ཁྲི་སེམས་དཔའི་དྲི་བར་སྐྱབས་ཆེན་བདེ་གྲོལ་གྱིས་ལན་བཏབ།

ང་ལ་མཚོན་ན་སྙན་ངག་ནི་ངའི་འཚོ་བ་དང་ཆོས་ལུགས་ཡིན།

——སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལ་བཅར་འདྲི་བྱས་པ། 

WechatIMG479.jpeg

ཁྲི་སེམས་དཔའ། སྐྱབས་ཆེན་བདེ་གྲོལ་ལགས། བདེ་མོ།    

སྐྱབས་ཆེན་བདེ་གྲོལ། ཁྲི་སེམས་དཔའ་ལགས། བདེ་མོ།

ཁྲི་སེམས་དཔའ། ཐོག་མར་ལེ་ཚན་འདིའི་གོམས་སྲོལ་ལྟར་རང་ཉིད་ཀྱི་གསར་རྩོམ་བརྒྱུད་རིམ་ངོ་སྤྲོད་མདོར་ཙམ་ཞུས་ན་ཅི་འདྲ།

སྐྱབས་ཆེན་བདེ་གྲོལ། ངས་ནི་བོད་ཀྱི་འབྲོག་ཁུལ་གྱི་བྱིས་པ་བྱིངས་དང་འདྲ་བར། ཐོག་མར་ཨ་ཕྱི་དག་ལས་གནའ་གཏམ་སྣ་ཚོགས་ལ་ཉན་པ་དང་། ཁེད་བཤད་པ། ལྕེ་རྩལ་སྦྱོང་བའི་རྗོད་པ་སོགས་བཟླས་པ་ཡིན། དེ་ནས་དེ་དག་ཡི་གེར་འགོད་འདོད་ཀྱི་འདུན་པ་དྲག་པོ་བྱུང་སྟེ་གནའ་གཏམ་འགའ་ཞིག་ཡི་གེར་ཕབ་ནའང་། རྗེས་སུ་དུས་དེབ་དང་ཚགས་པར་སོགས་ལས་རང་གི་ངག་ན་ཡོད་པ་དང་མི་འདྲ་བ་མང་པོ་མཐོང་སྐབས་དེ་དག་གི་ལད་མོ་བྱས་ཏེ་རྩོམ་ཉག་ཉོག་མང་པོ་བྲིས། རྗེས་སུ་སློབ་གྲྭ་ནས་ཐོན་ཅིང་གཞི་རིམ་ནས་དགེ་རྒན་བྱས་རྗེས་སྐབས་དེའི་ཁོར་ཡུག་ལ་ཡི་མ་རངས་པར་སེམས་ཉིད་རྟོག་བཟོས་འཇིག་རྟེན་ཞིག་ལ་གཡེང་སྟེ་པྲ་ཆལ་དང་འཆལ་བོའི་སྤྱོད་ལམ་འབའ་ཞིག་བསྐྱངས། ང་ཡིན་ཁོ་ཡིན་ཟེར་བ་དག་ལ་བརྙས་པའི་ཚིག་ཀྱང་མང་དུ་སྨྲས། དེ་ནས་སློབ་འབྲིང་གི་དགེ་རྒན་དང་སློབ་གཙོ་སོགས་བྱས་ནའང་དངོས་ཡོད་ཀྱི་གཟེབ་དེས་དམ་པོར་འཆིང་མ་བཅུག་པར་རྟག་པར་སྙན་ངག་ལ་སོགས་པའི་རྩོམ་སྣ་ཚོགས་བྲིས། གཞན་རྩོམ་སྣ་ཚོགས་བོད་སྐད་དུ་སྒྱུར་བའི་ལས་ཀྱི་རྒྱུན་ཡང་མུ་ནས་མུ་རུ་བསྐྱངས། དེང་འདིར་ངས་ནི་ཁྱིམ་གྱི་འཚོ་ཚིས་སྐྱོང་བ་ལས་གཞན་གསར་རྩོམ་གཅིག་པུར་འབད་ཆོག

ཁྲི་སེམས་དཔའ། ཁྱེད་ནི་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། དཔྱད་བརྗོད། ཐ་ན་གར་ཆུང་དང་གླུ་ཚིག་སོགས་རྩོམ་ལུས་སྣ་མང་ལ་འཇུག་པའི་རྩོམ་པ་པོ་ཞིག་རེད། རྩོམ་ལུས་དང་རྩོམ་ལུས་བར་ལ་ཁྱད་པར་ཤིན་ཏུ་ཆེ་བས། ཁྱེད་ཀྱིས་དེ་དག་བར་གྱི་འབྲེལ་བ་དང་འགལ་བ་དེ་ཇི་ལྟར་ཐག་བཅད་པ་ཡིན་ནམ།

