སིངྒལའི་ལོ་རྒྱུས་སྐོར། བཞི་བ།

དགེ་འདུན་ཆོས་གའཕེལ།  

བྱང་ཆུབ་ཤིང་སིངྒ་ལར་བཙུགས་པའི་ལོ་དེ་མྱ་ངན་མེད་ཀྱི་ཁྲི་ལོ་བཅོ་བརྒྱད་པ་ཡིན་པར་བཤད་ཅིང་། དེ་ནས་ལོ་བཅུ་གཉིས་ན་བཙུན་མོ་ཨཱསནརེམིཏྲ་བྱ་བ་དཀོན་མཆོག་གསུམ་ལ་དད་པ་དེ་ཤི། ལོ་བཞིའི་བར་རྒྱལ་པོ་ཉིད་བཙུན་མོ་ཏཥྱརཀྵཱ་སྐར་རྒྱལ་སྲུང་མ་བྱ་བ་དེའི་དབང་དུ་སོང་། བུའི་མིག་འདོན་པ་སོགས་བྱས། དེ་བཙུན་མོ་གཙོ་མོར་གྱུར་པའི་ལོ་གསུམ་པ་ལ་རྒྱལ་པོ་རྟག་ཏུ་བྱང་ཆུབ་ཤིང་ལ་བསྙེན་བཀུར་བྱེད་དུ་འགྲོ་བ་ལ་དེ་མ་མོས་ནས་སྦྲུལ་གྱི་མཆེ་བ་དུག་ཅན་བཏབ་སྟེ་བྱང་ཆུབ་ཤིང་ཉམས་པར་བྱས་སོ། །དེ་ནས་སླར་ཡང་རྩ་བའི་ཆ་གཅིག་ལས་བྱང་ཆུབ་ཤིང་གཉིས་པ་ཞིག་སྐྱེས་ཤིང་། ལྗོན་པ་ཆེན་པོར་གྱུར་པ་ཞིག་མུ་སྟེགས་ཀྱི་རྒྱལ་པོ་ཤཤཱངྒ་ཟླ་བ་བྱ་བ་དེས་བཅད། ཟླ་ཤས་ནས་མགངྷའི་རྒྱལ་པོ་གང་བའི་གོ་ཆ་བྱ་བས་སླར་ཡང་ཤིང་གསར་པ་སྐྱེས་ཤིང་རྭ་བས་བསྐོར་བ་ལས་ཕ་ཧེན་བཙུན་པ་བྱོན་ཚེ་རྭ་བའི་ཁ་ལ་མཉམ་པ་ཞིག་གཟིགས། ཐང་ཟན་ཙང་གིས་འདོམ་བརྒྱད་ཙམ་དུ་སྐྱེས་པ་ཞིག་གཟིགས། དེ་ནས་སླར་ཡང་ཀླ་ཀློའི་རྒྱལ་པོ་གྷོ་རིས་ཤིང་དེ་བཅད་ཅིང་། དེ་ཕྱིན་ཆད་ཇི་ལྟར་གྱུར་པ་མ་ཤེས་སོ། །བྱང་ཆུབ་ཤིང་ཉམས་ནས་ལོ་བཞི་ན་ཨཤྭཀ་དུས་ཀྱི་ཆོས་སུ་གྱུར་ཅིང་། སྤྱིར་རྒྱལ་པོ་འདིས་ལོ་སོ་བདུན་རྒྱལ་སྲིད་བསྐྱངས་ཟེར་རོ། །དུས་ཚིགས་འདི་རྣམས་སིངྒལའི་སྔོན་གྱི་གནས་བརྟན་མིང་ཆེན་བྱ་བས་མཛད་པའི་གདུང་ཆེན་མོའི་ལོ་རྒྱུས་ལ་རྩ་བ་བཅོལ་བ་ལགས་ཤིང་། ཨཤྭཀའི་ལོ་རྒྱུས་ཀྱང་བདག་ཅག་གི་བསྟན་འགྱུར་གྱི་དེ་དག་དང་མི་མཐུན་པ་ཞིག་འདུག

རྒྱལ་པོ་སྐར་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ལ་སོགས་པ་གནས་གཞི་མང་དུ་བརྩིགས་ཤིང་། དཀོན་མཆོག་གསུམ་ལ་སྲི་ཞུ་ཆེན་པོ་སྒྲུབ་སྟེ་ལོ་བཞི་བཅུ་སྲིད་བསྐྱངས་པའི་འོག་ཏུ་འདས། དེ་ནས་དེའི་ནུ་བོ་ཨུཏྟཡ་བྱ་བས་ཁྲི་བཟུང་། འདིའི་ཁྲི་ལོ་བརྒྱད་པ་ལ། དགྲ་བཅོམ་པ་དབང་ཆེན་སྡེ་བསྙེན་པར་རྫོགས་ནས་དབྱར་དྲུག་ཅུ་ཞེས་པར་མྱ་ངན་ལས་འདས། ལོ་དེའི་རྗེས་མར་འཕགས་མ་དགེ་འདུན་རྩ་ལག་བསྙེན་པར་རྫོགས་ནས་དབྱར་ང་དགུ་ལོན་པ་གྲོངས། འཕགས་མའི་སྐུ་རུས་ཀྱི་སྟེང་དུ་ཀུན་དགའ་རྭ་བའི་མཆོད་རྟེན་དུ་གྲགས་པ་བཞེངས། ཨུརྡཡ། ལོ་བཅུ་སྲིད་བསྐྱངས་ཏེ་ཤི། དེ་ནས་ཆོས་རྒྱལ་བརྒྱུད་མའི་རྒྱལ་ཐོག་ལྔ་འདས་པ་ན། རྒྱ་གར་ལྷོ་ཕྱོགས་ཏམིལའི་རྒྱལ་བུ་ཨེལར་བྱ་བ་འོངས་ཏེ་མ་འགགས་པའི་གྲོང་ཁྱེར་བཟུང་། རང་ཉིད་ཡུལ་དེ་ཀུན་གྱི་རྒྱལ་པོར་བྱས། མུ་སྟེགས་བྱེད་པའི་ལུགས་སྤེལ། འོན་ཀྱང་ཁྲིམས་ནི་གཟུ་བའི་ཚད་དུ་གྲགས། དེ་དུས་སིངྒལའི་རྒྱལ་པོ་ཀལཱཾཏིཥྱ། གླིང་དེའི་ཡུལ་ཕྲན་རོཧིནི་ཙམ་ལ་དབང་ཞིང་དེར་སྲིད་འཛིན་པ་ན། བུ་དུཏགམུན། སངྔྷཏིཥྱ་བྱ་བའི་བུ་གཉིས་སྐྱེས། དུཏགམུ་ནི་ཤིན་ཏུ་གཏུམ་ཞིང་རྩལ་ཆེ་བས། ཕ་འཇིགས་ཏེ་ཏམིལའི་རྒྱལ་པོ་དང་མི་འཐབ་པའི་མནའ་སྐྱེལ་དུ་བཅུག་པ་ལ་མ་མཉན། བྱིས་པའི་ཚེ། མལ་གྱི་ནང་ན་རྐང་ལག་བསྐུམས་ཏེ་ཁུམ་ཁུམ་པོར་ཉལ་བ་མཐོང་ནས། མས་དྲིས་པས། ཡུལ་མཧཱབེལི་ཕན་ཆད་མུ་སྟེགས་ཀྱིས་བཟུང་ཞིང་། ཕྱོགས་འདི་ནི་རྒྱ་མཚོ་ཡིན་ན་བདག་ཅག་ལ་རྐང་ལག་བརྐྱང་བའི་གནས་ཀྱང་ག་ལ་མཆིས་སྨྲས་སྐད། ལོ་བཅུ་དྲུག་པ་ན་གྲོགས་དཔའ་བོ་བཅུ་ཙམ་འཁྲིད་ནས་ཏམིལའི་རྒྱལ་པོ་ལ་འཐབ་ཏུ་ཆས་པ་ཕས་བཀག དེ་ནས་ཡབས་གྲོངས་ཀྱི་བར་བསྒུགས། རྒྱལ་སྲིད་ཐོབ་མ་ཐག་དཔུང་ཆེན་པོ་འཁྲིད་དེ་ཏམིལ་དང་གཡུལ་བཀྱེས་པས། ལོ་གཅིག་ལྷག་ན་ཨེལར་བསད་ཏེ་མ་འགགས་པའི་གྲོང་ཁྱེར་སླར་ཐོབ། རང་ཉིད་གླིང་གི་རྒྱལ་པོར་གྱུར། གཡུལ་དུ་ཏམིལ་འབུམ་ལས་ལྷག་པ་བསད་ཟེར་ཅིང་། སྡིག་པ་དེ་མ་བྱས་ན་དེང་སང་གླིང་འདིར་སངས་རྒྱས་པའི་མིང་ཡང་ལུས་པ་མི་འོངས་སྐད། ཨེལཇི་དཔའ་མཛངས་ཀྱིས་ཡིད་འཕྲོག་སྟེ། དགྲ་ཟླ་ཡིན་ཀྱང་གུས་པར་བྱ་བའི་འོས་སུ་བསམ་སྟེ། རོའི་སྟེང་དུ་བང་སོ་ཆེན་པོ་བསླངས། ཕྱིས་ཀྱི་རྒྱལ་བརྒྱུད་རྣམས་དེར་སླེབས་ཚེ་རོལ་མོ་མི་བྱེད་པ་སོགས་བཀུར་བསྟི་དགོས་པའི་དྲིལ་བསྒྲགས། གསོ་སྦྱོང་གི་གཙུག་ལག་ཁང་དགུ་ཐོག་ཅན་མཧཱཔཡའམ། ལིའི་ཕོ་བྲང་དུ་གྲགས་པ་བཞེངས། རུཥནབིལི་བྱ་བའི་མཆོད་རྟེན་ཆེན་པོ་དེས་ཐོག་དྲངས་པའི་རྟེན་དང་གནས་གཞི་གྲངས་མེད་པ་ཞིག་བརྩིགས་ཏེ། སིངྒལའི་ཨཤྭཀར་གྲགས་པ་བྱས། ད་དུང་ཡང་བཞེངས་མཁན་རྒྱུས་མེད་པའི་རྟེན་དང་དགོན་རོ་ཞིག་མཐོང་ཚེ། དུཏགམུས་བཞེངས་སོ་བྱ་བ་ཞིག་ཀུན་གྱི་ཁ་ལ་བྱང་། རྒྱལ་པོ་འདིའི་མིང་ནི་བྱིས་པ་ཚུན་ཆད་ཀྱི་ཁ་ན་རླུང་ལྟར་གྲགས་ཤིང་། འདི་དང་བིཀྲམབཧུ་གཉིས་སིངྒལའི་རྒྱལ་པོ་གྲགས་ཆེ་ཤོས་གཉིས་ཡིན། དེ་ཡང་ཏམིལ་བསད་པའི་སྡིག་སྦྱོང་དུ་མཆོད་རྟེན་རྒྱལ་པོ་རུསཾབེལི་འདི་བཞེངས། ནང་གི་དབུས་སུ་གསེར་ལས་གྲུབ་པའི་བྱང་ཆུབ་ཤིང་ཞིག་གི་མདུན་དུ་སངས་རྒྱས་ཀྱི་རིང་བསྲེལ་དང་། དེའི་མཐར་སྐྱེས་རབས་ཀྱི་རི་མོ་རྡོ་ལ་བརྐོས་པའི་བྱང་སེམས་གཙོ་བོ་རྣམས་ཀྱི་གཟུགས་གསེར་གར་བླུགས་ཀྱིས་བྱས་པ་དག་བཞུགས་ཟེར། མཆོད་རྟེན་ཧ་ཅང་ཆེ་བས་མ་གྲུབ་གོང་དུ་རྒྱལ་པོ་གྲོངས། འདས་ཀར་བློན་རྣམས་ཀྱིས་རས་དཀར་པོའི་ཟོབ་ཆེན་པོ་བསླངས་ཏེ། རྒྱལ་པོའི་གློ་གར་ནས་གཟིགས་སུ་བཅུག དགེ་སློང་རྣམས་ཕོ་བྲང་དུ་བྱོན་ཏེ། སྔར་གྱི་དམག་དཔོན་གཙོ་བོཏཱབྷྱ་བུ་འཇིགས་མེད་བྱ་བ་དེས་རྒྱལ་པོས་དགེ་རྩ་བྱས་པ་དག་གི་ཐོ་རིང་པོ་ཞིག་བཀླགས་པར། ཞིབ་ཏུ་མཉན་ཏོ། །འོན་ཀྱང་དེ་ཀུན་ཕུན་སུམ་ཚོགས་པའི་དུས་སུ་བྱས་པ་འབའ་ཞིག་ལགས། སྔར་དགྲས་བདས་ཏེ་ནགས་སུ་བྲོས་སྐབས། ཉིན་གཅིག་རང་གི་ཟས་ཀྱི་ཕྱེད་དགེ་སློང་ཞིག་ལ་ཕུལ་བ་ཡོད་དེ། དེ་ཁོ་ན་འབྲས་བུ་ཆེའམ་སྙམ་ཟེར་ཞིང་ཚེ་འཕོས་སྐད། དེ་ལྟ་བུའི་རྒྱལ་པོ་དུཏགམུ་དེས་སྟོན་པ་འདས་ནས་ལོ་བཞི་བརྒྱ་དང་ཞེ་གསུམ་པ་ལ་ཁྲི་བཟུང་ཞིང་། ལོ་ཉེར་བཞི་རྒྱལ་སྲིད་བསྐྱངས་སོ། །དེའི་འོག་ཏུ་དེའི་སྤུན་སངྷཏིཥྱས་ཁྲི་བཟུང་ཞིང་། མཆོད་རྟེན་གྱི་ལས་མཇུག་ཕྱུངས། དེའི་རྗེས་སུ་དེའི་བུ་གསུམ་གྱིས་སྲིད་བསྐྱངས། སངས་རྒྱས་འདས་ནས་ལོ་ལྔ་བརྒྱ་དང་གཅིག་པ་ལ་རྒྱལ་པོ་བལགམྦའམ་མིང་གཞན་འཇིགས་མེད་བྱ་བས་སྲིད་བསྐྱངས། སངས་རྒྱས་འདས་རྗེས་ཀྱི་ལོ་ལྔ་བརྒྱ་དང་གཅིག་པ་ནས། འདིའི་ཁྲི་ལོ་ཚུགས། མི་རིང་བར་རྒྱ་གར་ཏམིལའི་མུ་སྟེགས་ཀྱི་རྒྱལ་པོ་འོངས་ནས་ཁྲི་ལས་ཕབ། ནགས་ཚང་དུ་སྦས་ཏེ་བྲོས་པས་བྱ་སྐྱིབས་རྣམས་ལ་ཐིགས་འཛགས་ཆེ་བས་དཀའ་ཚེགས་མྱོང་། སླར་རྒྱལ་སྲིད་ཐོབ་ནས་རང་ཉིད་བསྡད་པའི་བྲག་སྐྱིབས་རེ་རེ་བཞིན་དུགཙུག་ལག་ཁང་བརྩིགས་པས་སིངྒལའི་རྒྱལ་པོས་རྡོལ་ཡང་བྱས་པ་གཟོ་བར་གྲགས། འཇིགས་མེད་རི་བོའི་མཆོད་རྟེན་བཞེངས། དེ་ཡང་སྔར་ཏམིལའི་དམག་སླེབས་ཏེ་རྒྱལ་པོ་བྲོས་སྐབས་གཅེར་བུ་པའི་དགེ་སློང་ཞིག་གིས་མཐོང་སྟེ། གད་མོ་བགད་པའི་ས་མིག་དེ་ལ་བརྩིགས། རྒྱལ་པོའི་མཚན་ལས་དྲས་ཏེ་མཆོད་རྟེན་གྱི་མིང་ཆགས། མྱ་ངན་མེད་ཀྱིས་བཞེངས་པ་དག་གི་ཁྲོད་ན་ཡང་འདི་ལས་མཐོ་བའི་མཆོད་རྟེན་མེད་པར་གྲགས། ད་ལྟ་ནི་མཆོད་རྟེན་དེ་འཇིག་སྟེ། ནགས་ཚལ་དང་བཅས་པའི་རི་དིའུ་ཞིག་ཏུ་གྱུར་པའི་རྩེ་ན་ཡར་ལ་ཆོས་འཁོར་ཆག་པའི་ཕྱེད་ཙམ་འཐོན། ཕྱོགས་དེ་ཐང་རང་དུ་ཡོད་ཀྱང་ཆོས་འཁོར་གྱི་བར་དུ་འཛེགས་ཏེ་བལྟས་ན། གླིང་མཐའ་སྐོར་གྱི་རྒྱ་མཚོ་ནག་མེར་བར་མཐོང་ཞིང་། སྐྱི་གཡའ་བ་ལྟར་ཡོད། སྔར་ཏམྦུལའི་རི་ལ་སྦས་ཏེ་དགྲའི་ལག་ནས་སྲོག་ཐར་བས་བྲག་རི་དེ་ལ་ཏམྦུལའི་གཙུག་ལག་ཁང་བརྩིགས་པ་ཡང་། ད་ལྟའི་བར་རྒྱས་ཤིང་འབྱོར་ཏེ་གནས། འདིའི་བར་སྡེ་སྣོད་གསུམ་ཡི་གེར་མ་བྲིས་པ་ལུང་འབོགས་ཏེ་འཛིན་པས་ཆུད་ཟོས་ཀྱིས་དོགས་ནས་ཨལུབིཧཱར་བྱེ་མའི་གཙུག་ལག་ཁང་དུ་དགེ་འདུན་བསྡུས་ཏེ་འབྲུ་གཅིག་མ་ཆད་པར་ཡི་གེར་བཏབ། དགོན་དེར་བྲག་ལིང་པོ་མིས་ཐར་དཀའ་བ་ཞིག་འདུག་པ་དེའི་ནང་ན་སྡེ་སྣོད་གསུམ་གྱི་ཐོག་མའི་ཕྱི་མོ་ཟངས་གླེགས་ལ་བྲིས་པ་དག་གཏེར་དུ་སྦས་པ་ཡོད་ཟེར། དགོན་པ་དེ་ན་དིང་སང་སླར་ཡང་སྡེ་སྣོད་གསུམ་ཟངས་ཀྱི་གླེགས་བུ་ལ་བརྐོ་བའི་གྲབས་བྱེད་ཅིང་འདུག