དབྱར་ཟླ་མགོ་མར་ཁ་བ་དང་ཉེ་བར་བཅར་བ།

     —ཁ་བ་ལྷ་མོ་དང་མོའི་སྙན་ངག་གླེང་བ།

ཁྲི་སེམས་དཔའ། ཁྱེད་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ངོ་སྤྲོད་རགས་ཙམ་གནང་རོགས།

 ཁ་བ་ལྷ་མོ། ངའི་ཕ་ཡུལ་ནི་མཚོ་སྔོན་པོའི་བོང་སྟག་ཅེས་པའི་འབྲོག་སྡེ་དེ་ཡིན། ངེད་ཀྱི་ཕ་ལགས་དེ་སྔ་རྫོང་གི་ལས་བྱེད་ཅིག་ཡིན་པས་ང་རང་ཧ་ཅང་ཆུང་ངུའི་དུས་སུ་ངེད་ཚང་གིས་དུས་ངེས་ཅན་ཞིག་ལ་རྫོང་ནས་འཚོ་བ་རོལ་མྱོང་བ་དྲན་པས་ཨེན་ཙམ་ཟིན་ཡོང་། དེའི་རྗེས་ཕ་ལགས་ལས་གནས་སྤར་ཏེ་ངའི་ཨ་མའི་ཁྱིམ་རྒྱུད་ཀྱི་སྡེ་བར་ཕྱིན་པ་ནས། དུས་ད་ལྟའི་བར་དུ་ད་དུང་ལུང་པ་ཆུང་ཆུང་དེ་ན་འཚོ་ཞིང་གཞེས་ཡོད། ངའི་མི་ཚེའི་ལམ་གྱི་ཁ་ཕྱོགས་འདིར་ཤན་ཤུགས་ཆེས་ཆེར་ཐེབས་ཡོད་པ་ནི་ངའི་དྲིན་ཆེན་གྱི་ཕ་འདས་པོ་ཁོང་ཡིན།ངས་བསམ་ཤེས་དུས་ཕུ་བོ་ཆེ་བས་ཁུལ་ཐོག་ན་སློབ་གྲྭ་འདོན་གྱིན་འདུག  ཕུ་བོ་ཆུང་བ་དང་ངེད་གཉིས་ཀྱི་བར་ན་ལོ་དེ་ཙམ་མེད་པས་སློབ་སྦྱོང་གི་མགོའང་ཕལ་ཆེར་མཉམ་དུ་བརྩམས་ཡོད་པ་འདྲ།   ཕ་ལགས་ནི་ངེད་མིང་སྲིང་གསུམ་གའི་དགེ་རྒན་གྱི་ཐོག་མའང་ཡིན་ཏེ།ང་ཚོ་སློབ་གྲྭར་སྐྱེལ་རན་ལ་ཐོན་དུས་སློབ་རིམ་གཉིས་པ་གསུམ་པའི་བར་ཤེས་འོས་པའི་བསླབ་སྣ་ཚང་མ་ཁོང་གིས་ཁྲིད་ཚར་ཡོད།དེ་དུས་ཁོང་གིས་ངེད་མིང་སྲིང་གི་བསླབ་སྣ་སོ་སོའི་ཐད་ཤུགས་ཆེན་པོ་བརྒྱབ་ནས་ཁྲིད་ཀྱིན་ཡོད་མོད།བསླབ་ཕྱིའི་དཔེ་དེབ་ནི་ངེས་པར་དུ་འདི་དང་ཀན་ཀློག་དགོས་པའི་རེ་བ་ནན་མོ་བཏོན་མྱོང་བ་ཡིད་ལ་གསལ་པོར་དྲན་རྒྱུ་མི་འདུག  འོན་ཀྱང་དེ་དུས་གློག་བརྙན་དང་བརྙན་འཕྲིན་སོགས་ངོ་མཚར་གྱི་ལྟད་མོ་མང་དུ་མེད་པས་ངེད་གཉིས་ཀྱིས་སློབ་གསེང་གི་དུས་ཚོད་ཕར་སྐྱེལ་བྱེད་དུ་རང་འགུལ་སྒོས་ཕ་ལགས་ཀྱིས་ཉར་ཡོད་པའི་གཏམ་རྒྱུད་དང་སྒྲུང་དཔེ་སོགས་སྤྲོ་བ་ཆེན་པོས་ཀློག་གིན་ཡོད་པ་འདྲ།ངེད་གཉིས་དེབ་དེ་དག་ལ་དེ་འདྲ་སྤྲོ་བ་སྐྱེ་བའང་དོན་དངོས་སུ་ཁོང་གིས་ངེད་གཉིས་ལ་ལས་བྱ་བྲིས་ཚར་ན་ད་གཟོད་གཏམ་རྒྱུད་བཀླག་པའི་དུས་ཚོད་སྟེར་བ་ཡིན་པས།ངེད་གཉིས་ཀྱིས་དཔེ་ཀློག་དེ་རྔན་པ་ཞིག་ཏུ་སྣང་གིན་པ་ལས་འགན་ཁུར་ཞིག་ཏུ་སེམས་ཀྱིན་མི་འདུག  

ནམ་ཡང་བརྗེད་དུ་མེད་པ་ཞིག་ནི་ཁོང་ལོ་ཙཱ་ལ་ཅུང་བྱང་ཆ་ལྡན་པ་ཞིག་ཡིན་པས། རྒྱའི་རིས་དེབ་ཆུང་ཆུང(小人书)དག་བོད་ཡིག་ཏུ་བསྒྱུར་ནས་ངེད་གཉིས་ལ་སྟེར་ཞིང་། ལར་དེ་ལ་རི་མོའང་ཡོད་པས་ཡིད་འགུག་གི་ནུས་པ་ཅི་ཙམ་ཡོད་པ་ནི་སྐད་ཆས་མཚོན་ཐབས་བྲལ། དེ་དུས་དཔེ་ཆའི་གྲངས་ཉུང་བས་ཡང་དང་ཡང་དུ་བཀླགས་ཀྱང་སུན་སྣང་ཞིག་རྩ་བ་ནས་སྐྱེས་མ་མྱོང་། དེ་ལྟར་ན་ང་དང་རྩོམ་རིག་བར་གྱི་འབྲེལ་བ་ནི་སྐབས་དེ་ཤེད་ཅིག་ནས་གཏིང་ཟབ་མོ་བྱུང་ཡོད་ཟེར་ནའང་མི་ཆོག་རྒྱུ་མེད་པ་འདྲ།

