སིངྒལའི་ལོ་རྒྱུས་སྐོར། ལྔ་བ།

དགེ་འདུན་ཆོས་འཕེལ། 

སྟོན་པ་འདས་ནས་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་པའི་སྐབས་སིངྒལ་ཙཽལའི་རྒྱལ་པོའི་ཆབ་འོག་ཏུ་ཤོར་བར། མི་རིང་བར་སྔོན་གྱི་རྒྱལ་རིགས། བིཛཡབྷཧུ་རྣམ་རྒྱལ་དཔུང་པ་བྱ་བ་ཞིག་རང་ལོ་བཅོ་ལྔ་པར་མལཡའི་ལྗོངས་སུ་སྲིད་བཟུང་། ལོ་ངོ་བཅུ་མུ་སྟེགས་ཀྱི་རྒྱལ་པོ་དང་གཡུལ་བཀྱེས་པའི་མཐར་མ་འགགས་པའི་གྲོང་ཁྱེར་སླར་འཕྲོག་སྟེ་རང་ཉིད་ཀྱིས་ཅོད་པཎ་བཅིངས། རྒྱ་གར་ཙལུཀའི་རྒྱལ་པོ་རྣམ་གནོན་ཉི་མ་བིཀྲམཱ་དིཏྱ་དང་། ཀལིངྒའི་རྒྱལ་སོགས་དང་གྲོགས་སུ་བསྡེབས་ཏེ། རང་ཡུལ་གྱི་བསྟན་པ་ཉམས་པ་དག་སླར་གསོ། བྷར་མའི་རྒྱལ་པོས་སྔར་དམག་རོགས་བྱས་པའི་དྲིན་གཟོར་ཡུལ་དེར་ཐེག་ཆེན་པའི་དགེ་སློང་ཤིན་ཏུ་འཆལ་བར་སྤྱོད་པ་དག་ཡོད་པ་གནས་ནས་དབྱུངས་ཏེ། གནས་བརྟན་པའི་སྡོམ་རྒྱུན་སྤེལ་དུ་སིངྒལ་ནས་དགེ་སློང་རྣམས་བཏང་། དེ་ཕྱིན་བྷར་མ་རྣམས་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པར་གྱུར་ཅིང་། དེ་བོད་ན་རྗེ་མི་ལ་སོགས་བཞུགས་པའི་དུས་སུ་ཡིན། དེའི་འོག་ཏུ་དེའི་ནུ་བོ་ཛཡབཱཧུ་དང་། དེ་ནས་དེའི་བུ་བིཀྲམབཱཧུ། གཛབཱཧུ་རྣམས་ཀྱིས་ཁྲི་རིམ་པར་བཟུང་།