སྐྱབས་ཆེན་བདེ་གྲོལ། ཁྱེད་ཀྱིས་དྲི་བ་འདི་ཐོས་མ་ཐག་ངས་ང་རང་གིས་གསར་བཟོ་བྱས་པའི“རྩོམ་ལུས་ཀྱི་རྨོངས་དད”ཅེས་པའི་ཚིག་དེ་དྲན་བྱུང་། ཚིག་འདི་དེ་སྔ་གཞན་གྱིས་སྨྲས་ཡོད་མེད་མ་ངེས་ཀྱང་། ངས་ནི་རྩོམ་པ་པོ་རྣམས་རྩོམ་ལུས་སྣ་ཚོགས་ཕན་ཚུན་མ་འདྲེས་པར་ཞིབ་པར་དགར་སྤྲོ་བ་དེ་ནི་གསར་རྩོམ་གྱི་གེགས་ཤིག་མིན་ནམ་སྙམ་གྱིན་འདུག ནུབ་ཀྱི“ཚན་རིག་རྟོག་སྒྲུང”དང“ཉུལ་ཞིབ་ཀྱི་སྒྲུང”ལྟར་རིགས་དབྱེ་བ་ལ་དེབ་དེ་དག་བྲིན་པོ་འབྱུང་བའམ། ཀློག་མཁན་བྱེ་བྲག་པར་ཁ་གཏད་པའི་ཕྱོགས་ནས་དགེ་མཚན་མང་དུ་འབྱུང་ནའང་། སྒྱུ་རྩལ་ནང་ངོས་ནས་བཤད་ན། གཞས་ཚིག་དང་སྙན་ངག་སོ་སོར་དགར་དཀའ་ལ། དོན་གྱི་བྱུང་བ་བརྗོད་པའི་ལྷུག་རྩོམ་དང་བརྩམས་སྒྲུང་གཉིས་ཀྱང་གང་ལ་གང་འཚམས་སུ་འདྲེས་བསྡད་ཡོད་རེད། དེ་བས་ང་རང་ལ་མཚོན་ན། རྩོམ་ལུས་གཅིག་གི་བྲན་དུ་མ་གྱུར་བར། རང་གིས་བརྗོད་འདོད་པ་དང་། རང་གིས་གསར་དུ་བཟོ་འདོད་པའི་འཇིག་རྟེན་དེ་རྩོམ་གྱི་སྒྲོམ་གཞི་ག་འདྲ་དང་འཚམས་པོ་བྱུང་ན་དེ་བེད་སྤྱད་པ་ཡིན། དཔེར་ན། རྟོག་བཟོའི་ཞིང་ཁམས་དེ་ནི་རི་མོ་ཞིག་དང་འདྲ་བར་སྣང་བརྙན་གཅིག་གིས་གྲུབ་པ་དང་། སྣང་བརྙན་དེའང་ཁ་གསལ་གོ་བདེའི་ངང་དུ་བརྗོད་མི་ཐུབ་པར་རབ་རིབ་དང་མག་མོག་ཅིག་ཡིན་ན་ངེས་པར་སྙན་ངག་གིས་མཚོན་དགོས་པར་མ་ཟད་ངེས་པར་རྐང་པ་རང་དབང་ཅན་གྱིས་མཚོན་དགོས། དེ་ལས་ལྡོག་སྟེ་སྣང་བརྙན་མང་པོ་དང་། དོན་གྱི་བྱུང་བ་མང་པོ། གདོང་གཏུག་མང་པོ་ཡོད་ན་ངེས་པར་སྒྲུང་གི་རྣམ་པས་མཚོན་དགོས་ཀྱིན་འདུག གསལ་པོར་བཤད་ན། ངས་རྩོམ་ལུས་དང་རྩོམ་ལུས་དབར་གྱི་འབྲེལ་བ་ནི་འགལ་བ་ལས་མང་པར་འདོད་པས། སྙན་ངག་བྲིས་པས་སྒྲུང་འབྲི་བ་ལ་ཕན་ཐོགས་པ་དང་། རང་གི་བློར་འབབ་པའི་སྒྲུང་རེ་བྲིས་རྗེས་དེ་ཉིད་གློག་བརྙན་གྱི་འཁྲབ་གཞུང་དུ་བཅོས་འདོད་ཀྱི་འདུན་པའང་སྐྱེས་ཡོང་།

ཁྲི་སེམས་དཔའ། ཁོ་བོས་རྒྱུས་ལོན་བྱས་པ་ལྟར་ན། རྒན་པ་རྣམས་ནི་ཁྱེད་ཀྱི་ཚིགས་བཅད་སྙན་ངག་ལ་དགའ་ཞིང་། གཞོན་པ་རྣམས་ནི་ཁྱེད་ཀྱི་རང་མོས་སྙན་ངག་ལ་དགའ། དེ་འདྲའི་ཕྱོགས་ཁ་གཉིས་སུ་གྱེས་པའི་རྒྱུ་མཚན་དེ་ཁྱེད་རང་ངོས་ནས་བལྟས་ན་ཅི་ཞིག་ཡིན་ནམ།