ཡིད་སྐྱོ་བ་ཞིག་ལ་དེ་དུས་ཨ་ཕས་གཞུང་ལས་བྱེད་དགོས་ཤིང་ངེད་མིང་སྲིང་ཚང་མ་སློབ་གྲྭར་འགྲོ་དགོས་ན་ཨ་མ་གཅིག་པུས་རི་ཡུལ་གཉིས་ཀྱི་ལས་ཀ་འཁྱོངས་དཀའ་བས་སློབ་ཆུང་ལོ་རིམ་ལྔ་བ་ཙམ་གྱི་མཚམས་ཤིག་ནས་ཕུ་བོ་ཆུང་བ་སློབ་གྲྭ་ནས་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད། སྐབས་དེའི་གནས་བབ་ལྟར་སོང་ན་ང་རང་བུ་མོ་ཞིག་ཡིན་པས་ཅིས་ཀྱང་སློབ་གྲྭ་ནས་འཐེན་དགོས་པ་དེ་ང་ཡིན་ན་འགྲིག་མོད། ཕ་ལགས་ཀྱིས་ཅིའི་ཕྱིར་ང་རང་མུ་མཐུད་དུ་སློབ་གྲྭར་བཅུག་ཅིང་སེམས་ངལ་བརྗོད་དཀའ་བ་མང་བོ་ཞིག་དང་ཆབས་ཅིག་ཏུ་ཕུ་བོ་ཕྱིར་འཐེན་དགོས་པ་ནི་ངས་ད་ལྟའང་ད་དུང་གསལ་བོ་ཞིག་རྟོགས་ཐབས་མི་འདུག  ཁོང་ལ་སྨན་བུ་མོ་ཟེར་ན་གནས་ལ་འགྲོ་དགོས་པ། ཁྱིམ་ལས་གཉེར་དགོས་པ། མོ་རང་ཚོར་མཚོན་ན་རིག་གནས་ནི་ལྷག་མ་ཞིག་ཡིན་པ་ལྟ་བུའི་སྤྱི་བོའི་བསམ་ཚུལ་དེ་དང་མི་མཐུན་པ་ཞིག་གང་ནས་བྱུང་བ་ཡིན་ནམ། ཕ་རླབས་ཆེན་དེ་འདྲ་ཡོད་པས་ང་ནི་ཅི་འདྲའི་ལས་བསོད་ཅན་ཞིག་རེད་ཨང་།

  ཡིན་ཡང་རྩོམ་འབྲིའི་ཐད་ནས་གླེང་ན། སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་ང་རང་ཆེས་སྐྲག་ས་ནི་དགེ་རྒན་གྱིས་རྩོམ་ཡིག་གི་ལས་བྱ་འཇོག་པ་དེ་ཡིན། སྐབས་དེ་དུས་ངའི་བློ་ངོར་རྩོམ་ཞེས་པའི་ཐ་སྙད་དེ་ནི་རང་གི་སེམས་པ་ཆུང་ཆུང་གིས་ཐེག་པར་དཀའ་བའི་ཁུར་བོ་ཧ་ཅང་ལྗིད་མོ་ཞིག་ཡིན་སྣང་སྟེར། དེ་བས་སློབ་འབྲིང་མཐར་ཕྱིན་རག་བར་དུ་ངས་ངོ་མ་དགེ་རྒན་ལ་རྩོམ་ཡིག་གི་ལས་བྱ་འོས་མོ་ཐེངས་གཅིག་སྤྲད་པའང་ཞེ་ལ་དྲན་རྒྱུ་མི་འདུག ཐ་ན་དེ་དུས་དཀྱིལ་རྒྱུགས་དང་མཐའ་རྒྱུགས་ཀྱི་སྐབས་སུའང་རྩོམ་ཡིག་མ་བྲིས་པར་རྒྱུགས་ཤོག་སྟོང་བར་སྤྲད་པའང་ཉུང་ཉུང་མིན།  འོན་ཀྱང་ད་ལྟ་འདང་ཞིག་བརྒྱབ་ན་དོན་གྱིས་དེ་དུས་ངས་རྩོམ་འབྲིའི་ལས་ཀ“རླབས་ཆེན”ཞིག་ལྐོག་ལྐོག་སུད་སུད་ཀྱིས་གཉེར་གྱིན་འདུག་སྟེ། དེ་ནི་སེམས་ལ་གསང་བ་ཡོད་ཚེ་སུ་ལའང་བཤད་མི་ཕོད་པའི་སྐད་ཆ་དག་ཉིན་ཐོ་རུ་འབྲི་བཞིན་པ་དེ་རེད།  དཔེ་དེ་སྐབས་དེར་དགེ་རྒན་གྱི་ལས་ཀ་སྒྲུབ་ཀྱིན་པའི་ཕུ་བོ་ཆེ་བའི་ས་ནས་སྦྱངས་ཡོང་བ་ཡིན། དེ་ལས་གཞན་ད་དུང་རི་ཁར་སོང་ན་ཤ་ཉེ་ཨ་ཅེ་དག་ལ་འཕྲིན་ཡིག་འབྲི་རོགས་བྱེད་དགོས་པ་དེ་ཡང་གཅིག་ཡིན་ཏེ།  དེ་དུས་ཕ་ཡུལ་གྱི་ན་གཞོན་རྣམས་ལ་གཞས་ཁོ་ན་བྲིས་པ་ཙམ་གྱིས་ཡིད་ཚིམ་གྱིན་མེད་པར་ངེས་པར་དུ“རྩོམ་རྒྱག” ཤེས་དགོས་པ་ཞིག་འདུག  དེས་ན་སློབ་གྲྭ་འགྲིམས་མྱོང་ཞིང་མི་ཁ་སྐོར་མི་ཤེས་པའི་ནུ་མོ་ཆུང་ཆུང་ང་ནི་སྐབས་དེའི་མོ་རང་ཚོའི་དགོས་འདོད་སྐོང་བའི་ནོར་བུ་རུ་གྱུར་ཡོད་ལ། ང་ལ་མཚོན་ནའང་མོ་རང་ཚོའི་བསྟོད་པ་དང་ཡིད་སྨོན་གྱི་ཁྲོད་ནས་རང་ཉིད་ལ་ཡིད་ཆེས་དང་རྩོམ་འབྲིའི་སྤོབས་པ་ཚད་མེད་རྙེད་ཡོད། 