སངས་རྒྱས་འདས་རྗེས་ཀྱི་ཆིག་སྟོང་དྲུག་བརྒྱ་གོ་བདུན་པ་ན། གཛབཱཧུའི་ཕ་སྤུན་སར་ཀྲམབཱཧུ་བྱ་བ་ཁྲི་ལ་འཁོད། འདི་སིངྒལའི་རྒྱལ་པོ་གྲགས་ཆེན་གཉིས་ཀྱི་ཡ་གྱལ་དེ་ཡིན་ཅིང་། ལོ་སོ་གསུམ་སྲིད་བསྐྱངས། སིངྒལ་དབང་བར་མ་ཟད་བྷར་མ་དང་རྒྱ་གར་ལྷོ་ཕྱོགས་ཀུན་ཀྱང་དབང་དུ་འདུས། མུ་སྟེགས་ཀྱི་མི་སྡེ་མང་པོ་སིངྒལར་ཁྲིད་ནས་སྔར་ཁོང་དག་གིས་བཤིག་པའི་གཙུག་ལག་ཁང་དང་། མཆོད་རྟེན་ཐམས་ཅད་ཉམས་གསོ་བྱེད་དུ་བཅུག རྒྱལ་བྱེད་ཚལ་དང་། ལངྐའི་ཐིག་ལེ། ལཏཱམཎྚ་ལ་སོགས་པའི་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་བཞེངས། དེ་དག་གི་ཤུལ་རྣམས་སོ་ལོན་ན་རྒྱུ་བ་བྱ་བའི་ཡུལ་དུ་འདུག་ཅིང་། རྡོའི་ཀ་བའི་ཆག་གྲུམ་ཙམ་ལ་ཡང་བཟོ་ཁྱད་ཀྱིས་འགྲན་ཟླ་མེད་པ་ཡིན། གཙུག་ལག་ཁང་ཆེན་པོ་ལ་སོགས་པའི་དགེ་འདུན་སྡེ་གསུམ་གྱི་ཁྲོད་དུ་ཐེག་ཆེན་པ་དག་ཆུད་པ་ཡང་རྒྱལ་པོ་འདིའི་རིང་ལ་གཙང་ཞིང་ལྷག་ལུས་མེད་པར་བྱས་ཏེ། དེ་ནས་བཟུང་སྟེ་གསུམ་ན་ཕན་ཚུན་རྩོད་པ་མེད་པར་གནས། སྨན་ཁང་དང་། སྨན་དང་། སྨན་པ་བཅས་པ་དཀོར་མཛོད་ནས་བདག་རྐྱེན་སྦྱར་ཏེ་རྒྱ་ཆེན་པོར་བཙུགས། ཡུལ་ཐ་དད་ནས་འོངས་པའི་ནད་པ་རྣམས་ལ་ཟས་གོས་སྦྱར། ཚེས་བཅོ་ལྔ་ནམ་ཤར་ལ་རྒྱལ་པོ་རང་ཉིད་དབུ་རྒྱན་སོགས་བཞག་སྟེ། གོས་དཀར་པོ་གྱོན་ཞིང་ཡན་ལག་བརྒྱད་པ་ལེན། བློན་རྣམས་དང་། ལྷན་དུ་ནད་པ་རྣམས་ལ་དྲི་རྟོག་བྱེད་དུ་འགྲོ། ནམ་མཁའི་གངྒཱ་བྱ་བའི་ཡུལ་ཆེན་སོགས་བྱས་ཏེ་འབངས་ཀྱི་ཞིང་པ་དག་ཀྱང་ཆེས་ཕུན་སུམ་ཚོགས་པར་བྱས་པ་སོགས་མདོར་ན་འདི་དུས་ཡུལ་འདི་ཆོས་སྲིད་གཉིས་ཀའི་སྒོ་ནས་དར་བའི་རྩེར་སོན་པར་གྲགས། དེའི་འོག་ཏུ་དེའི་སྲིང་མོའི་བུ་པཎྜི་ཏ་བིཛཡབཱཧུ་རྣམ་རྒྱལ་དཔུང་བྱ་བའི་རྒྱལ་པོ་མཁས་པ་ཞིག་གིས་ཁྲི་བཟུང་། དེ་གྲོངས་ནས་རྒྱ་གར་ཀལིངྐའི་སེང་གེ་གྲོང་དུ་སྐྱེས་པའི་རྒྱལ་རིགས་སིངྒལའི་རྒྱལ་པོའི་གཉེན་ཚན་དུ་གཏོགས་པ་ནིཤངྐམལླ་བྱ་བས་ལོ་ངོ་དགུའི་བར་སྲིད་བཟུང་། དུས་འདི་ཙ་ན། འཕགས་པ་དགྲ་བཅོམ་པ་མལླིཡདེབ་ཞལ་བཞུགས་ཤིང་། དགྲ་བཅོམ་དེས་མུ་ཏིག་ཡན་ལག་གི་མཆོད་རྟེན་དུ་ཆོས་བསྟན་པ་ན་དགེ་སློང་དྲུག་ཅུས་འབྲས་བུ་ཐོབ། ཆོ་འཕྲུལ་གྱིས་སྐྱེ་བོ་རྣམས་【དད】པར་བྱས་ཤིང་། མྱ་ངན་ལས་འདས་ཚེ་སྐུ་གདུང་ལྷ་རྣམས་ཀྱིས་མཁའ་ལ་འཁྱེར་བ་རང་གི་སྲིང་མོ་དང་གྲོང་པ་ཀུན་གྱིས་དངོས་སུ་མཐོང་བ་སོགས་བྱུང་། བཏརཱམ་བྱ་བར་དགྲ་བཅོམ་འདིའི་གཙུག་ལག་ཁང་ཡང་ཡོད་ཅིང་། འདིའི་གཉེན་ཚན་གྱི་རྒྱུད་པར་གྲགས་པའི་མི་ངོ་འགའ་ཞིག་ཀྱང་ད་ལྟའི་བར་ཀུརྡུནེགལ་བྱ་བའི་ཡུལ་ན་འདུག དགྲ་བཅོམ་འདིའི་སྐུ་བསྟོད་སོདགས་ཀྱང་མང་དུ་སྣང་ཞིང་། འདི་ལ་སིངྒལའི་དགྲ་བཅོམ་མཐའ་མ་ཞེས་གྲགས་སོ། །དེས་ན་འདི་ནི་གདོན་མི་ཟ་བར། ཁྲོ་ལོས་མཛད་པའི་པཎ་ཆེན་གྱི་རྣམ་ཐར་དུ་གསལ་བའི་སིངྒལའི་དགྲ་བཅོམ་འབྲི་ཁུང་སྐྱོབ་པ་སོགས་ལ་མེ་ཏོག་བསྐུར་མཁན་དེ་ཡིན་པར་གོར་མ་ཆག་མོད། ཁྲོ་ལོས་མཛད་པ་དེར་རཏྣཙུནྟམཎི་གྲོང་ན་བཞུགས་པའི་དགྲ་བཅོམ་གུཎརཏྣ་ཞེས་མཚན་མི་འདྲ་བ་སྣང་། དགྲ་བཅོམ་འདི་ལ་མཚན་དེ་འདྲ་ཡོད་པ་རྒྱུས་མི་འདུག་ཅིང་། ཙུནྟམཎིའི་གྲོང་དེ་ད་ལྟའི་པོ་ལེན་ན་རྒྱུ་པའི་མིང་དུ་སྔར་གྲགས་ཞེས་འགའ་ཞིག་ཟེར་རོ། །དགྲ་བཅོམ་འདིའི་རྣམ་ཐར་རྒྱས་ཙམ་མགངྷའི་སྐད་དུ་བྲིས་པའི་རསབཏིནི་བྱ་བ་དང་། གཞན་སིངྒལའི་སྐད་དུ་བྲིས་པའི་སངྔྷརྨཱལངྐཱར་དམ་པའི་ཆོས་རྒྱན་བྱ་བའི་གཞུང་གཉིས་ན་ཡོད་ཟེར་ཀྱང་བདག་ཕྱི་བཤོལ་གྱིས་བསླུས་ཏེ་འདི་ཙམ་ལས་བྲི་རྒྱུ་མ་རྙེད་དོ།།

དེའི་རྗེས་སུ་དཔུང་གི་མིང་ཅན་གྱི་རྒྱལ་པོ་དུ་མ་བྱུང་ཞིང་། དཔའ་བོའི་དཔུང་གི་སྐབས་རྒྱལ་བུ་ལྕང་ལོ་ཅན་གྱི་དབང་ཕྱུག་བྱ་བས་ཕམ་སྟེ་ཁྲི་བཟུང་། དེས་རྒྱ་ནག་གི་ཕོ་ཉ་ལ་འཚེ་བའི་རྐྱེན་གྱིས་རྒྱའི་གོང་མའི་དམག་དཔོན་ཅིང་ཧོ་བྱ་བས་རྒྱལ་པོ་འཁོར་བཅས་བཟུང་ནས་རྒྱ་ནག་ཏུ་འཁྲིད། རྒྱལ་བུ་པར་ཀྲམབཱཧུ་བྱ་བ་སླར་བཏང་སྟེ་རྒྱལ་སྲིད་འཛིན་དུ་བཅུག་དེ་དུས་བཙུགས་པའི་རྒྱའི་རྡོ་རིང་། ཏ་ཟིག་དང་། རྒྱ་དང་། ཏ་མི་ལའི་【ཡི་གེ】གསུམ་ཡོད་པ་ཞིག་སིངྒལའི་སྒ་ལི་བྱ་བར་ཡོད། རྒྱལ་བརྒྱུད་དེ་དག་གི་ཚེ་གསེར་གྱི་དོང་ཙེ་ཟངས་སུ་བསྒྱུར་ཅིང་། ཡུལ་གྲུ་ཅུང་ཟད་རྒུད་ཟེར། པཎྜི་ཏ་ནགས་ཀྱི་རིན་ཆེན་ཡང་འདི་དུས་ཤིག་ལ་གླིང་འདིར་བྱོན་པ་ཡིན།

སྟོན་པ་འདས་ནས་ལོ་ཉིས་སྟོང་ཟིན་པ་ན། རྒྱལ་འཕེལ་གྱི་ཡུལ་དུ་མཱཡརྡནུ་སྒྱུ་མའི་གཞུ་བྱ་བའི་རྒྱལ་ཕྲན་སྟོབས་ལྡན་ཞིག་སྲིད་འཛིན། དེའི་བུ་རཱཛསེངྷ་རྒྱལ་སྲིད་ལ་རྔམ་པས་རང་གི་ཕ་བཀུམ་ནས་ཅོད་པཎ་བཅིངས། ཡུན་རིང་ཙམ་ཞིག་དགེ་འདུན་ལ་མཆོད་པ་སོགས་ཆོས་ཀྱི་བྱ་བ་བྱས། ཉིན་གཅིག་དགེ་སློང་ཞིག་ལ་བསོད་སྙོམས་འབུལ་བ་ན། སྔར་གྱི་སྡིག་པ་གློ་བུར་དུ་དྲན་ཏེ་སྐྲག་ནས། ངས་ཕ་བསད་པའི་སྡིག་འབྲས་འདི་མི་མྱོང་བའི་ཐབས་ཚུལ་འགའ་ཞིག་ཡོད་དམ། དེ་ན་རེ། རྒྱལ་པོ་ངེས་པའི་ལས་འདིའི་རྣམ་སྨིན་གདོན་མི་ཟ་བ་མྱོང་དགོས་སོ། །གནས་བརྟན་གཞན་དག་ལ་དྲིས་པས། དེ་དག་ཀྱང་དེ་སྐད་ཟེར་ནས། ཡིད་ཆད་དེ་མུ་སྟེགས་ཀྱི་སློབ་དཔོན་ཞིག་ལ་དྲིས་པས། དེ་ན་རེ། བཟླས་པ་དང་མཆོད་སྦྱིན་འདི་ཞེས་བྱ་བ་དག་བྱས་ན་སྡིག་པ་དེ་ལྟ་བུ་དག་ཅིང་སྐད་ཅིག་གིས་འབྱང་བར་འགྱུར་རོ། །རྒྱལ་པོ་བདུད་རྩིས་བྲན་པ་བཞིན་དུ་གྱུར་ཏེ། དེ་ཕྱིན་ཆད་དེ་དབང་ཕྱུག་གི་རྗེས་སུ་འབྲང་བར་གྱུར་ཅིང་། རང་ཡུལ་གྱི་དགེ་སློང་རྣམས་བཀྲོངས། གཙུག་ལག་ཁང་དང་གླེགས་བམ་མེ་ལ་བསྲེགས། དེ་དག་གི་ཤུལ་དུ་མུ་སྟེགས་ཀྱི་རྟེན་དག་བཙུགས། མཐར་གྱིས་དེ་དཔུང་སྟོབས་ཅན་དུ་གྱུར་ཏེ་ལངྐའི་ཡུལ་ཧྲིལ་པོ་འོག་ཏུ་བཅུག དགེ་སློང་རྣམས་ལ་རྟགས་འདོར་བའམ་སྲོག་འདོར་དགོས་པའི་དྲིལ་བསྒྲགས། བསོད་སྙོམས་སྦྱིན་པ་དག་ལ་ཡང་ཁྲིམས་བཅད། དེ་ལ་དགེ་སློང་གང་དག་རྒྱལ་པོ་ལ་གུས་པ་རྣམས་ནི་ཁྱིམ་པར་བབས། གང་སྟོན་པ་ལ་གུས་པ་རྣམས་ནི་རྐྱེན་དེ་ཉིད་ཀྱིས་རང་གི་སྲོག་བཏང་། འགའ་ཞིག་དག་འཛམ་བུ་གླིང་དུ་བྲོས་ཏེ་ལངྐའི་ཡུལ་ན་བསྟན་པ་ཅུང་ཟད་ཀྱང་མི་གནས་པར་བྱས་སོ། །འདིའི་བསྟན་པའི་སྟོང་ཆར་ཡུལ་ཅི་ཙམ་བྱུང་བ་མི་གསལ་ཡང་ལོ་ཉི་ཤུ་ཙམ་ལས་མི་རིང་བར་མངོན། འདི་བོད་ན་རྗེ་བླ་མའི་དངོས་སློབ་འཚོ་ཞལ་བཞུགས་པའི་དུས་ཡིན་ཅིང་། སིངྒལའི་རྒྱལ་བརྒྱུད་ཀྱི་ཁྲོད་ནས་མུ་སྟེགས་བྱེ་པ་འདི་གཅིག་པུར་གྲགས།