སྐྱབས་ཆེན་བདེ་གྲོལ། དེ་ངས་གསལ་པོར་མི་ཤེས། སྤྱིར་བཏང་རྩོམ་པ་པོ་ཞིག་རང་གི་ནང་སེམས་ཀྱི་འདུན་པ་དང་གྱེས་ཏེ་ཀློག་མཁན་གྱི་རིགས་བྱེ་བྲག་པར་ཁ་གཏད་ནས་རྩོམ་འབྲི་བ་ནི་ལས་སླ་མོ་ཞིག་ཡིན་པར་སྙམ། ཡིན་ཡང་རྩོམ་མཁན་ཞིག་ལ་མཚོན་ན། ཀློག་མཁན་ལ་གང་དགོས་པ་དེ་སྟེར་དགོས་པར་མ་ཟད། དེ་ཚོའི་སེམས་ལ་མ་ཤར་བ་དེའང་སྟེར་དགོས་པའི་འགན་འཁྲི་ཡོད་འདུག སྤྱིར་བཏང་ཡུལ་གྲུ་གང་ལ་ཆ་བཞག་ནའང་སྒྱུ་རྩལ་གྱི་མཚོན་ཐབས་དང་སྒྲིག་གཞི་གསར་པ་དག་དང་ལེན་བྱེད་མཁན་ཕལ་ཆེ་བ་གཞོན་ནུ་དག་རེད།  ཡིན་ཡང་གཞོན་ནུ་དག་གི་ཨ་གསར་ཚ་བའི་འདོད་པ་ཁོ་ནར་བསྟུན་ན་ངེད་ཅག་གིས་མང་པོ་ཞིག་ཤོར་འགྲོ་བ་དང་བརྗེད་འགྲོ་བ་རེད། ཤོར་དུ་མི་འཇུག་པ་དང་བརྗེད་དུ་མི་འཇུག་པ་ནི་རྩོམ་རིག་གི་བྱེད་ནུས་ཆེན་པོ་ཞིག་ཡིན་པས་ལོ་ངོ་སྟོང་ཕྲག་རིང་མར་བརྒྱུད་པའི་རིག་གནས་ཀྱི་ཁྲག་རྩ་དེ་ཆད་དུ་འཇུག་མི་རུང་། སྤྱིར་ཚིགས་བཅད་བྲིས་པ་ཙམ་གྱིས་ཁྲག་རྩ་དེའི་རྒྱུན་མཐུད་ཐུབ་པ་མ་ཡིན་ཡང་ཚིགས་བཅད་ཀྱི་འགྱུར་ཁུག་མང་པོ་རང་རེར་གོམས་ལོབས་སུ་སོང་བར་མ་ཟད་རང་རེའི་སྐད་ཀྱི“རིགས་རྒྱུད་ས་བོན”(Gene)ལྟ་བུ་ཡིན་པས་རྒན་པོ་ཚོའི་སེམས་ནང་ལ་དེ་ནི་དྲན་པ་སླར་གསོ་བ་དང་འདྲ་བས་ཁོང་ཚོས་དེ་ལ་དགའ་བོ་བྱེད་པ་དང་། དེ་བཞིན་རང་མོས་སྙན་ངག་གི་དབྱངས་ཀྱི་གདེགས་འཇོག་ལ་ངེས་པ་མེད་པ་དང་། ཇི་བཞིན་དུ་རྗོད་པ་དང་མཚོན་པ་གཉིས་ལས་མཚོན་པའི་སྟོབས་ཆེ་བ། སྣང་བརྙན་ཕུན་སུམ་ཚོགས་པ་སོགས་ཡོད་པས་གཞོན་རབས་རྣམས་ཀྱིས་དགའ་བོ་བྱེད་པ་ཨེ་ཡིན་ནམ་སྙམ།

ཁྲི་སེམས་དཔའ། ཁྱེད་རང་གིས་བལྟས་ན་བོད་ཀྱི་སྙན་ངག་གསར་རྩོམ་གྱི་གནས་བབ་དེ་ག་འདྲ་ཞིག་ཡིན།

