སྒྲོལ་མ་དོན་གྲུབ་དང་ལྷོ་ནུབ་མི་རིགས་སློབ་ཆེན་དྲན་པ།

ཁྲི་སེམས་དཔའ།

ས་སྲོད་འདིར།  ས་སྲོད་ལ་ཡོད་འོས་པའི་མཚམས་སྤྲིན་གྱི་བཀྲག་མདངས་དང་

བསིལ་རླུང་གི་འཇམ་མཉེན། ས་སྲོད་འདིར་ཅི་ཡང་མེད།

སྣང་བ་བུན་བུན་གྲོང་ཁྱེར་འདིའི་རྡུལ་འཚུབ་ཀྱི་ཀློང་དུ་འཕག་འཚག་བརྒྱག

གདུང་བ་ལྕི་མོས་བཏེགས་པའི་སེམས་པ། ན་ནིང་གི་ན་ནིང་།

ཡང་ན་དེའི་ཡང་ཡར་སྔོན་གྱི་ལྦུ་རག་ལྟར་འཕྱུར་བའི་ལོ་ཟླ་ཞིག་ལ་ངང་གིས་དྲུད།

 

དེའི་དུས་ང་ཚོར་ས་སྲོད་ཡོད་མྱོང་། མཚམས་སྤྲིན་ཡོད་མྱོང་། དགའ་བ་དང་

སྐྱོ་བའང་ཡོད་མྱོང་།

ང་ཚོས་ང་ཚོར་དབང་བའི་སྐྱེད་མོའི་ཚལ་དེ་རུ། ལང་ཚོ་ཟེར་བའི་མེ་ཏོག་དེ་ཆར་

ཀློང་དུ་བསྒྲོན་ནས།

ན་ཚོད་དེར་ཡོད་འོས་པའི་ཚོར་བ་ཅི་ཡང་བཙལ།

ང་ཚོས་སྐྲ་ལོ་རིང་བོ་ས་སྲོད་ཀྱི་རླུང་ཁར་གཟེད་ནས།

ཤེལ་སྒོང་ལྟ་བུའི་སེམས་ཁོང་དུ་ཕུགས་བསམ་གྱི་རི་མོ་བཞེངས།

 

དེ་དུས་ང་ཚོ་ཁང་བརྩེགས་མཐོན་པོའི་རྩེ་རིམ་དུ་འགོས་ནས།

མཚན་གྱི་ཟླ་བ་རྨི་ལམ་གྱི་ཞིང་དུ་བསུས།

ང་ཚོས་དགུ་ཚིགས་ཀྱི་གཙང་ངོགས་སུ་སེམས་དོན་གྱི་ཕྲེང་བ་གཅོལ་ནས།

ལོ་ཟླ་དེའི་དྭངས་གཙང་ཁོ་ན་ཡིད་ལ་བསྒོམས།

ང་ཚོས་འབྱུང་འགྱུར་གྱི་ལོ་ཟླ་ག་ཚོད་ཅིག་ལ།

མི་རིགས་ཀྱི་བདེ་སྡུག་གང་ཞིག་རང་གི་ཕྲག་ཏུ་ལེན་པའི་སྟ་གོན་བྱས།

 

ལོ་ངོ་མང་པོའི་རྗེས་སུ། ཡང་ན་ལོ་བཅུའི་རྗེས་སུ་ང་ཚོ་བསྐྱར་དུ་འཕྲད་དུས།

ཕན་ཚུན་གྱི་གདོང་རིས་རབ་རིབ་ལས་མཐོང་ཐུབ་པ་ནི།

འཚོ་བའི་རྐང་རྗེས་ཐར་ཐོར་དེ་ཚོ་རེད།

དེ་ཚོ་མི་རིགས་ལ་འབྲེལ་བ་ཡོད་ཅིང་།

དེ་ཚོ་རང་ཉིད་ལ་འབྲེལ་བ་ལྷག་ཏུ་ཡོད།

 

བདག་གི་གྲོགས་པོ། ལོ་ངོ་མང་པོའི་ཡར་སྔོན་དེ་དྲན་ན། ཁྱོད་དྲན་ན།

ངས་ན་ནིང་གི་ན་ནིང་། དེའི་ཡང་ཡར་སྔོན་གྱི་ལོ་བཅུའི་སྔོན་གྱི་ངེད་གཉིས་ཀྱི་ས་སྲོད་

དེ་ད་དུང་དྲན་འོངས།

ངས་ངེད་གཉིས་རྨི་ལམ་མང་བའི་ས་སྲོད་དེ་ལས་མ་སད་པར།

ངེད་གཉིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཡོད་པ་རྟོགས་བཟོ་བྱས།

2012/4/9

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།