དེ་ནས་རྒྱལ་རབས་བཞི་ཙམ་སོང་ཞིང་། སངས་རྒྱས་འདས་ནས་ལོ་ཉིས་སྟོང་བརྒྱ་དང་སོ་ལྔ་ལ་བབས་པ་ན་བིམལངྷརྨསུརྱ་དྲི་མེད་ཆོས་ཀྱི་ཉི་མ་བྱ་བས་སྲིད་འཛིན། གྲོང་ཁྱེར་གྱི་མཐའ་ལྕགས་རིས་བསྐོར་ཞིང་། ཡུལ་རྣམས་བདེ་བར་བསྐྱངས། སྟོན་པའི་ཚེམས་རྩད་བཅད་པས། སྟེང་གི་ཡུལ་དུ་སྦས་ནས་བཞག་པ་ཐོས་ཏེ། བཀུར་བསྟི་ཆེན་པོས་སྤྱན་དྲངས་ཤིང་། གཙུག་ལག་ཁང་ཆེད་གཏད་ཀྱིས་བཞེངས་པར་བཞུགས་སུ་གསོལ། དེ་ནས་རང་ཡུལ་ན་དགེ་སློང་མི་བཞུགས་པས་གདུང་བ་སྐྱེས་ཏེ་ཡུལ་རཀཁངག་བྱ་བ་ནས་བཙུན་པ་དག་སྤྱན་དྲངས། ནནྟིཅཀ་བྱ་བའི་གནས་བརྟན་སོགས་སངས་རྒྱས་འདས་རྗེས་ཀྱི་ལོ་ཉིས་སྟོང་བརྒྱ་དང་བཞི་བཅུ་པ་ལ་སིངྒལར་བྱོན། མི་ཆེན་གྱི་རིགས་མང་པོ་རབ་ཏུ་དབྱུངས། གཙུག་ལག་ཁང་དུ་མ་བརྩིགས། དེ་ལྟར་ཆོས་ཀྱི་རྒྱལ་སྲིད་ཡུན་རིང་བསྐྱངས་བའི་མཐར། རང་གི་སྤུན་གཞོན་པ་ལ་ཁྲི་གཏད་དེ། རང་ཉིད་སེམས་ལས་ཆུང་ངུར་དགེ་བའི་ཕྱོགས་ལ་བརྩོན་ཞིང་བསྡད། ཕྱིས་ཀྱི་རྒྱལ་པོའི་ཁྲོད་ན་བསྟན་པ་ལ་བཀའ་དྲིན་ཆེ་ཤོས་འདི་ཡིན་པར་གྲགས། སླར་ཡང་བར་སྐབས་སུ་རྒྱལ་པོའི་གཉེན་ཚན་རྒྱ་གར་བ་མང་པོ་སླེབས་ཤིང་ཤན་གྱིས་མུ་སྟེགས་ཀྱི་མཆོད་སྦྱིན་སོགས་ཆེར་འཕེལ་ཅིང་། རབ་བྱུང་རྣམས་གཡེལ་ཏེ་བསྙེན་རྫོགས་འབོགས་པའི་དགེ་འདུན་ཡང་གྲངས་མང་པོ་ལོངས་ཙམ་དུ་གྱུར་པ་ན་དགེ་ཚུལ་མཁས་པ་སརནཾཀར་སྐྱབས་མཛད་བྱ་བ་དེས་རྒྱལ་པོ་ལ་ཞུས་ཏེ། ཤྱམ་དུ་དགེ་སློང་སྤྱན་འདྲེན་པའི་ཕོ་ཉ་ལན་ཁ་ཡར་བཏང་ཡང་གྲུ་ཞིག་པ་སོགས་ཀྱི་རྐྱེན་ངན་འཕྲད་དེ་མ་གྲུབ། སླར་རྒྱལ་པོ་གྲགས་པ་སེང་གེའི་ཁྲི་ལོ་བདུན་པ་སངས་རྒྱས་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་གོ་བདུན་པ་ལ་ཤྱམ་ནས་གནས་བརྟན་ཉེ་བར་འཁོར་ལ་སོགས་པའི་དགེ་སློང་ཉི་ཤུ་ལྷག་སྤྱན་དྲངས། ཆུ་དབུས་སུ་གྲུ་བོ་ཆེ་ལ་མཚམས་གཅད་དེ་ས་ར་ནམ་ག་ར་ལ་སོགས་པའི་བསྒྲུབ་བྱ་མང་པོ་བསྙེན་པར་རྫོགས། དེ་ནས་མཆོད་པ་ད་ལྟའི་ཤྱམིཉཡ་ཡིན། ཤྱ་མའི་དགེ་སློང་དག་གིས་གྲོང་ཁྱེར་དབུས་སུ་ཁྱབ་འཇུག་དང་ཞི་བའི་ལྷ་ཁང་མཐོང་ནས་ཤིན་ཏུ་བྲེད་དེ་ནང་པའི་རྒྱལ་པོའི་ཕོ་བྲང་གི་ཉེ་འཁོར་དུ་ཡང་འདི་འདྲ་ཡོད་པ་ཆེས་ཡ་མཚན་ཟེར་བ་ཐོས་ནས། རྒྱལ་པོའི་ལུང་གིས་ལྷ་ཁང་དེ་ཀུན་བཤིག་ཅིང་མཆོད་སྦྱིན་བཅད། ཤྱམ་གྱི་རྒྱལ་པོའི་སྲས་ཀྱང་དགེ་སློང་རྣམས་དང་ལྷན་དུ་བྱོན་པ་ལ་རྒྱལ་སྲིད་གཏད་ཀྱང་མ་བཞེས། དེ་ནས་སརནཾཀར་ཡུལ་སྤྱིའི་དགེ་འདུན་གནས་བརྟན་དུ་བཞུགས་ཏེ་བསྟན་པའི་བྱ་བ་རླབས་པོ་ཆེ་མཛད་ཅིང་། བརྡ་སྤྲོད་དང་། སྨན་ལ་སོགས་པའི་རིག་གནས་ཀྱི་བསྟན་བཅོས་དུ་མ་ཡང་མཛད་དེ་སངས་རྒྱས་འདས་རྗེས་ཀྱི་ལོ་ཉིས་སྟོང་སུམ་བརྒྱ་སོ་གཉིས་པ་ལ་མྱ་ངན་ལས་འདས། བྱུང་བ་འདི་དག་གི་སྐབས་སུ་བོད་ན་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ཞལ་བཞུགས།