རྒྱལ་པོ་འཇིགས་མེད་ཀྱིས་བཞེངས་པའི་གཙུག་ལག་ཁང་གར་བཞུགས་ན་ཁ་བྱང་སོགས་རྡོ་ལ་བརྐོས་པ་རྣམས་འདི་ལྟ་བུ་སྣང་བས་སྡེ་སྣོད་རྣམས་ཡིག་གཟུགས་གང་ཐོག་མར་བྲིས་པ་ནི་མྱ་ངན་མེད་ཀྱི་ཡི་གེ་རིགས་སུ་ངེས་སོ།།

དེ་ལྟར་གནས་བརྟན་པ་དག་གི་སྡེ་སྣོད་ནི་སངས་རྒྱས་འདས་ནས་ལྔ་བརྒྱ་དང་བཅུ་གྲངས་ཙམ་ན་གླེགས་བམ་དུ་བྲིས་ལ། སྡེ་གཞན་རྣམས་ཀྱིས་བྲིས་པའི་དུས་ཚིགས་ནི་གསལ་བར་མ་ངེས་ཤིང་། སངས་རྒྱས་པའི་ལུང་ཐམས་ཅད་ཡི་གེར་བྲིས་པའི་རྗེས་སུ་གཅེར་བུ་བ་དག་གི་ཡན་ལག་གསུམ་པོ་ཡང་བྲིས། ཐམས་ཅད་ཀྱི་མཇུག་ཏུ་བྲམ་ཟེ་དག་གི་རིག་བྱེད་བཞི་ཡང་ཡི་གེར་བྲིས་སོ། །སྤྱིར་མི་བྲི་བ་རྣམ་པ་ལྔ་སོགས་མདོ་ལས་ཀྱང་གསུངས་བ་བཞིན། ལུང་འགངས་ཆེན་རིགས་ཡི་གེར་མི་བྲི་བ་དེ་སྔོན་རྒྱ་གར་ན་ཕྱི་ནང་གཉིས་ཀའི་སྲོལ་དུ་ཡོད་འདུག་ལ། དུས་ཕྱིས་བར་དུ་ཡང་ཇི་སྐད་དུ། རང་གི་སེམས་ལ་བལྟས་བལྟས་ནས། །ཡིག་ནག་དཔེ་ལ་བལྟ་མ་མྱོང་། །ཞེས་པ་ལ་སོགས་པ་བཞིན་རྣལ་འབྱོར་པ་རྣམས་གླེགས་བམ་ལ་ཅུང་ཟད་མི་དགྱེས་པ་ཡིན་ནོ། །དེ་ལྟར་མདོ་རྣམས་ཁ་རྒྱུན་དུ་འདོན་པ་ན། ཚིག་འགའ་ཞིག་མི་མཐུན་པར་གྱུར་པ་ལ་དག་མ་དག་བརྩད་ཅིང་དགེ་འདུན་གྱེས་ཏེ་རྣལ་འབྱོར་པ་རྣམས་སོ་སོར་གྱེས་པའི་རྩ་བ་གཅིག་ནི་དེ་ཡིན་པར་འདུག་ཅིང་། དེ་ཡང་ཐོག་མར་གཉིས། དེ་ནས་དྲུག དེ་ནས་བཅོ་བརྒྱད། དེ་ནས་དྲུག་ཅུར་གྱེས་པ་སོགས་བཤད་དོ། །ལར་ལོ་རྒྱུས་འདི་རིགས་རྣམས་ལ་ཉན་ཐོས་སྡེ་པ་དག་ཤིན་ཏུ་ཐུགས་རྒྱུས་ཞིབ། རང་རེའི་རྒྱལ་པོ〔གནམ〕རི་སྲོང་བཙན་དང་དུས་མཉམ་པའི་བཙུན་པ་ཕ་ཧེན་གྱི་སྐབས་སུ་ད་དུང་ཡང་རྒྱ་གར་བྱང་གི་ཉན་ཐོས་ཀྱི་དགོན་པ་རྣམས་ན་གླེགས་བམ་གྱི་སྲོལ་མེད་པས། མདོ་དