སྐྱེ་ཁམས་སྤོ་དམངས།

 ཁྲི་སེམས་དཔའ།   

ཁོ་བོ་དེ་སྔ་སྐྱེ་ཁམས་སྤོ་དམངས་ཀྱི་རུ་སྡེ་ཞིག་ལ་རང་ངོས་ནས་བཅར་འདྲིར་ཕྱིན་མྱོང་། སྐབས་ཐོག་དེའི་དྲན་པ་ད་དུང་ཡང་སེམས་ཀྱི་གཏིང་ལ་སིམ་འདུག

——ཀླད་ཀྱི་གཏམ།


བཞུད་པའི་ལོ་ཟླ།

ལོ་ངོ་སྟོང་གི་སྦྲ་རྒན  ཁ་ཆར་གྱི་རླབས་ལ་ཐིམ་སོང

སྦྲ་རྒན་གྱི་མཐོངས་སུ་བཞད་པའི་སྐར་ཕྲན་ཁྲི་ཕྲག   རླུང་གིས་ཁུར་སོང

མིག་ལ་ལོབས་པའི་རྩྭ་ཐང    མིག་ནང་ནས་བོར་སོང

རྣ་ལ་གོམས་པའི་རྫི་གླུ   རྣ་ལམ་ནས་ཡལ་སོང

རྟ་མཆོག་གི་བང་རྩལ   གཡང་དཀར་གྱི་འབའ་སྒྲ    ཕྱིར་དྲན་གྱི་གསེང་ནས་རྒས་སོང

སྐྱས་ལམ་ནས་བཏུས་པའི་ཆེས་ཐོག་མའི་བརྩེ་དུངས་ཀྱི་མེ་ཏོག   གངས་ཁྲོད་ནས་རྙིད་སོང

ཕ་མེས་ཡང་མེས་ཀྱིས་མགོན་དུ་བཀུར་བའི་བླ་རི    དད་སེམས་ཀྱི་ཀློང་ནས་ཤི་སོང

མཐའ་མཇུག་གི་ཕུང་བོ་བྱ་ལ་གཡེང་སའི་རི་སྒང  ཡང་ན་ལོ་མང་གི་དུར་ཁྲོད    ཁ་ཆར་གྱི་བྲན་དུ་གྱུར་སོང

དིང་གླིང་གི་འགྱུར་ཁུགས་མུ་མེད་ཀྱི་མཐའ་ལ་བཞུར་སོང

……

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།