དེའི་གོང་ཆེས་སྔ་མོ་སངས་རྒྱས་འདས་རྗེས་ཀྱི་ལོ་ཉིས་སྟོང་ལྔ་བཅུའི་ནང་ཙམ་ན་མཐའ་མི་ཕོ་ཊོ་སྒིས་སྣམ་གླིང་འདིར་སླེབས་ཤིང་། དེ་ཡོ་རུབ་ཀྱི་མི་མཐོང་བའི་ཐོག་མ་ཡིན་པས་ཡུལ་མི་རྣམས་ཤིན་ཏུ་བྲེད་དེ་སྔོན་མ་མཐོང་བའི་མི་རིགས་པགས་པ་སྐྱ་ལ་སྐྲ་དམར་བ། ལྕགས་ཀྱི་ཞྭ་གྱོན་ཞིང་སྐད་ཅིག་ཀྱང་མི་སྡོད་པར་ཕན་ཚུན་འགྲོ་བ། ཉ་དུམ་བུ་རེ་ལ་གསེར་དུམ་རེ་སྟེར་བ། ཟས་སུ་རྡོ་ཟ་ཞིང་། སྐོམ་དུ་ཁྲག་བཏུང་བ་སོགས་སྨྲས་ཏེ། ཇ་བཏུང་ཞིང་འཁུར་སྐལ་ཟ་བ་མཐོང་སྐད། ཕོ་ཊོ་སྒིས་དེ་དག་ས་ཉུལ་བ་ལ་རྒྱུས་ཆེ་བས་འགའ་ཞིག་དབུས་གཙང་དུ་ཡང་སླེབས། འབྲུག་ངག་དབང་རྣམ་རྒྱལ་གྱི་མདུན་དུ་ཡང་སླེབས་ནས་མེ་མདའ་ཕུལ་བ་སོགས་ཁོང་གི་རྣམ་ཐར་ན་ཡང་གསལ། འོན་ཀྱང་ཁོང་རྣམས་སིངྒལར་སླེབས་པའི་དུས་དེ་ཀུན་མཁྱེན་པད་དཀར་སོགས་ཀྱི་དུས་སུ་ཡིན་ཅིང་། དེའི་གོང་ལོ་དུ་མའི་སྔོན་ནས་རྒྱ་གར་དུ་སླེབས། དེ་དག་སིངྒལའི་རྒྱལ་པོ་དང་དགྲ་གྲོགས་རེས་མོས་སུ་བྱས་ཏེ་ལོ་བརྒྱ་དང་ལྔ་བཅུ་ཙམ་ཡུལ་འདིའི་མཚོ་འགྲམ་དུ་བསྡད། དེ་ནས་མཐའ་མིའི་རིགས་གཞན་སྦྲ་ཅི་བྱ་བ་དག་སླེབས་ཏེ་སྔོན་མ་རྣམས་བསྐྲད་ནས་དེའི་ཤུལ་དུ་ཁོང་རྣམས་ཚོང་པའི་ཚུལ་དུ་བྱས་ཏེ་ལོ་སུམ་ཅུ་ཙམ་བསྡད། དེ་ཡང་ཡུན་རིང་མོ་ཞིག་གི་བར་སིངྒལའི་རྒྱལ་པོས་ཀསྡེ་ཕྱོགས་སུ་སྲིད་བཟུང་ཞིང་། ཕྱི་གླིང་དབྱིན་ཅིའི་རིགས་དང་གྲོགས་བསྡེབས་མཐར་རྒྱལ་པོ་ཤྲཱིབིཀྲམ་བྱ་བའི་རིང་ལ་ཉེས་མེད་མང་པོ་ཁྲིམས་ལ་སྦྱར་ཞིང་། གསེར་གར་བླུགས་ཀྱི་ཁྲི་ལ་སྡོད་པ་སོགས་ཚུལ་མི་མཐུན་པ་དུ་མ་ཞིག་བྱས། འབངས་རྣམས་ཀྱང་ཕྱོགས་གཉིས་སུ་སླེབས། དེར་ཕི་གླིང་པའི་ངོ་ཚབ་བྱང་ཕྱོགས་པ་བྱ་བ་ཞིག་གིས་དམག་ཁྲིད་དེ་ཀནྡ་བཅོམ། ཕོ་བྲང་བསྲེགས། རྒྱལ་པོ་རྒྱུད་དང་བཅས་པ་རྒྱ་གར་དུ་སྤྱུགས་པ་ལས་དེར་གྲོངས་ཏེ་ད་ལྟ་ལོ་བརྒྱ་དང་དགུ་ཙམ་སོང་། དེའི་འོག་ཏུ་མཐའ་མིའི་ཤན་གྱིས་ཆོས་ལུགས་མི་འདྲ་བ་དག་ཀྱང་སླེབས། ཀྲི་སྟན་ནམ་མ་ཤི་ཀ་པའི་སྲོལ་ཆེར་དར་ཏེ་བར་སྐབས་སུ་ནང་པའི་ཕྱོགས་ཀུན་ནས་ཆེས་ཉམ་ཐག་པར་གྱུར་པ་ན། དགེ་སློང་སྨྲ་བ་ཅན་གུཎརཏྣ་བྱ་བ་ཆོས་ལུགས་ཀུན་ལ་བྱང་ཞིང་རྩོད་པ་ལ་མཁས་པ་དེས་མ་ཤི་ཀ་པའི་བླ་མ་རྣམས་དང་ཆོས་ལུགས་རྒྱན་དུ་བཞག་སྟེ་ཉིན་དུ་མར་རྩོད་པ་བྱས་པས། ཁོང་རྣམས་རྨེག་མེད་དུ་ཚར་བཅད་ཅིང་། སྟོང་ཕྲག་དུ་མ་དག་སླར་ནང་པའི་ཕྱོགས་སུ་ཞུགས། ང་ལ་བླ་མ་གནས་བརྟན་ཆོས་ཀྱི་དགའ་བ་བྱ་བ་ཞིག་ཡོད་པ། ཁོང་དགོངས་ལོ་ཤིན་ཏུ་བགྲེས་པས་ཁོང་གིས་ཀྱང་བྱིས་པའི་ཚེ་དགེ་སློང་མཇལ་བར་འདུག ཡན་ལག་རགས་ལ། མིག་ཧུར་བ། བལྟས་ན་ཡང་འཇིགས་སུ་རུང་བ་ཞིག་ཡོད་སྐད། དེ་དུས་ཁོང་རྣམས་ཀྱིས་བྱས་པའི་རྩོད་པ་ཀུན་ཡི་གེར་བཏབ་པ་ཞིག་ཀྱང་འདུག་པ་ཤིན་ཏུ་ངོ་མཚར། ལྟ་བའི་གནད་སོགས་ལ་རྩོད་པ་མི་འདུག་མོད་ཀྱི་འོན་ཀྱང་ཕ་རོལ་པོའི་རྩོད་པ་རྣམས་དིང་སང་གི་རིགས་པ་གསར་པའི་ཤེས་རྒྱ་དག་ལ་གཞི་བཙུགས་ནས་བཀོད་པས་རང་ཅག་ལྟ་བུས་ལན་གདབ་པ་ཤིན་ཏུ་ཡང་བྱ་དཀའ་བའི་མཐར་ཐུག་ཅིག་ཏུ་སེམས།

དེ་ལྟར་ཆོས་ཀྱི་རྒྱལ་པོ་སྐར་རྒྱལ་ནས་བཟུང་སྟེ་སིངྒལའི་རྒྱལ་བརྒྱུད་མཐའ་མ་ཐུག་གི་བར་དུ་ནང་པའི་རྒྱལ་པོ་བརྒྱུད་མར་བྱུང་ཞིང་། བཙུན་མོ་རྣམས་རྒྱ་གར་གྱི་ཡུལ་དག་ནས་ལེན་པའི་སྲོལ་གནས་པ་ལས། བརྒྱ་ལ་རྒྱལ་པོའི་རིགས་འཛིན་པ་མེད་ན་བཙུན་མོའི་གཉེན་ཚན་ཞིག་རྒྱ་གར་ནས་བོས་ཏེ་ཁྲི་འཛིན་དུ་འཇུག་པ་ཡིན་ཅིང་། དེ་ཡང་གསིངྒལའི་ཁྲི་སླེབས་ཕྱིན་ཆད་མུ་སྟེགས་ཀྱི་སྲོལ་བྱེད་ས་མེད་པར་དཀོན་མཆོག་གསུམ་ལ་བླ་མ་འཛིན་དགོས་པའི་སྤྱི་ཁྲིམས་བྱས་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་མི་རིང་བ་ན་ཆོས་བྱུང་བ་ནས་བཟུང་། ད་ལྟ་དུས་གསར་པའི་རྒྱལ་ཁམས་འདི་འདྲ་ཞིག་ཏུ་གྱུར་གྱི་བར་དགེ་སློང་རྣམས་ཀྱང་སྡེ་སྣོད་གསུམ་གྱི་བཤད་སྒྲུབ་མ་ཉམས་པར་བསྐྱངས་ཤིང་། ཁྱིམ་པ་དག་ཀྱང་དཀོན་མཆོག་བླ་མ་བྱེད་པའི་ཚུལ་ལུགས་གཙང་མར་གནས་ཏེ་ནང་པའི་རྒྱལ་ཁམས་རྣམ་ཀྱི་ཁྲོད་ན་གསེར་གྱི་རྒྱན་ལྟ་བུར་གནས་པ་ཡིན་ལ། མདོར་ན། རྒྱལ་ཁམས་ཀུན་གྱི་མི་རིགས་བརྒྱུད་མར་འདུ་བའི་ས་མཐའི་གླིང་ཕྲན་ཞིག་ཏུ་བདེ་བར་གཤེགས་པའི་བསྟན་པ་མི་ལོ་ཉིས་སྟོང་གི་རིང་ལ་མ་ཉམས་པར་གནས་སོ། །ཞེས་བྱ་བ་འདི་ནི། བསམ་ཤེས་པ་དག་ལ་ཆེས་ཤིན་ཏུ་ངོ་མཚར་བའི་གནས་སོ། །སིངྒལ་བ་དག་ལ་མཏཱབངྴ་གདུང་རབས་ཆེན་མོ་དང་། དྲྭཱིཔབངྴགླིང་གདུང་རབས། རཱཛབལི་རྒྱལ་པོའི་ཕྲེང་བ་སོགས་ཀྱིས་ཐོག་དྲངས་པའི་ཆེས་ཞིབ་པའི་རྒྱལ་རབས་ཀྱི་གླེགས་བམ། རྒྱ་ནག་དང་། ཏ་ཟིག་པ་དག་གི་རྗེས་སུ་འགྲོ་བ་ཙམ་ཡོད་པས་མཐའ་དག་པ་བྲི་བ་ནི་བྱ་དཀའ་བ་ལགས་ན། འདིར་མངོན་ཚན་ཆེ་བའི་བྱུང་བ་འགའ་ཞིག་ཅུང་ཟད་བརྗོད་པ་ཙམ་མོ།།

ཉེ་དུས་ཀྱི་ལོ་རྒྱུས་སྨྲ་རི་བ་ཞིག་ནི་སྔར་བཤད་པའི་དུཊགམུནིས་བཞེངས་པའི་མཆོད་རྟེན་རྒྱལ་པོ་རུཨཾབེལར་གྲགས་པའི་འདི་གནའ་དུས་ཤིག་ནས་ཉམས་ཏེ། རི་ལྟ་བུར་གྱུར་ནས་ཡོད་པ་ལ་ཡུལ་མི་ཐམས་ཅད་ནས་ཞིག་གསོས་ཀྱི་འབད་རྩོལ་དྲག་པོ་ལོ་དྲུག་ཅུའི་བར་བྱས་པ་འབྲུག་ལོ་འདིར་ལས་མཇུག་རྫོགས་ཏེ་མཆོད་རྟེན་གསར་དུ་བཞེངས་པ་བཞིན་བལྟ་བས་ཆོག་མི་ཤེས་པར་གྱུར། དེ་ནས་བྷར་མའི་ཡུལ་གྱི་སངས་རྒྱས་པ་སྤྱི་ནས་མན་ཤེལ་ཁྲུ་ཚད་ཙམ་པ་ཞིག་ལ་ཕ་ལམ་རྡོག་ཆེན་དུ་མས་སྤྲས་ཤིང་གསེར་གྱིས་བརྒྱན་པ་སྒོར་ཉིས་འབུམ་རི་བའི་ཏོག་ཅིག་སྐྱེས་སུ་སྤྲིངས། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་དུས་སྟོན་ཚུགས་ཏེ་ཏོག་སྒྲོན་ཅིང་ཟླ་བ་གཅིག་གི་བར་དུས་སྟོན་བྱས། ཕལ་ཆེར་གླིང་གང་པོའི་ཁྱིམ་དང་དགེ་སློང་ཀུན་མི་དེར་འཛོམས། འདི་འདྲའི་དུས་སྟོན་ཆེན་པོ་མི་ཐོག་དུ་མའི་བར་མ་བྱུང་བ་ཡིན་ཟེར། བྷར་མ། ཤྱམ་དང་། ཀམྦོ་ཛ་སོགས་ནང་པའི་རྒྱལ་ཁམས་རྒྱང་རིང་པོ་ནས་ཀྱང་མི་མང་པོ་ལྟད་མོར་སླེབས། ངེད་ཀྱང་སྟབས་ལེགས་སུ་དེ་ལ་སླེབས་པར་བོད་ཀྱི་ཡུལ་ནས་ཀྱང་ཐོས་ཏེ་འོངས་འདུག་སོགས་གྲགས། རེ་ཞིག་མཆོད་རྟེན་ཉིད་ཀྱང་མ་ཐོས་ན་དེའི་དུས་སྟོན་ལྟ་ག་ལ་ཞིག དེའི་ཚེ་གློག་གི་འཇའ་འོད་ཁ་དོག་སྣ་ལྔ་པས་མཆོད་བརྟེན་གྱི་རྩེའི་བར་དུ་གཡོགས་ཤིང་། ཕྱོགས་བཞི་ནས་སངས་〔རྒྱས〕སྤྱོད་ལམ་བཞི་མཛད་པའི་སྣང་བ་དང་། ནམ་མཁའ་སྟོང་པ་ལས་མདོའི་ཚིགས་བཅད་དང་། སྒྲ་སྙན་སྣ་ཚོགས་སྒྲོགས་པ་དང་། སྤྲིན་གྱི་གསེབ་ནས་གནམ་གྲུ་བཏང་སྟེ་མཆོད་རྟེན་ལ་གཡས་སུ་བསྐོར་བཞིན་མེ་ཏོག་དཀར་པོའི་ཆར་འབེབས་པ་སོགས་དེང་སང་གི་བརྫུ་མའི་འཁྲུལ་སྣ་ཚོགས་པ་བསྟན། སངས་རྒྱས་རང་གིས་ཀྱང་ཀུན་གཟིགས་ན་ཧ་ལས་སྙམ་བྱེད་སེར་སྦྲེང་གི་སྐབས་གླང་ཆེན་རྣམས་ཀྱིས་མཆོད་རྟེན་ལ་པུས་མོ་བཙུགས་ནས་ཕྱག་འཚལ་བ་སོགས་བྱེད་ཀྱིན་འདུག ད་ལྟ་མ་ཞིག་པ་ཡོད་པ་ཞིག་ལ་ས་སྟེང་ན་འདི་ལས་མཐོ་བའི་མཆོད་རྟེན་མེད་པར་གྲགས། བལ་ཡུལ་གྱི་བྱ་རུང་ཁ་ཤོར་སོགས་ཀྱང་འདི་དང་བསྡུར་ན་སླ་ངའི་ཟུར་དུ་ཕོར་པ་སྦུབ་པ་ཙམ་ཞིག་འོངས་ཏེ་མཆི། འོན་ཀྱང་འཇིགས་མེད་རི་བོའི་མཆོད་རྟེན་ཞིག་པོ་དེ་འདི་ལས་ཀྱང་ཅུང་མཐོ། ད་དུང་པོ་ལོན་ན་རྒྱུ་པ་ན་རྒྱལ་པོ་ཨརཀྲ་མས་བཞེངས་པའི་མཆོད་རྟེན་འདི་ལས་ཉིས་འགྱུར་ལྷག་ཆེ་བ་ཞིག་ལ་ཕྱེད་ལས་མ་ཟིན་པ་ཞིག་ཀྱང་འདུག སིངྒལའི་རྒྱལ་པོ་རྣམས་ཀྱིས་མཆོད་རྟེན་བཞེངས་པའི་ཧམ་པ་དེལ་སུས་ཀྱང་འགྲན་དཀའ། བུམ་སྟེགས་དམའ་བོ་གསུམ་གྱི་སྟེང་ན་གུར་གྱི་དབྱིབས་བཞིན་ཡོད་པ། བལ་ཡུལ་གྱི་ཤིང་ཀུན་མཆོད་རྟེན་དང་འདྲ་བར་འདུག མཆོད་རྟེན་འདིའི་ཞིག་གསོས་ལ་གླིང་གང་པོའི་མིས་འབད་རྩོལ་བྱས་པ་ཚད་ཀྱིས་མི་ལངས། རྒད་པོ་འགའ་རེས་ངེད་ཅག་བྱིས་པ་ཡིན་དུས་མཆོད་རྟེན་འདིའི་ཞིག་གསོས་འགོ་ཚུགས། མཆོད་རྟེན་འདི་ནམ་གྲུབ་པ་ན་འུ་ཅག་སིངྒལ་པ་རྣམས་ཀྱིས་འཁུར་ཐམས་ཅད་འཕོ་བ་ཡིན་ཞེས་པ་མེས་རྣམས་ཀྱིས་ཡང་ཡང་གླེང་བ་ཞིག་ཡོད་ཟེར། དེ་ཡང་མཆོད་རྟེན་སླར་གྲུབ་ཚེ། རྒྱལ་པོ་དུ་གབུ་དེ་དགའ་ལྡན་ནས་སླར་ཡང་ལན་གཅིག་སིངྒལར་འབྱོན། དེ་ནས་སངས་རྒྱས་ཀྱི་བསྟན་པ་སྔོན་གྱི་དུས་འདྲ་བ་ཞིག་དར་བ་ཡིན་སྐད། རྒྱལ་པོ་དེ་དེང་སང་དགའ་ལྡན་ན་རྗེ་བཙུན་གྱི་དྲུང་དུ་བཞུགས་ཤིང་། འདི་དང་འདིའི་སྤུན་སངྷ་ཏི་ཥྱ་གཉིས་མ་འོངས་པ་ན་བྱམས་པའི་ཉན་ཐོས་མཆོག་ཟུང་དུ་འགྱུར་དགོས་པ་ཡིན་ཟེར། སིངྒལའི་གཙུག་ལག་ཁང་རྣམས་ན་བྱམས་པའི་སྐུ་གང་ཡོད་ཀྱི་གཡས་གཡོན་དུ་རྒྱལ་པོ་སྐུ་མཆེད་འདི་གཉིས་ཀའི་སྐུ་འདྲ་རེ་ཡང་བཞེངས་ནས་འདུག དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ལོ་གཅིག་དང་ཞག་ཤས་མ་ཚང་བའི་ཟླ་བ་བཞི་བསྡད། དེའི་རིང་ལ་གནས་གཅིག་ཏུ་མ་ཆགས་པར། ལྭ་བ་གཡང་ལུགས་ཞིག་གྱོན་ཏེ་དགེ་བསྙེན་གྱི་ཟོབ་ཏུ་ཞུགས་ནས་རྟག་ཏུ་རྒྱུ་འགྲུལ་ཁོ་ན་བྱས་པས་ཕལ་ཆེར་གླིང་གང་པོ་འཁོར་ཙམ་བྱས། གནས་རྟེན་འགངས་ཆེན་རིགས་ཡོད་ཚད་ལ་མཇལ། ས་མཐར་ལྷུང་བའི་སྙིང་རླུང་དང་སྡེབ་པའི་མི་ཆུ་འཁྲིགས་པའི་དད་པ་ཡང་ལན་དུ་མར་སྐྱེས། ནགས་ཚལ་དུ་ལམ་གྲོགས་མེད་པར་སོང་བས་གླང་ཆེན་གྱི་དངངས་སྐྲག་ཙམ་དང་། ཉིན་གཉིས་ལ་ཆུ་དང་ཟས་མ་འབྱོར་བ་ཞིག་ཀྱང་བྱུང་། ཤས་ཆེར་རྒྱ་མཚོའི་འགྲམ་དུ་ཉུལ་ཞིང་། ཉ་པའི་གྲོང་རྣམས་སུ་བསྡད་པས་ལོ་བཞི་བཅུའི་བར་མ་ཤེས་པའི་ཆུའི་རྐྱལ་ཡང་ལེགས་པར་ལོབས། སྡིག་སྲིན་རྐང་དམར་འཇིབ་པ་དང་། ལྕོང་མོ་ཁྱུར་མིད་བྱེད་པ་ལ་སོགས་པའི་སྔོན་མེད་པའི་ནུས་པའི་ཁྱད་པར་མང་པོ་རྙེད། གཞན་དགོན་པ་རེར་སླེབས་ཚེ་དགེ་སློང་རྣམས་ཀྱིས་གྲོགས་ཏན་ཚད་མེད་པ་བྱས། གྲོང་ཁྱེར་རྣམས་སུ་ཡང་བོད་ཀྱི་ཡུལ་ནས་སྲོག་ཆགས་གསར་པ་ཞིག་སླེབས་པའི་སྙན་གྲགས་ཀྱིས་ལྟད་མོ་བལྟ་བའི་མིས་ལམ་མི་ཤོང་པ་ཙམ་ཡང་བྱུང་། མདོར་ན་གླིང་འདིར་ནང་པའི་གནས་སྐོར་བ་སུ་འདྲ་ཞིག་སླེབས་ཀྱང་ཟས་གོས་གནས་མལ་སོགས་ཀྱི་དཀའ་ལས་ཅུང་ཟད་ཀྱང་མ་དགོས་པ་ཞིག་འདུག

