀྱི་ལས་དབང་བསྒྲིབས་ནས

སྙིང་གི་འཕར་ལྡིང་ཡོད་ཚད་མཐོང་རེག་མེད་པའི་སང་ཉིན་ལ་བརྒྱུས

 

ད་དུང་ཡང་འཕུར་འདོད་པའི་སེམས་ཤུགས་རླུང་ཁ་རུ་འཕྱོ་ཡང

གཤོག་པ་འདི་རྨས་མ་ཡིན་པས

ནམ་མཁའ་འདི་འུ་གཉིས་ཀྱི་མགོ་ཐོག་ནས་དཀག་སོང

ཞོགས་པ་དྲན་ཐེངས་རེར

ཡང་ན  མཚན་གྱི་མུན་པས་འཇིག་རྟེན་གྱི་དཀར་ངོགས་མ་བསད་གོང

སྟོང་འདང་གི་སྒོ་མོ་ཁྱེད་ལ་ཕྱོགས་ཀྱང

རྒྱང་རིང་ནི་རླུང་གིས་ཁུར་ཤུལ་དུ་ལྷག་པའི་འཇག་སྐྱ་ཕོན་པོ་ཞིག་གམ

ཚེར་མས་བསྣད་པའི་ལམ་ཕྲན་ཞིག་ལྟར

ཚེ་སྲོག་གི་རང་མདངས་དང་རིང་དུ་བྲལ

 

ང་ལ་གཤོག་པ་རྨས་མ་ཆ་གཅིག་ཡོད

འཕུར་འདོད་ཀྱི་འདུན་པས་ས་ཆེན་བསྒུལ་ནའང

འཕུར་མི་ཐུབ་པའི་སེམས་ངལ་ལྕི་མོ་སྙིང་ཁ་རུ་ལྗིད་ཏིག་ཏིག

མེ་ཡིས་རླབས་ཀྱིས་ཁ་སང་གི་དྲན་པ་བསྲེགས

ཆུ་ཡི་འཇིག་པས་དེ་རིང་གི་སེམས་ཁྲལ་བསྣུབས

བདག་གི་སང་ཉིན་ཁྱོད་ཀྱིས་འཁྱོག་པོར་བཟོ་སྲིད

 

གཤོག་པ་འདི་མཚམས་རེར་བོར་འགྲོ་བར་དོགས་ཀྱང

གཤོག་པ་འདི་དོན་དུ་ངའི་ཁུར་བོ་འབའ་ཞིག་ལས་ཅི

གཤོག་པ་འདིའི་དོན་དུ་སྨག་གི་འོབས་སུ་དེ་སྔ་རེ་བའི་མེ་སྟག་སྦས་མྱོང་ལ

སེམས་ཀྱི་ཟུར་དུ་དྲོད་ཀྱི་དབུགས་རྒྱུན་ཙམ་ཡང་ཉར་མྱོང

མཚམས་རེར་བསམས་ན

ནམ་མཁའ་འདིར་དཔའ་ཡོད་མེད་གཉིས་ཀ་མཉམ་དུ་གཤར་ཞིང

ས་གཞི་འདིར་ཆུ་དྭངས་རྙོག་གཉིས་ཀ་ལྷན་དུ་བཞུར་མྱོང་བས

ཁྱོད་དང་ང་ཡི་དབྱེ་བ་གསལ་བོར་དགར་བའི་རྒྱུ་མཚན་ཡང་ཅི་ལ་ཡོད

 

ས་སྲོས་ཀྱི་ཉི་གྲིབ་རིང་མོས

ངའི་སེམས་ནང་དུ་ཞེད་སྣང་གི་ནག་ཐིག་ཕབ་དུས

གཤོག་པ་རྨས་མ་འདིས་ང་མནན་ནས

དབུགས་ཀྱི་འབྱིན་རྔུབ་ཚོར་བའི་རབ་ཁ་ནས་ཤོར་ཐལ

ངའི་གཤོག་པ་རྨས་པ་ནས་བཟུང

ངའི་སེམས་པས་འཕག་འཚག་མ་བརྒྱབ་པའི་བསམ་པ་ཞིག་མེད་ཀྱང

སེམས་ཀྱི་རི་མོ་ད་ནི་མཁའ་ལ་འབྲི་ཐབས་མི་འདུག

 

ཡང་ན  ནམ་མཁས་ང་བསྐྱུར་ཟིན

ཡང་ན  ངས་ནམ་མཁའ་བློས་བཏང་ཟིན

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།