སྐྱབས་ཆེན་བདེ་གྲོལ། སྙན་ངག་ཡག་པོ་ཞིག་བྲི་བ་དང་ཡང་ན་མི་ཚེ་གང་བོར་སྙན་ངག་བྲི་དགོས་ན། སྙན་ངག་ལ་བཅངས་པའི་རྣམ་འགྱུར་ཐུན་མོང་མ་ཡིན་པ་ཞིག་ཡོད་དགོས། སྙན་ངག་འབྲི་བ་ནི་ཚིག་ལ་དབང་སྒྱུར་བ་མ་ཡིན་པར་ཚིག་གི་ནང་ནས་འཚོ་བ་རོལ་བ་ཡིན། དེ་གཉིས་གཏན་ནས་མི་འདྲ་སྟེ། དང་པོ་ནི་ཚིག་ཡར་སྒྲིག་མར་སྒྲིག་བྱེད་མཁན་གྱི་ལྕེ་རྩལ་ཅན་ཞིག་གིས་ཀྱང་ནུས་པ་དང་ཕྱི་མ་ནི་སྒྱུ་རྩལ་ལ་བརྟེན་ཏེ་མི་ཚེ་རོལ་མཁན་ཁོ་ནའི་ལོངས་སྤྱོད་དོ།། དེ་བས་སྙན་ངག་འབྲི་བ་ནི་བསམ་བློའི་ཉམས་ལེན་ཞིག་ཡིན་པ་ལས་ཚོན་མདོག་ཅན་གྱི་ཐ་སྙད་རྣམས་ཕྲེང་བར་སྤེལ་བ་ནི་མ་ཡིན། དེང་འདིར་བོད་དུ་སྙན་ངག་གསར་རྩོམ་གྱི་ལས་ལ་འཇུག་མཁན་མང་ནའང་། དེ་ཉིད་གནས་སྐབས་ཀྱི་ངལ་བ་གསོ་བྱེད་དམ་རྩེད་མོ་ཞིག་དང་། མི་མང་གི་གྲལ་ནས་ང་འདི་ན་ཡོད་ཟེར་བྱེད་ཅིག་ཏུ་ལྟ་བ་ལས། ངེས་པ་དོན་གྱི་འཚོ་བ་རོལ་བྱེད་ཅིག་ཏུ་ལྟ་མཁན་ཉུང་། ངས་བསམ་ན་སྙན་ངག་ནི་ཡོ་བྱད་ཅིག་ཏུ་འགྱུར་མི་རུང་བར་འཚོ་གཞེས་ཀྱི་དོན་སྙིང་ངོ་མར་འགྱུར་རུང་། སྙན་ངག་ལ་བརྟེན་ནས་ཁ་གསོ་མི་ཐུབ་པ་བདེན་ཡང་སྙན་ངག་ཡོད་པས་ཁ་གསོ་བ་ལ་དེ་ཙམ་ཞེད་སྣང་མེད་པར་འགྱུར་ཞིང་ཁ་སོས་པ་ཙམ་གྱིས་མི་ཚེ་ངོ་མ་ཞིག་རོལ་ཐུབ་ཀྱིན་མེད་པ་ཤེས་ངེས་སྙམ།  དེའི་ཕྱིར་རང་རེའི་སྙན་ངག་གསར་རྩོམ་གྱི་གནས་བབ་ལ་བསམ་ན། ཚིག་གི་སྦྱོར་བ་ཙམ་ལ་ཆགས་པ་ནི་སྙན་ངག་པའི་ས་ལམ་དམའ་ཤོས་ཡིན་པ་དང་། སྙན་ངག་གི་དོན་སྙིང་ལྡན་པའི་མི་ཚེའི་ཉམས་ལེན་ནི་ས་ལམ་མཐོ་ཤོས་ཡིན་པ་ཤེས་མཁན་ཧ་ཅང་ཉུང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་རང་རེའི་སྙན་ངག་མང་པོ་སྐད་ཆ་འདྲ་ཆགས་པོ་ཙམ་བཤད་པ་དང་། རྣ་བར་ཅུང་ཟད་སྙན་པ་ཙམ་ལས་ཞིབ་ཏུ་མྱངས་ཚེ་བྲོ་བ་ཅི་ཡང་མེད་པ་ནི་རྩོམ་མཁན་གྱིས་དེ་ལ་བཟུང་བའི་རྣམ་འགྱུར་ཉིད་སྤྱི་དང་མཐུན་པ་ཙམ་ལས་དམིགས་ཀྱིས་བསལ་བ་གང་ཡང་མིན་པས་རེད་སྙམ། ཡི་གེའི་སྦྱོར་བར་ཅུང་བྱང་བ་སུ་ཡིན་ནའང་མཚམས་ལན་རེར་ཅུང་ཙམ་འདྲ་ཆགས་པའི་སྐད་ཆ་བཤད་ཤེས་ནའང་དུས་སྐབས་ཤིག་ནས་གསར་རྩོམ་ལ་ཐོད་རྒལ་ཅི་ཡང་མེད་པ་དང་། སྔར་རང་གིས་བྲིས་པ་ལས་འདའ་མི་ཐུབ་པ་ནི་མཐར་གཏུག་ན་དེར་སྙན་ངག་ལ་བཅངས་པའི་རྣམ་འགྱུར་ཐུན་མོང་མ་ཡིན་པ་ཞིག་མ་ཡོད་པས་རེད་སྙམ། ཡིན་ཡང་སྤྱིའི་ཆ་ནས་བཤད་ན། ད་ལྟ་རང་རེར་སྙན་ངག་འབྲི་བའི་ཁོར་ཡུག་ཡག་པོ་ཞིག་འདུག་ལ། སྙན་ངག་འབྲི་མཁན་ཡང་ཧ་ཅང་མང་པོ་འདུག དེང་གི་རིག་གནས་སྣ་མང་གི་འགྲན་རྩོད་ཁྲོད་དུ་སྐྱེ་བོ་མང་པོའི་སེམས་ཀྱི་ཕ་གཞིས་དང་འཚོ་རྟེན་བོར་བརླག་ཏུ་ཐེབས་པས་ཁོང་ཚོས་སྙན་ངག་ལ་སྐྱབས་བཅོལ་བ་དང་། སྙན་ངག་ལ་བརྟེན་ནས་རང་གི་རྩིས་ཐང་དང་བོད་སྐད་ཀྱི་ཟིལ་ཤུགས་ཕྱིར་ངོམ་གྱིན་འདུག་སྙམ།  

ཁྲི་སེམས་དཔའ། ཁྱེད་ལ་ཤན་ཤུགས་ཐེབས་མྱོང་བའི་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་ག་ཚོད་ཡོད་དམ། དེ་དག་ལས་དཔེར་མཚོན་འགའ་བཀོད་དེ་ཁོ་ཚོའི་ཁྱད་ཆོས་རགས་ཙམ་གླེང་ན་ཆོག་གམ།  

སྐྱབས་ཆེན་བདེ་གྲོལ། ང་ལ་མཚོན་ན་ནུབ་ཀྱི་སྙན་ངག་པ་ཧྥ་རན་སེའི་བྷོ་དྷི་ལེར་(Charles Pierre Baudelaire)དང་ཨོ་ཟི་ཐྲི་ཡའི་རེལ་ཁེ།(Rainer Maria Rilke) ཨ་རྗེན་ཐེན་གྱི་བྷོར་ཧེ་སི།(Jorge Luis Borges)བོད་ཀྱི་སྙན་ངག་པ་ལྗང་བུ་སོགས་ལ་དགའ་གུས་ཚད་མེད་ཡོད་ཅིང་། ཁོང་ཚོའི་བརྩམས་ཆོས་ཀྱིས་ང་ལ་ཤུགས་རྐྱེན་ཡང་ངེས་ཅན་ཐེབས་ཡོད་ཅེས་བཤད་རུང་། བྷོ་དྷེ་ལེར་གྱིས་མི་གཤིས་ཀྱི་གཏིང་ཟབ་སར་ཡོད་པའི་ཉེས་པ་མཚོན་སྟངས་དང་། མི་སྡུག་པའི་འཇིག་རྟེན་བཞེངས་སྟངས་དེ་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ་ལ། རེལ་ཁེའི་ཤུགས་བསྟན་ནམ་བསྡུས་བརྗོད་ཀྱི་མཚོན་ཐབས་ནི་སྐབས་འགར་བྷོ་དྷེ་ལེར་ལས་ཀྱང་འགོངས་ཏེ་ཤིན་ཏུ་སྟོབས་དང་ལྡན་པ་ཞིག་ཏུ་གྱུར་འདུག་སྙམ། དཔེར་ན་ཁོང་གི་སྙན་ངག་ཐུང་ངུ《གཟིག》ལྟ་བུ་ནི་ཐེངས་གཅིག་ལ་ཞིབ་ཏུ་བཀླགས་པས་མི་ཚེ་གང་པོར་བརྗེད་ཐབས་མེད་པ་ལྟ་བུར་འགྱུར་ལ། འཚོ་བའི་ནང་དཀའ་ཚེགས་དང་སྡུག་བསྔལ་སྣ་ཚོགས་འབྱུང་སྐབས་སེམས་ལ་སྙིང་སྟོབས་སྐྱེད་པའི་རྒྱུ་རུ་འགྱུར་བ་ཞིག་ཀྱང་རེད། དེ་བཞིན་བྷོར་ཧེ་སིའི་སྒྱུ་འཕྲུལ་གྱི་འཇིག་རྟེན་དེ་ནི་ཐམས་ཅད་མགོ་རྨོངས་པར་བྱེད་ནའང་རབ་ཏུ་ཡིད་དབང་འཕྲོག་པ་ཞིག་ཡིན་པས་ཁོང་གིས་བཞེངས་པའི་སྙན་ངག་གི་གསང་ལམ་དེ་འདྲ་ཕྱིས་སུ་སྐྱེ་བོ་སུས་ཀྱང་མི་རྙེད་པ་ལྟ་བུའི་ཚོར་བ་སྟེར་བར་བྱེད། སྙན་ངག་པ་ལྗང་བུ་ནི་ནུབ་ཀྱི་དེང་རབས་རིང་ལུགས་ཀྱི་སྙན་ངག་མཁན་ཞིག་བོད་དུ་འཁྲུངས་པ་དང་འདྲ་ལ། ཁོང་གིས་ཚིག་ཐུང་ཞིང་། དོན་འདུས་པ། མཚོན་སྟོབས་ཆེ་བ། བསྟན་བཤིག་ཚ་བ་སོགས་ཁྱད་ཆོས་སྣ་ཚོགས་འཛོམས་པའི་སྙན་ངག་གི་འཇིག་རྟེན་ཞིག་བཞེངས་འདུག་སྙམ།

ཁྲི་སེམས་དཔའ། ཁྱེད་ཀྱིས་བལྟས་ན་བོད་ཀྱི་སྙན་ངག་པ་རྣམས་ཀྱི་ཆེས་མི་འདང་སའམ་ཞན་ཆ་གཙོ་བོ་དེ་གང་རེད་དམ།

སྐྱབས་ཆེན་བདེ་གྲོལ། ངས་བསམ་ན་སྙན་ངག་པ་ཞིག་གིས་ལས་ཀ་ཡག་པོ་གཉིས་འཁྱོངས་སོང་བས་འཐུས་པར་སྙམ། དེ་གཉིས་ནི་འཚོ་བ་རོལ་བ་དང་སྙན་ངག་འབྲི་བ་གཉིས་སོ།། འོན་ཀྱང་འཚོ་བ་རོལ་བ་ཟེར་དུས་ཨ་རག་འཐུང་བ་དང་མི་མང་འདུས་ཏེ་འུར་རྒྱག་པ་ཙམ་མ་ཡིན་པར་དེར་ནང་དོན་ཕུན་ཚོགས་པ་ཞིག་ཡོད་དགོས། བོད་ཀྱི་སྙན་ངག་པ་མང་པོ་གནས་གཅིག་ཏུ་འཚོ་ཐབས་རིགས་གཅིག་གིས་གཞིས་ཆགས་ཡོད་པ་དང་། དེ་ཡི་རྐྱེན་པས་བརྩམས་ཆོས་ཀྱང་རྩོམ་ཐབས་སྣ་གཅིག་ལ་བརྟེན་པ་ཤིན་ཏུ་མང་པས་གཅིག་གིས་གཅིག་ལ་ལད་ཟློས་ཙམ་བྱས་པ་ལ་གསར་རྩོམ་དུ་འབོད། དེ་བཞིན་སྙན་ངག་འབྲི་བ་ལས་གཞན། རིག་ཚན་གཞན་ལ་སྦྱོང་བ་སོང་མེད་པ་དང་། ཕྱི་རོལ་ཀྱི་འཇིག་རྟེན་མ་མཐོང་བ། ཚིག་གི་རྩེད་མོར་མགོ་འཁོར་ཏེ་མི་ཚོའི་མྱོང་སྟོབས་དང་གོ་རྟོགས་ཞན་པར་གྱུར་བ་སོགས་ནི་གསར་རྩོམ་གྱི་གེགས་སུ་ཨེ་འགྲོའམ་སྙམ།

ཁྲི་སེམས་དཔའ། གསར་རྩོམ་གྱི་གནས་སྐབས་སུ་ཁྱེད་ལ་ཁོར་ཡུག་གི་ཐད་ནས་དམིགས་བསལ་གྱི་ཆ་རྐྱེན་འདྲ་ཡོད་དམ།