   དེའི་ཕྱིའི་སློབ་ཆེན་སྐབས་སུ་ང་ཚོའི་འཛིན་གྲྭའི་སློབ་གྲོགས་འགས《ཞོགས་དབྱངས》ཞེས་པའི་ཚགས་པར་ཞིག་རྩོམ་སྒྲིག་བྱས་པ་དེར།  ངས《ཨ་མའི་བདེན་ལུགས》 སུ་འབོད་པའི་རྩོམ་ཡིག་ཅིག་སྤྲད་པར་རང་ཉིད་ཁ་རོག་གེར་དགའ་མོས་བྱེད་ཀྱིན་པའི་སློབ་གྲོགས་རྩོམ་དགའ་ཞིག་གི་བསྟོད་བསྔགས་ཐོབ་པར་ང་དགའ་སྟེ་ཐོག་ནས་ཤིག་མ་བསྡད།   དོན་བྱ་དེ་གྲོགས་སུ་ཤར་ནས་དེའི་ཕྱི་ལོར་ཡང་བསྐྱར་ཚགས་པར་དེའི་སྟེང་དུ་མགུར་མ་ལྟ་བུའི་ཤོ་ལོ་ཀ་འགའ་བཀོད་ཐུབ་པ་བྱུང།  ཡིན་ཡང་ལེ་ལོའི་དབང་དུ་ཁྱེར་ཟེར་ནའང་ཆོག་ལ་དེ་དུས་དེ་འདྲའི་མཁའ་དབུགས་ཤིག་ཆགས་མེད་པས་ཡིན་ཟེར་ནའང་ཆོག  རྩོམ་རེ་བྲིས་ནས་རྩོམ་སྒྲིག་ཁང་གང་ཞིག་ལ་བསྐུར་རྒྱུ་ནི་བསམ་པའི་རྒྱུད་ལའང་མ་དྲན།   སྐབས་དེར་དགེ་རྒན་བཀའ་དྲིན་ཅན་ཞིག་གིས་ངའི་ལྷུག་རྩོམ་ཞིག《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུ་བསྐུར་ཞིང་བཀོད་པ་དེས་ང་ལ་སྐུལ་འདེད་ཀྱི་ནུས་པ་དེ་བས་ཆེན་པོ་ཐོན།  དེ་ནས་བཟུང་ཚོད་ལྟའི་ཚུལ་གྱིས་རེ་གཉིས་བྲིས་ཤིང་ཕ་ཡུལ་གྱི་སྙན་དེབ《གངས་རྒྱན་མེ་ཏོག》གི་སྟེང་དུ་བཀོད།  རིམ་གྱིས་སྙན་ངག་འབྲི་རྒྱུ་ནི་རང་གི་དགའ་ཕྱོགས་གཙོ་བོ་ཞིག་ཏུ་ཆགས་ཤིང་། དུས་ད་ལྟ་ངོ་མ་སྙན་ངག་ནི་སྐྱོ་བའི་སྐྱོ་གྲོགས་དང་དགའ་བའི་དགའ་གྲོགས་སུ་གྱུར་ཡོད། 

ཁྲི་སེམས་དཔའ། ཁྱེད་ཀྱིས་སྙན་ངག་འབྲི་དུས་དམིགས་ས་གཙོ་བོ་དེ་གང་ཡིན།

 ཁ་བ་ལྷ་མོ། སྙན་ངག་འབྲི་དུས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཤུགས་ཆེ་བ་གཞིར་བཞག་ཡིན་པས། ངའི་སྙན་ངག་དག་ནི་རང་གི་ཁོར་ཡུག་གི་ཚོར་བ་ཆེས་རྣོ་ས་དག་ནས་ཡོང་གིན་ཡོད།  དཔེར་ན་འཚོ་བའི་མངར་སྐྱུར་ཁ་བསྐ། ཕ་ཡུལ་གྱི་དར་རྒུད་འཕེལ་འགྲིབ་སོགས་ནི་བསམ་གཟས་ནས་འབྲི་སྙམ་པ་མ་བྱུང་ཡང་།  དེ་དག་གིས་རང་བཞིན་སྒོས་སེམས་ཀྱི་སྙི་ས་ཞིག་ནས་འགུལ་ཞིང་ཐོན་འོངས། 

 ཁྲི་སེམས་དཔའ། ཁོ་བོས་རྒྱུན་པར་ཁྱེད་ཀྱི་སྙན་ངག་ཀློག་དུས། ཁྱེད་ཀྱི་སྙན་ངག་ནང་བུད་མེད་གཞན་དང་མི་འདྲ་བའི་ཚིག་སྦྱོར་སྤེལ་ལུགས་ཐུན་མོང་མ་ཡིན་པ་ཞིག་ཆགས་འདུག  དཔེར་ན། རྩེད་མཚར་གྱི་ཉམས་དང་ལྡན་པ་དང་། ལ་གཞས་ཀྱི་ཚིག་དང་ཅུང་ཟད་ཉེ་བ། ཡིག་ངོར་རྒྱུན་དུ་མི་སྤྱོད་པའི་ཡུལ་ལུང་གི་འབྲོག་སྐད་ལྟ་བུ། ཁྱེད་ཀྱིས་ཚིག་སྦྱོར་དེ་དག་སྤྱོད་དུས་དམིགས་བསལ་གྱི་དྲན་ཚུལ་ལམ་འདང་རྒྱག་སྟངས་འདྲ་ཡོད་དམ།

ཁ་བ་ལྷ་མོ། ངའི་སྙན་ངག་དག་ལ་ལ་གཞས་ཀྱི་ཚིག་ཉམས་ལྡན་ཞེས་མི་མང་པོ་ཞིག་གིས་བཤད་མྱོང་། འགའ་རེས་དེ་ནི་སྙན་ངག་གི་བྲོ་བ་ཉམས་བྱེད་དུ་རྩི་ཞིང་ཡང་འགའ་རེས་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་རྩི་བཞིན་འདུག  དོན་གྱིས་ལ་གཞས་ཀྱི་ཚིག་ཉམས་དེ་ནི་ཏག་ཏག་གཟས་ནས་དེ་ལྟར་བྲིས་པ་མ་ཡིན་མོད།  ང་རང་ཆུང་དུས་ནས་ལ་གཞས་ཟེར་བའི་ངག་རྩོམ་འདིས་བག་ཆགས་ཟབ་མོ་ཞིག་བཞག་ཡོད་དེ། ངས་སྐད་ཆ་མགོ་རྔ་མཚུངས་མོ་ཞིག་བཤད་ཤེས་པ་ནས་བཟུང་ཨ་མ་ལགས་ཀྱིས་ང་ལ་ལ་གཞས་ཀྱི་ལེན་ལུགས་འགུག་སྟངས་སོགས་གང་རུང་རུང་ཁྲིད་ནས་ཡོང་བ་ཡིན།  ལོ་བཅོ་ལྔ་བཅུ་དྲུག་ནས་བཟུང་ངས་ལ་གཞས་ཅུང་མང་པོ་ལེན་ཤེས་ལ་ཇ་ཁ་ཆང་ཐོག་ནས་ལེན་རེས་ཀྱང་བྱེད་ཤེས་ཀྱིན་ཡོད། ནམ་རྒྱུན་ང་སྟོན་ཐོག་ཅིག་ལ་འགྲོ་དུས་ཨ་མ་ལགས་དང་མཉམ་དུ་མེད་དུས་ཤིག་ཕལ་ཆེར་མེད་ལ། ངས་ལ་གཞས་ལེན་ཁུལ་བྱེད་དུས་ཨ་མས་ནམ་ཡང་ང་ལ་འཛུམ་དམུལ་དམུལ་གྱིས་བལྟས་ཡོད། ཁོང་གི་མིག་མདངས་རེ་རེ་དང་འཛུམ་ཆུང་རེ་རེ་ནི་ང་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་རྒྱབ་རྟེན་ཉག་གཅིག་ཡིན། དེ་བས་ཨ་མ་ལགས་ནི་ངའི་སྙན་ངག་གི་དགེ་རྒན་ཐོག་མ་དེ་ཡིན་ཟེར་ཡང་མི་ཆོག་པ་གང་ཡང་མེད།  དེའི་ཁར་ངའི་ཕུ་བོ་ཆུང་བ་ལ་གཞས་ལ་ཧ་ཅང་དགའ་བས་ཁོས་སྔོན་ཆད་ཀྱི་ལ་གཞས་སྒྲ་ཐག་མང་ཆེ་ཤས་ཡི་གེར་ཕབ་ཡོད་ཅིང་། དེ་དག་ནི་ངའི་ལ་གཞས་ཀྱི་ཤེས་བྱའི་ཡོང་ཁུངས་གཙོ་བོ་ཡིན། ད་ལྟའི་དུས་སུའང་སྡེ་བའི་ནང་གི་འགྲན་སྡུར་ཆུང་ངུའམ་ཇ་སྟོན་ཆང་སྟོན་རེ་ཡོད་ན་ང་དེར་ཞུགས་རྒྱུར་འདང་རྒྱག་མེད་དེ། ངས་ནམ་ཡིན་ཡང་ལ་གཞས་ནི་ང་ཚོ་བོད་རིགས་ཐུན་མོང་གི་རིག་གནས་ཤིག་ཡིན་པ་ལས་ར་རྫི་ལུག་རྫི་ཁོ་ནས་ལེན་རྒྱུ་ཞིག་ཡིན་པར་སེམས་ཀྱིན་མེད།  དེ་བས་ངའི་རྩོམ་འབྲིའི་རྨང་གཞིའང་ཤས་ཆེར་ལ་གཞས་ཀྱི་བྲོ་བས་ཟིན་ཡོད་པ་བདེན་ཚོད་རེད།  

རྩེད་མཚར་གྱི་ཉམས་དང་ལྡན་ཞེས་པ་ནི་ཕལ་ཆེར་ངའི་རང་གཤིས་ཀྱི་ཟུར་ཞིག་དང་འབྲེལ་བ་ཡོད་སྲིད་དེ། ང་ནི་དོན་དག་གང་མང་ཞིག་གི་སྔུན་ནས་གཟབ་ནན་ལ་དེ་འདྲ་འབབ་མི་ཐུབ་པ་ཞིག་ཡིན། འཚོ་བའི་ཁྲོད་ནས་སུ་ཡིན་ཡིན་ལ་ཀུ་རེ་ཁ་མཚར་བཤད་རྒྱུར་དགའ་བས་ལན་རེར་མ་བསམས་ས་ནས་གཞན་ལ་ཕོག་ཐུག་བཏང་འགྲོ་སའང་ཡོད། ཡིན་ཡང་དོན་གྱིས་གཟབ་ནན་ལ་བབས་ཚར་དུས་ངའི་ནང་སེམས་ནི་དེ་འདྲ་དགའ་ལྷང་ལྷང་ཞིག་ཏུ་ནམ་ཡང་གནས་ཐབས་མེད་པས་ངའི་སྙན་ངག་དག་ལ་སྐྱོ་བའི་ཤས་ཆེ་སྙམ། 

 ཚིག་ཉམས་དེ་དག་ནི་རང་བཞིན་གྱིས་དེ་ལྟར་བྱུང་བ་མ་གཏོགས་ཆེད་དུའམ་རྐང་བཙུགས་པ་ཞིག་ཁྱོན་ནས་མིན། དེ་མིན་ལན་རེར་རང་གི་ན་མཉམ་གྱི་གྲོགས་གྲོགས་མོ་དང་ཡང་ན་ན་ཆུང་གི་སློབ་བུ་ཚོར་ཁ་བརྡ་བྱེད་དུས།  ང་ལ་ཡུལ་སྐད་མང་པོ་ཞིག་ཤེས་མེད་ཚོར་མེད་ཀྱིས་འབོར་གྱིན་པའི་ཞེད་སྣང་ཞིག་གིས་དེད་ཡོང་བས། རྩོམ་འབྲིའི་གོ་རིམ་ཁྲོད་དུ་བཀོལ་ཐུབ་ས་ཞིག་ནས་ཅི་ནུས་ཀྱིས་ཡུལ་མི་ཚོས་བརྗེད་ལ་ཉེ་བའི་ལུང་སྐད་རེ་གསལ་འདེབས་ཀྱི་ཚུལ་དུ་བཀོལ་པ་ཡིན།  དེར་རྩོམ་གྲོགས་རྒན་གཞོན་རེ་འགས་བསམ་འཆར་ཡང་འདོན་གྱིན་འདུག་སྟེ།   མི་ཚང་མས་དེ་ལྟར་ལུང་སྐད་མང་དུ་བཀོལ་ན་བོད་སྤྱིའི་སྐད་ལ་ཕན་ལས་གནོད་ཆེ་བར་གསུངས། དེའི་ཕྱོགས་ལ་ང་རང་གིས་ཀྱང་བསམ་གཞིག་གཏོང་གིན་ཡོད། 

ཁྲི་སེམས་དཔའ། ཁྱེད་ལ་བག་ཆགས་ཆེས་ཟབ་པའམ་ཡང་ན་ཤན་ཤུགས་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་གང་དག་ཡོད་དམ། 

ཁ་བ་ལྷ་མོ། དཔེ་དེབ་རྣམ་པ་སྣ་ཚོགས་ལས་ང་རང་སྒྲུང་གཏམ་གྱི་སྐོར་ཀློག་རྒྱུར་ཧ་ཅང་སྤྲོ་པོ་ཡོད་ལ་དེ་ལས་ཀྱང་ཕྱི་གླིང་གི་བརྩམས་ཆོས་གྲགས་ཅན་དག་ལ་དགའ་མོས་ཁྱད་པར་བ་ཞིག་ཡོད། འོན་ཀྱང་སྙན་ངག་ནི་བོད་རང་གི་བརྩམས་ཆོས་སྐོར་ལ་དགའ་པོ་ཡོད།   ལྷག་པར་དུ་བྱ་གཞུང་དབྱངས་བྷ་དང་། རྨ་འོད། སྐྱབས་ཆེན་བདེ་གྲོལ། འབར་རྡེའུ། གཟུངས་ཕྱུག་སྐྱིད། གཡུ་ཞུན་སོགས་ཀྱི་སྙན་ངག་བཀླགས་རྒྱུར་ཧ་ཅང་དགའ།  དེ་ལས་རྨ་འོད་ལགས་ཀྱི་སྙན་དེབ《ཉི་མའི་མགྲོན་པོ》ནི་ལན་གྲངས་ཅི་ཙམ་བཀླགས་ན་དེ་ཙམ་གྱིས་དགའ་བ་སྐྱེས་མྱོང་། ཁོང་ཅག་ཚང་མས་ཤས་ཆེར་རང་མོས་སྙན་ངག་འབྲི་བས་ང་རང་རང་མོས་སྙན་ངག་ལ་འདི་ཙམ་དུངས་པའང་ཕལ་ཆེར་དེས་ཡིན་སྲིད་ལ།  ངའི་གསར་རྩོམ་གྱི་ལས་ལ་ཁོང་ཅག་གི་ཤན་ཞུགས་ཡོད་པར་ཐེ་ཚོམ་ཅི་ལ་ཡོད།  ཕྱིས་སུ་སྐྱེས་མའི་རིགས་ཀྱི་སེམས་གཤིས་ཐུན་མོང་མ་ཡིན་པ་ཞིག་དང་སོ་སོ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་ཆ་འདྲ་ས་མང་བས་ཕན་ཚུན་བར་དུ་མཉམ་འུར་བྱུང་བ་ཡིན་སྲིད་ལ། བརྗོད་བྱ་རྗོད་བྱེད་གང་ཐད་ན་ཡིད་འགུག་གི་ཆ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་དེ་བས་ཀྱང་ཡིན་སྲིད་དེ།  ང་རང་རྨ་ལྷོ་སོག་རྫོང་གི་ཨ་ཅག་བདེ་སྐྱིད་སྒྲོལ་མའི་སྙན་ངག་ལ་དགའ་བར་ཚོད་ཅིག་མེད།  ཕྱིའི་རྒྱལ་ཁབ་ཀྱི་སྙན་ངག་ནི་ནེ་ཁྲེ(尼采)ཡི་ཆོས་ཉིད་བརྗོད་པའི་སྙན་ངག་དང་། ཨ་རྡོ་ཉི་སི(阿多尼斯) དང་ཐེ་ཀོར(泰戈尔)སོགས་ཀྱི་བརྩམས་ཆོས་ལ་དགའ་པོ་ཡོད་པ་དེ་འདྲ་ཡིན།

ཁྲི་སེམས་དཔའ། ཁྱེད་རང་ཕ་ཡུལ་ཐེམ་ཆེན་ནས་ནར་སོན་ཞིང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་རྗེས་སླར་ཡང་ཕ་ཡུལ་དུ་ལོག་ནས་སློབ་གསོའི་ལས་དོན་ལ་ནུས་ཤུགས་འདོན་མཁན་གྱི་བུད་མེད་སྙན་ངག་པ་ཞིག་རེད། ཁྱེད་ཀྱིས་བསམས་ན་ཕ་ཡུལ་དང་སྙན་ངག་པ། ཡང་ན་སྙན་ངག་གསར་རྩོམ་བཅས་ཀྱི་བར་ལ་འབྲེལ་བ་ག་འདྲ་ཡོད་དམ།

ཁ་བ་ལྷ་མོ། རེད་ཡ།  ལྟོས་ས་ལྟོས་འཇོག་གིས་བཤད་ན་ངའི་ཕ་ཡུལ་ནི་ལམ་ལ་ཆས་རྒྱུ་ཧ་ཅང་འཕྱི་བའི་འབྲོག་སྡེ“སྒྱིད་ལུག”ཅན་ཞིག་ཡིན། དེ་དོན་ཁྱོད་ཅག་ཧ་ལས་སྲིད་པའི་དཔེ་གཅིག་གིས་མཚོན་པར་བྱས་ན་ངའི་ཕ་ཡུལ་ན་ད་ལོ་ད་གཟོད་མཐོ་རྒྱུགས་ཀྱི་རྒྱུགས་ར་ཚོད་ལྟ་བྱེད་ཀྱིན་ཡོད།  ད་ལོའི་བར་དུ་མཐོ་རྒྱུགས་ལ་ཞུགས་དགོས་པའི་སློབ་མ་རྣམས་ལེ་དབར་ཉིས་བརྒྱའི་མཚམས་ཀྱི་ཚྭ་འདམ་གཞུང་སྟེ་བོད་སོག་གཉིས་ཀྱི་འདྲེས་མདོར་འགྲོ་དགོས།  སློབ་གསོའི་སྤུས་ཚད་ཀྱི་ཆ་ནས་བཤད་ན། ཁེ་ཉིན་གྲོགས་པོ་ཞིག་གིས་ང་ལ“གཞན་དག་གིས་བཤད་ན་ཁྱོད་ཚོའི་ས་ན་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་ཤིན་ཏུ་ཉུང་བས་སུ་ཞིག་གིས་རྒྱུགས་འཕྲོད་པར་གྱུར་ན་དེ་རྒྱ་སྲང་དུ་སོང་ནའང་ཚང་མས་ངོས་འཛིན་ཐུབ་ཟེར་བ་བདེན་ནམ”ཟེར། སྐབས་དེར་ང་བགད་ན་དེ་མིན། ངུས་ན་དེ་མིན། སྐྱི་གཡའ་བ་ཟེར་བའི་ཐ་སྙད་ཅིག་རང་དབང་མེད་པར་སེམས་ནང་ལ་འཁོར་ནས་ཐོན་བྱུང་།

དེ་ལྟར། ངོས་གཅིག་ནས་ངའི་ཕ་ཡུལ་ནི་རི་ཆུ་ནགས་གསུམ་གྱིས་མཛེས་ཤིང་རྟ་ནོར་ལུག་གསུམ་གྱིས་ཕྱུག་པ། མི་སེམས་དྲི་མས་མ་བསླད་པའི་དག་པའི་ཞིང་ཁམས་ཤིག་ཡིན་སྲིད་མོད་ཀྱང་། ངོས་གཞན་ཞིག་ནས་ངའི་ཕ་ཡུལ་ནི་མུན་པ་དང་སོལ་བས་ཟོས་ཚར་གྱིན་པའི་ས་གཞིའི་རྨ་ཁ་ཟབ་མོ་ཞིག་ཀྱང་ཡིན།  དགའ་བ་ནས་སྐྱོ་བ། རེ་ལྟོས་ནས་ཡི་ཆད། དགའ་སྐྱོ་ཆགས་སྡང་གྲངས་མེད་པ་འདི་དག་གི་སྔུན་ནས་སེམས་པ་དྲོ་རེས་འཁྱགས་རེས། སྐད་ངག་འཇམ་རེས་རྩུབ་རེས་ཀྱི་སྙན་ངག་པ་རེ་གཉིས་ཀྱི་སྙན་ངག་སྐྱོ་ལེ་བ་སྨྲེང་ངེ་བ་རེ་མི་འབྱུང་བའི་ངེས་པ་ག་ལ་ཡོད་ཨང་།  

ཁྲི་སེམས་དཔའ། ཁྱེད་ཀྱིས་སྙན་ངག་ལ་གོ་བ་ཇི་ལྟར་ལེན་པ་ཡིན། མིག་སྔའི་རང་རེའི་སྙན་ངག་གི་གནས་བབ་ལ་ཡིད་ཚིམ་མམ། དེའི་སྐོར་ནས་སྐད་ཆ་འགའ་གསུང་རོགས།

 ཁ་བ་ལྷ་མོ། སྙན་ངག་ཅེས་པ་ནི་ནང་སེམས་ཀྱི་ཁ་དོག་དཀར་དམར་གཟུགས་རིས་སུ་ཕབ་པ་དེ་ཡིན་པ་འདྲ། ཁོར་ཡུག་གི་ལེགས་ཉེས་བདེ་སྡུག་གང་རུང་སེམས་ཀྱིས་ཟིན་ཞིང་ངག་ནས་བརྗོད་དགོས་པ་ནི་སྙན་ངག་པ་ཞིག་གི་འགན་འཁྲི་རུ་ཅིས་ཀྱང་བསམས་ཡོད།   ད་ལྟའི་འུ་ཅག་གི་གནས་བབ་འདི་ནི་ཕྱོགས་གང་ཐད་ནས་ཡིད་ཚིམ་པོ་བྱས་ནས་སྡོད་པའི་དུས་ཤིག་མ་ཡིན་པས་སྙན་ངག་ཀྱང་དེ་བཞིན་ཡིན་པར་སེམས།

ཁྲི་སེམས་དཔའ། ཁྱེད་ཀྱིས་བལྟས་ན། སྐྱེས་པའི་སྙན་ངག་པ་དང་བུད་མེད་སྙན་ངག་པ་གཉིས་བར་མི་འདྲ་ས་ཡོད་དམ།

ཁ་བ་ལྷ་མོ། སྤྱིར་བཏང་རྩོམ་པ་པོ་དང་བརྩམས་ཆོས་ཐད་ཕོ་མོ་གཉིས་ཤ་བཀར་རྐྱ་བཀར་བྱེད་རྒྱུར་ང་རང་དེ་འདྲ་མི་འཐད། དུས་དེབ་སོགས་སུའང་དམིགས་བསལ་གྱིས་བུད་མེད་ཀྱི་ལེ་ཚན་དགར་བ་དེའང་སྤྱིར་བུད་མེད་རྩོམ་པ་པོ་རྣམས་ལ་ལྷག་བསམ་དཀར་པོའི་གར་སྟེགས་ཤིག་བསྐྲུན་པ་རེད་མོད། བསམ་བློ་ཞིབ་ཏུ་གཏོང་དུས་དམིགས་བསལ་དེའི་ཞོར་ན་གང་ཞིག་ནས་ཁས་ལེན་མ་བྱིན་པའམ་ང་ཚོ་རང་སྟེང་ན་སྐྱེས་པ་དག་དང་བསྡུར་ན་མ་ལྡེང་བའི་ཆ་ཞིག་ཡོད་པ་གསལ་བཤད་བྱེད་ཀྱིན་ཨེ་ཡོད་དམ་སྙམ་ཡོང་། སོ་སོས་བྱ་དངོས་གང་རུང་ལ་ལྟ་ཞིང་བསམ་དུས་ཚོར་བ་ཞིབ་མིན་ཞིག་ཡོང་གིན་ཡོད་ན་ཐང་མོད་ཀྱི་གཞན་དུ་ནི་བུད་མེད་རྩོམ་པ་པོའི་རྩོམ་ནི་འདི་འདྲ་དང་སྐྱེས་པ་རྩོམ་པ་པོའི་རྩོམ་ནི་འདི་འདྲའོ་ཞེས་དགར་ཤེས་ཀྱིན་མེད། 

ཁྲི་སེམས་དཔའ། སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་འཕྲད་པའི་ཆེས་ཆེ་བའི་དཀའ་ཁག་དེ་ཅི་ཞིག་ཡིན།

 ཁ་བ་ལྷ་མོ། ཡིག་འབྲི་ངན་པ་ཤིག་གིས་སྒུལ་ཟེར་བའི་དཔེ་བཞིན།དཀའ་ཁག་ཅུང་རེར་འཕྲད་ཡོང་གི་འདུག་སྟེ།   དཔེར་ན་བུད་མེད་དག་ནི་བཟང་ན་ངན་ན་ཁྱིམ་ལས་ཙག་ཙིག་གི་ནང་ནས་ནམ་ཡང་ཁོམ་ལོང་མེད་པ་དང་། དེའི་ཁར་དགེ་རྒན་གྱི་ལས་ཀ་ནི་ངོ་མ་ལུས་སེམས་གཉིས་ཀ་ཁོམ་ཐབས་ཁྱོན་ནས་མེད་པ་ཞིག་རེད། སྐབས་རེར་དཔེ་ཆ་རེ་བཀླགས་པའམ་བྱ་བ་གློ་བུར་བ་རེར་འཕྲད་པའམ། ཡང་ན་དགའ་སྐྱོའི་གཞས་གང་རུང་ཞིག་ལ་ཉན་པ་སོགས་ལས་ཚོར་བ་སྐྱེན་པོ་རེ་བྱུང་ནས་ཅི་ཞིག་འབྲི་སྙིང་ཡོད་དུས་སྟབས་ཉེས་ནས་ལག་སྣེའི་ལས་ཀ་སྣ་ཚོགས་ཀྱིས་དེད་ཡོང་དུས་རེ་འདུག   དེ་དག་ལས་ནས་འཚགས་དུས་ད་ཅིའི་ཚོར་བ་སྐྱེན་པོ་དག་འཇའ་ལྟར་ཡལ་བར་གྱུར་ཏེ་བཙལ་ནས་རྙེད་ཐབས་མི་འདུག  སྐབས་དེ་འདྲ་བ་ལ་ངོ་མ་ངུ་བྲོ་བ་རེའང་ཡོང་གི་འདུག   ཡིན་ཡང་སྐད་ཆ་དྲང་མོར་བཤད་དགོས་པ་ཞིག་ནི། ང་རང་སྐད་ཡིག་གི་དགེ་རྒན་ཞིག་ཡིན་པས་ང་བྱིས་པ་ཚོའི་རྩོམ་ཡིག་ལ་ལྟ་རྒྱུར་ཧ་ཅང་དགའ་བོ་ཡོད། ཁོ་ཚོའི་མཚར་སྣང་གིས་ཁེངས་པའི་སེམས་ཁམས་དང་འཆར་ཡན་ཕུན་སུམ་ཚོགས་པ་དེ་དག་གིས་ངའི་སྙན་ངག་གི་ཞིང་ཁམས་ལ་ཁ་དོག་སྣ་ཚོགས་སྐྲུན་རོགས་བྱས་མྱོང་། དེ་བས་ཁོ་ཚོ་ང་ལ་བཀའ་དྲིན་ཤིན་ཏུ་ཆེ།   ལན་རེར་མཁོ་མེད་ཀྱི་དྲ་རྩོམ་ཉ་ཉོག་ཀློག་པ་ལས་ཁོ་ཚོའི་རྩོམ་ཡིག་བཀླགས་ན་ཕན་ཁེ་མང་པོ་འདུག 

ཁྲི་སེམས་དཔའ། མཇུག་མཐར་ཀློག་པ་པོར་བཤད་འདོད་པའི་སྐད་ཆ་ཅི་ཞིག་ཡོད་དམ།

ཁ་བ་ལྷ་མོ།  རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་ཀློག་པ་པོ་རེད། ཡང་རྩོམ་པ་པོ་ཞེས་བཤད་ན་ངས་རང་ཉིད་རྩོམ་པ་པོ་ཞིག་གི་ཆུ་ཚད་ལ་ཐོན་ཡོད་མེད་ངོ་མ་ཤེས་ཀྱིན་མེད།  འོན་ཀྱང་།  སེམས་ཀྱི་སྐད་ཆ་དྲང་མོར་བཤད་ན་མི་ཞིག་གིས་ང་རང་ཉིད་ལ་བསྟོད་པ་བྱེད་པ་ལས་ངའི་སྙན་ངག་ལ་བསྟོད་པ་བྱས་ན་ང་ལ་དགའ་བ་དཔག་མེད་སྐྱེ་ཡོང་གི་འདུག   སུ་ཞིག་གིས་ངའི་སྙན་ངག་ཁས་བླངས་ན་དེ་ནི་ངའི་རྩོམ་རྩལ་ཙམ་དུ་མ་ཟད། ངའི་མི་གཞི་དང་ཀུན་སློང་ཚང་མར་ཡང་ཁས་ལེན་བྱིན་པ་ཡིན་ཏེ། རྒྱུ་མཚན་ནི་ངའི་སྙན་ངག་ཏུ་གྲུབ་མ་གྲུབ་གང་རུང་དེ་དག་ནི་ངའི་ཤ་གསེང་རུས་གསེང་ནས་བུད་པའི་སེམས་ཀྱི་ཁ་དོག་ཁོ་ན་ཡིན་པས་སོ། །    ལོ་འདི་སྙེད་ཀྱི་རིང་ང་ལ་དངོས་ཡོད་འཚོ་བའི་ཁྲོད་ཡིན་ནའང་འདྲ་ལ་དྲ་བའི་སྒང་ཡིན་ནའང་ཆོག་སྟེ། ངེས་པ་དོན་གྱིས་དགའ་མོས་བྱེད་མཁན་གྱི་ཀློག་པ་པོ་མི་ཉུང་བ་ཞིག་ཡོད། ཐ་ན་རང་དང་འདྲ་འདྲའི་གྲོགས་པོའི་ཁྲོད་ནའང་དེ་འདྲ་ཡོད་པས་ངས་དེ་ནི་རང་གི་བསོད་ནམས་ཤིག་ཏུ་བསམ་བཞིན་ཡོད།   ཁོ་ཚོའི་གདེང་འཇོག་གི་སྐད་ཆ་རེ་གཉིས་ཀྱིས་ཀྱང་ང་ལ་སེམས་ཤུགས་འཛད་མེད་སྦྱིན་གྱིན་ཡོད། ཐུགས་རྗེ་ཆེ། 

ཁ་བ་ལྷ་མོའི་ངོ་སྤྲོད་མདོར་བསྡུས།

ཁ་བ་ལྷ་མོའམ་དངོས་མིང་མེ་ཏོག་སྐྱིད། སྐྱེས་ཡུལ་མཚོ་སྔོན་པོ་བོང་སྟག་ས་ཆ་ནས་ཡིན།  ཕ་དྲིན་ཅན་གྱིས་གཙོས་ཁྱིམ་མི་ཡོངས་ཀྱི་གཅེས་སྐྱོང་འོག་ས་ཆ་འདིའི་ན་ཚོད་འདིའི་འབྲོག་མོ་མང་ཤས་ཤིག་བརྒྱུད་དགོས་པའི་ལམ་བུ་ལས་རིང་དུ་གྱེས་ཏེ་ཕ་ཡུལ་ནས་སློབ་གྲྭ་ཆུང་འབྲིང་བརྒྱུད། སློབ་ཆེན་ཞེས་པའི་གནམ་གྱི་སྒོ་ཐེམ་དེ་བསྙེགས། སླར་ཕྱིར་ཕ་ཡུལ་དུ་ལོག་ནས་དགེ་རྒན་ཞེས་པའི་ལས་ཀ་འདིར་འཐམས། ལོ་ངོ་དྲུག་བདུན་ཙམ་གྱི་རིང་བྱིས་པ་དག་དང་མཉམ་དུ་དགའ་རེ་སྐྱོ་རེ་འཁོན་རེས་འགྲིག་རེའི་ཁྲོད་ནས་སོང་བ་ཡང་ཧ་ཅང་དོན་སྙིང་ཅན་དུ་ཧ་ཅང་ཆེ་བར་བསམ་ཡོད། ཡག་བཤད་བྱེད་རྒྱུ་ཅི་ཡང་མེད་དེ། ་སློབ་གཉེར་གྱི་ལས་ལ་གཞན་ལས་ལྷག་པའི་སྤྲོ་བ་ཆེན་པོ་ཞིག་ཡོད་སོང་བ་ཡང་མ་ཡིན་མོད་ཁོར་ཡུག་གུ་དོག་མོ་འདི་ནས་དབྱར་དགུན་གནང་གི་སྐབས་སུ་མ་གཏོགས་ཐ་ན་ཕྱི་སོར་ཉིན་འགར་འགྲོ་བའི་གོ་སྐབས་ཀྱང་མི་རག་པས། ཐབས་སྣ་ཚོགས་ཀྱི་ཁྲོད་ནས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རྒྱུའི་ལམ་དེ་བདམས། དེ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དགའ་སྡུག་འདྲེས་མའི་འཚོ་བ་ལོ་གསུམ་རོལ། ལོ་ངོ་གསུམ་པོ་དེའི་རིང་ལ་ངས་ཕ་ཡུལ་གྱི་སློབ་ཁང་གྲུ་བཞིའི་ཁྲིད་སྟེགས་གྲུ་བཞི་དེ་དྲན་པ་ལན་གཅིག་མིན་ལ། ངས་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་དག་གི་སློབ་ཁྲིད་ལ་ལན་གཅིག་ཉན་ནའང་ཕྱིར་སོང་ན་སློབ་མ་ཚོར་འདི་ལྟར་བཤད་དགོས་དེ་ལྟར་ལབ་དགོས་ཞེས་མ་དྲན་དུས་ཤིག་ཕལ་ཆེར་མེད། དེ་དུས་ངས་ད་གཟོད་དོན་གྱིས་སྐྱེ་བ་འདིར་ང་རང་སློབ་གྲྭ་ཟེར་བའི་ར་སྐོར་གྲུ་བཞི་དེ་དང་སློབ་མ་ཟེར་བའི་རྣམ་ཤེས་དྭངས་གཙང་དེ་དག་ལ་ཁ་འབྲལ་ཐབས་ཁྱོན་ནས་མེད་པ་གཞི་ནས་རྟོགས།

   རྩོམ་རིག་ལ་དགའ་བ་ལྷག་མ་ཞིག་ཡོད་པས་རང་ཚོད་ཀྱིས་དགའ་སྐྱོ་ཆགས་སྡང་ཡོད་ཚད་ཡི་གེར་བརྒྱུས་ནས་ཀློག་པོ་དག་གི་སྤྱན་སྔར་ཕུལ་བ་ཡིན། སྙན་ངག་གི་ལྷ་མོས་ང་ལ་ཁྲེལ་མེད་བྱས་མ་སོང་སྟེ། ཕ་ཡུལ་གྱི་དུས་དེབ་གངས་རྒྱན་མེ་ཏོག་གཙོས་བོད་ཁུལ་གྱི་སྒེར་གཞུང་གི་དུས་དེབ་གང་རུང་དུ་རྩོམ་ངེས་ཅན་རེ་འགོད་ཐུབ་སོང་། ཕྱི་ལོ2013ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྙན་དེབ་དང་པོ《ཁ་བའི་རྣ་ཆ》པར་སྐྲུན་བྱེད་ཐུབ་པ་བྱུང་བ་མ་ཟད། ཕྱི་ལོ2015རྒྱལ་ཡོངས་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་འང་ཐོབ་སོང་།  ལོ་དེར་བརྩམས་ཆོས་རྒྱ་འགྱུར་མ《མེ་ཏོག་སྐྱིད་ཀྱི་སྙན་ངག》ཅེས་པ་མཛེས་སེའམ་ལྷོ་བ་འགྱུར་མེད་རྡོ་རྗེ་ལགས་ཀྱིས་བསྒྱུར་གྲུབ་སྟེ《འབྲོང་རྩོམ་རིག་དཔེ་ཚོགས》ཀྱི་ནང་དུ་བསྡུས་ཤིང་རྩོམ་པོ་པར་སྐྲུན་ཁང་གིས་པར་དུ་བསྐྲུན། ཕྱི་ལོ2016ལོར་མཛེས་སེའམ་ལྷོ་བ་འགྱུར་མེད་རྡོ་རྗེ་ལགས་ཀྱིས་ཡང་བསྐྱར་སྙན་དེབ《ཁ་བའི་རྣ་ཆ》ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ཏེ་རྩོམ་པ་པོ་པར་སྐྲུན་ཁང་གིས་པར་དུ་བསྐྲུན། ཕྱི་ལོ2017ལོར་སྙན་དེབ་གཉིས་པ《རླུང་དང་མེ་ཏོག》ཅེས་པ་མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས་སུ་བསྡུས་ཤིང་མཚོ་སྔོན་མི་རིགས་པར་སྐྲུན་ཁང་གིས་པར་དུ་བསྐྲུན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།