དེས་ན་ད་ནི་རང་ཅག་རྣམས་ཀྱི་གནས་བོའི་ཕ་ཁྱིམ་དུ་གྱུར་པའི་མ་ག་ངྷ་ནི། མུ་སྟེགས་ཀྱི་མནའ་མ་དང་། ཕི་ལིང་པའི་མག་པ་གཉིས་ཀྱིས་བཟུང་སྟེ། ཉམས་མི་ཕེབས་ཤིང་། བག་མི་བྲོ་བར་བྱས། འོ་ན་ད་ནི་རང་རེ་རྣམས་ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་སིངྒལ་དེའི་ཚབ་ཏུ་བཅོལ་བ་སྐབས་སུ་བབས་པས། རྡོ་རྗེ་འཆང་དང་ཤཱཀྱ་ཐུབ་པའི་བདག་གཅིག་འབྲེལ། ཡོད་སྨྲ་པ་དང་གནས་བརྟན་སྡེ་པའི་རྟེན་བྱུང་འབྲེལ། དེས་མ་ཚད། བྱང་གི་ཐེག་ཆེན་དང་ལྷོའི་ཐེག་དམན་པ་གཉིས་ཀའི་བར་ན། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡི་འབྲེལ་བ་སྟེ། གཉན་ཞིང་ཟབ་པའི་འབྲེལ་བ་འདི་རྣམས་ཐམས་ཅད་ཀུན་གྱིས་བརྩི་དགོས་པ་ལགས། འོན་ཀྱང་ལྷུང་བཟེད་ནག་པོ་ཅན་རྣམས་ནི་ཅི་ལ་ཡང་འཁུ་འཕྲིག་ཟ། མི་རྐང་གླིང་བུ་ཅན་རྣམས་ནི་གང་ལ་ཡང་ཐོག་བརྫིས་ཆེ། ལར་ཁོང་གཉིས་པོ་སུ་ཡང་མགོ་འཁྲེགས་ཨུ་ཚུགས་ཅན་གྱི་ཡང་རྩེར་སོན་པས། རེ་ཞིག་རང་རང་སོ་སོའི་ས་ནས་ཕན་ཚུན་དགའ་མགུ་དུང་སེམས་ཀྱི་ངང་དུ་བཞུགས་ཤིང་། སྟོན་པ་དང་བསྟན་པ་གཅིག་པའི་གཉེན་རྩིས་ཙམ་ཞིག་མ་ཡལ་བ་ནི་ཆེས་གནད་དུ་ཆེ་བ་ལགས་སོ། །ཞེས་ཁ་ཏ་རིང་མོ་འདི་ཙམ་ཞིག་བྱས་སོ། །

བཙུན་པའི་ཆ་ལུགས་རིང་ནས་ཡལ་གྱུར་ཅིང་། །

འདུལ་བའི་སྤྱོད་ལམ་ཤུལ་དུ་མ་ལུས་ཀྱང་། །

གནས་བརྟན་དགེ་སློང་ཚོགས་དང་མཇལ་བ་འདི། །

ཚེ་རབ་སྔ་མའི་ལས་ཀྱི་འབྲས་བུར་ངེས། །

ཞེས་བྱ་བ་ནི་ཁ་བརྡ་ཚར་བའི་མཇུག་ཏུ་གླུ་ཞིག་བླངས་པ་ཙམ་མོ།། །།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།