སྐྱབས་ཆེན་བདེ་གྲོལ། ང་ལ་མཚོན་ན་གསར་རྩོམ་བྱེད་དུས་ཁོར་ཡུག་དེ་ཅུང་ཞི་འཇགས་ལྡན་པ་ཞིག་ཡིན་ན་ཧ་ཅང་སྐྱིད་པར་འདུག ཡིན་ནའང་ཞི་འཇགས་ཟེར་དུས་དབེན་ཅིང་ཁུ་སིམ་པ་ཙམ་ལ་གོ་མི་རུང་སྟེ། གནས་དེ་གྲོང་གསེབ་ཡིན་རུང་ལ་གྲོང་ཁྱེར་ཡང་ཡིན་རུང་། ཉེ་འཁོར་ན་མི་མང་པོ་ཡོད་ཀྱང་དེ་དག་གིས་སུན་པོ་མི་བཟོ་བ་དང་བར་ཆད་མི་བྱེད་པ་ཞིག་ཡིན་ན་འགྲིག་གི་འདུག ཡིན་ཡང་མི་དང་མིའི་བར་གྱི་འབྲེལ་བ་རྙོག་དྲ་ཅན་དུ་གྱུར་བ་དང་། ལས་ཀ་ལམ་དུ་མ་ལྷོངས་པ། སེམས་ཁམས་ཀྱང་ཆང་རག་དང་རོལ་རྩེད་ཀྱིས་གསོ་བ་མིན་ན་བདེ་ལ་འབབ་དཀའ་བའི་སྐབས་སུ། ཕྱི་ཡི་ཁོར་ཡུག་དེ་ཅི་འདྲ་ཡིན་ཡང་གསར་རྩོམ་གྱི་ལས་འཕྲོ་སྐྱོང་ཐབས་མི་འདུག སྔོན་གྱི་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ལོ་ངོ་ཆུང་ངུའི་དུས་ནས་བཟུང་རྐྱེན་ངན་བར་ཆད་དང་འཕྲད་དེ་མི་ཡུལ་ནས་གཏན་དུ་བཞུད་པ་བསམ་ན། གསར་རྩོམ་གྱི་ཁོར་ཡུག་དེ་སུས་ཀྱང་བསྒྱུར་མི་ཐུབ་པ་དང་། ལོ་ངོ་ག་ཙམ་འདས་ནའང་འཇིག་རྟེན་གྱི་ངོ་བོར་འགྱུར་ལྡོག་ཅི་ཡང་འབྱུང་མི་ཐུབ་པ་དེ་གསལ་པོར་ཤེས་ཀྱི་འདུག དེའང་སྤྱི་ཚོགས་ཀྱི་ལམ་ལུགས་དང་དཔལ་འབྱོར་གྱི་གནས་སྟངས་ག་འདྲ་ཡིན་ནའང་། འཇིག་རྟེན་འདིའི་དབང་ཤུགས་ཕལ་ཆེ་བ་ནི། གཡོ་སྒྱུ་དང་ལྐོག་ཇུས་གཏོང་མཁན་དག་ལ་དབང་བ་ལས། ཤེས་རབ་ཀྱི་སྤྱན་མིག་ལྡན་པ་དག་ལ་མི་དབང་བ་ཤེས་ཐུབ། དེ་བས་སྙན་ངག་མཁན་ཞིག་ལ་མཚོན་ན། དེའི་ལས་སྐལ་ནི་སྡུག་བསྔལ་དང་མ་འབྲེལ་རང་འབྲེལ་དུ་གྱུར་ཡོད། རེད་དེ། ཧམ་ལེ་ཀྲིའི་ཁེར་བཤད་སྐད་གྲགས་ཅན་དེ་ཕལ་ཆེར་བསྐལ་པ་མ་སྟོང་བར་དུ་སྙན་ངག་པ་དག་གིས་བཟླ་ཆོག་པར་སྙམ།

ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་དེབ་གསར་པ《བར་སྐོར་གྱི་ཆང་ཁང》གི་སྐོར་ནས་ཁ་བརྡ་མདོར་ཙམ་ཞུས་ཆོག་གམ།

སྐྱབས་ཆེན་བདེ་གྲོལ། དེ་ནི་དངོས་སུ་དཔར་སྐྲུན་བྱས་པའི་ངའི་སྙན་དེབ་གསུམ་པ་ཡིན། སྙན་དེབ་དེའི་ཇུས་འགོད་ཅུང་ཡག་པོར་གྲུབ་པ་དང་། ཀློག་མཁན་ནང་ཅུང་བྲིན་པོ་བྱུང་བ་དེས་ང་ཧ་ཅང་མགུ་བྱུང་། དེ་བཞིན་དེང་གི་སྤྱི་ཚོགས་སུ་ཕྱི་ཚུལ་ནས་སུ་ལ་དབང་དང་རྒྱུ་ནོར་ཡོད་ན་དེ་ཉིད“དམ་པར”འགྱུར་བ་འདྲའང་། དོན་དུ་ནང་སེམས་ཀྱི་ལོངས་སྤྱོད་འཚོལ་མཁན་ཧ་ཅང་མང་པ་ཤེས་ཐུབ་ལ། བོད་ཡིག་གི་སྙན་ངག་ལ་ཀློག་མཁན་དེ་འདྲ་མང་པོ་ཡོད་པ་ནི་ཧ་ཅང་དགའ་བ་སྐྱེད་པའི་དོན་ཞིག་རེད་སྙམ། ཁ་ཤས་ཀྱིས་ངའི་སྙན་ངག་ལ་གོ་རྒྱུ་མི་འདུག་ཅེས་སྨ་འབེབས་ནའང་དེ་ཉིད“གོ་རྒྱུ་ཅན་གྱི་སྙན་ངག”ལས་ཀྱང་ལྷག་པར་ཀློག་མཁན་གྱི་ལོངས་སྤྱོད་དུ་གྱུར་ཡོད་པ་བསམ་ན་སྐད་ཆ་དེ་ཅུང་ཙམ་དོན་ལ་མི་གནས་པ་ཤེས་ཐུབ། དེ་མིན་སྙན་དེབ་དེ་དཔར་དུ་བསྐྲུན་པ་ནི་རྩོམ་མཁན་དང་། མ་དངུལ་གཏོང་མཁན། པར་སྐྲུན་ཁང་། ཕྱིར་ཚོང་པ། དེབ་འཚོང་ཁང་བཅས་བར་འབྲེལ་འདྲིས་ཡག་པོ་བྱུང་སྟེ་ཐམས་ཅད་ལ་ཅུང་ཁེ་ཕན་རེག་པར་གྱུར་བའི་ལས་ཤིག་ཏུ་བཤད་ཀྱང་ཆོག་སྙམ།

