དགུན་གཞུང་དུ་གྲོ་ཞིང་ཁར་ཕྱིན་པ།

ཁྲི་སེམས་དཔའ།  

དགུན་གཞུང་གི་མདོ་དབུས་མཐོ་སྒང་། མདོ་དབུས་མཐོ་སྒང་གི་གྲོང་ཚོ།

འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་མང་པོའི་སྔ་རོལ་ཏུ། 

མེས་པོ་ཚོས་ཁྱེད་ཀྱི་བྲང་གཞུང་དུ་མཁར་གྱང་བརྩིགས་ནས།

རྒོད་ལ་ཤོར་བའི་རི་ཐང་རྩུབ་རེག་གི་ལག་པས་སྙོམས་པོར་བཏང་ཞིང་།

རེ་བ་དང་ཡིད་ཆེས་ཁྱེད་ཀྱི་སེམས་ཁོང་དུ་གཏོར།

དེ་ནས་བཟུང་རི་བོ་ཞིག་གི་རྔམ་བརྗིད་ལ་རྣམ་ཤེས་ཀྱི་སྲོག་དབང་གསར་དུ་ཞུགས།

དེ་ནས་བཟུང་ཆུ་བོ་ཞིག་གི་འཇམ་མཉེན་ལ་དྭངས་གཙང་གི་བྲོ་བ་གཞན་ཞིག་རྙེད།

 

ང་ཡི་གྲོ་ཞིང་ཁ། སེམས་པ་འདི་ནམ་ཡང་ཁྱེད་ལ་འཁྲེང་ནས།

རྨི་ལམ་གྱི་གཤོག་པ་ཡང་ཡང་ཁྱེད་ཀྱི་བར་སྣང་དུ་བརྐྱངས།

མདང་ནུབ་ཀྱི་ཁ་བས། སྐོམ་གདུང་གིས་མནར་བའི་རི་ཚོགས་ཀྱི་མིག་ཀོང་རློན་པར་བཏང་ནའང་།

རྐན་གཟར་གྱི་བྲག་རི་དེ་དག   གཤིན་རྗེ་ལག་དམར་རེ་རེ་དང་འདྲ་བར།

ཁྱེད་ཀྱི་དགུན་གསུམ་གྱི་མངལ་ནས།  གཟུག་མེད་ཀྱི་རལ་གྲི་ཐོགས་ནས་སོ་ཁ་ཐག་ཐག་བྱེད།

དགུན་ཁ་འདིར།  སྔོ་ལྗང་གིས་བཏང་བའི་འཇིག་རྟེན་སྐྱ་བོ།

རྡུལ་འཚུབ་ཀྱི་རྩེད་རར་གྱུར་པའི་ཞིང་ཐང་། ང་ཡི་གྲོ་ཞིང་ཁ།

གཅེར་བུར་བུད་པའི་ལྗོན་ཤིང་ཚོགས་ཀྱིས་ཁ་ནས་ཤུ་སྒྲ་སྒྲོག་བཞིན།

ས་ཆེན་གྱི་མྱ་ངན་དབྱངས་སུ་འཁྲོལ།

ཚེར་ཕུང་གི་གསེང་དུ་འཚིང་བའི་ཆུ་ཤོག་གིས།

མཐའ་མཇུག་གི་སྔོ་ལྗང་ལ་སྐྱེལ་མ་ཞུ།

འོ། ང་ཡི་རྨས་ཕོག་པའི་ཁྭ་ཏ།

གྲོ་ཞིང་ཁའི་མཚན་ལམ་རིང་མོའི་ལྷིང་འཇགས་བརྟོལ་ནས།

བདག་གི་ཤིང་ཁང་གྲུ་བཞིའི་སྒེའུ་འགྲམ་དུ་བབས།

 

འདི་ནི་དགུན་གཞུང་གི་མདོ་དབུས་མཐོ་སྒང་། མདོ་དབུས་མཐོ་སྒང་གི་གྲོང་ཚོ།

འཇམ་མཉེན་གྱི་ཆུ་བོ་འཁྱག་རོམ་གྱི་སྦུབས་སུ་དྲངས་ནས།

སྔོ་ལྗང་གི་དཔྱིད་ཀ་ཞིག་ལ་སེམས་པ་ཤོར།

ནམ་མཁའ་སྐྱ་བོའི་འོག་གི་ས་གཞི་སྐྱ་བོ། 

དགུན་གསུམ་གྱིས་ཁྱུར་མིད་དུ་བཏང་བའི་ང་ཡི་ཕ་ཡུལ།

བྱ་ཚོགས་འཕུར་ཤུལ་དུ།  བྱེའུ་ཁྱུ་དཀྲོགས་ཤུལ་དུ།  

སྡོང་ལོ་སྐམ་པོས་གྲང་རླུང་གི་སེམས་དོན་ཁུར་ནས།

ཁྱེད་ཀྱི་བར་སྣང་དུ་ཁྲོམ་སྐོར་བྱེད།

                                2011/12

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།