ཁྲི་སེམས་དཔའ། ལ་ལས་སྙན་ངག་ནི་འགན་འཁྲི་ཞིག་རེད་ཟེར། ལ་ཤས་ཀྱིས་དེ་ནི་རོལ་རྩེད་ཅིག་རེད་ཟེར། ཡང་འགའ་ཞིག་གིས་སྙན་ངག་ནི་དགའ་ཕྱོགས་ཤིག་རེད་ཟེར། ཁྱེད་རང་ལ་མཚོན་ན་སྙན་ངག་ནི་ཅི་ཞིག་ཡིན་ནམ།

སྐྱབས་ཆེན་བདེ་གྲོལ། ང་ལ་མཚོན་ན་སྙན་ངག་ནི་ངའི་འཚོ་བ་དང་ཆོས་ལུགས་ཡིན། ཅུང་ཙམ་ཚད་ལས་བརྒལ་མེད་ན་སྐད་ཆ་ནི་དེ་ལྟར་བཤད་ཆོག་པར་ཞུ། ཧ་ཧ།

ཁྲི་སེམས་དཔའ། ཁྱེད་ཀྱིས་རང་གི་གསར་རྩོམ་གྱི་བཞུད་ལམ་རིང་མོར་ཕྱིར་ལྟ་ཞིག་བྱས་ཚེ་ཆེས་ཆེ་བའི་བདེ་སྐྱིད་དང་ཆེས་ཆེ་བའི་ཕངས་སེམས་དེ་གང་རེད་འདོད།    

སྐྱབས་ཆེན་བདེ་གྲོལ། ཆེས་ཆེ་བའི་བདེ་སྐྱིད་ནི་ད་ལྟའི་བར་དུ་གསར་རྩོམ་གྱི་མཚམས་མ་ཆད་པར་ལས་དེ་ལ་འཇུག་ཐུབ་པ་དེ་ཡིན་པ་དང་། ཆེས་ཆེ་བའི་ཕངས་སེམས་ནི་དུས་ཚོད་མང་པོ་ཞིག་རྣམ་གཡེང་དང་ལེ་ལོའི་ངོར་བསྐུར་བ་དེ་རེད།

ཁྲི་སེམས་དཔའ། མཇུག་མཐར་ཁྱེད་ཀྱིས་ཀློག་པ་པོར་ཚིག་འགའ་ཞུས་ཏེ་འུ་གཉིས་ཀྱི་བཅར་འདྲི་རེ་ཞིག་མཇུག་རྫོགས་ན་ཅི་འདྲ།

སྐྱབས་ཆེན་བདེ་གྲོལ། ཀློག་པ་པོ་ཁྱེད་ཅག་ལ་ངས་ནི་དུས་རྟག་པར་དྲིན་གཟོའི་བསམ་པ་བཅངས་ཡོད། ཡིན་ཡང་དེང་འདིར་ཀློག་མཁན་མང་དག་ཅིག་ངའི་སྐད་འཕྲིན་སོགས་སྤྱི་འབྲེལ་དྲ་བའི་ནང་ཡོད་ལ། ཉི་མ་རྟག་པར་དྲི་བ་སྣ་ཚོགས་འདོན་ཅིང་། དོན་སྣ་ཚོགས་བཅོལ་ཡོང་དུས་རེ་རེ་བཞིན་ལན་འདེབས་ཐུབ་ཀྱིན་མི་འདུག ཀློག་མཁན་རེ་རེ་དང་མངོན་སུམ་འཚོ་བའི་ནང་ནས་གྲོགས་པོར་འགྱུར་མི་ཐུབ་པས་དེ་ལ་དགོངས་དག་ཞུ་རྒྱུ་ཡིན།

ཁྲི་སེམས་དཔའ། བཀའ་དྲིན་ཆེ།    

སྐྱབས་ཆེན་བདེ་གྲོལ། ཁྱེད་ལའང་བཀའ་དྲིན་ཆེ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།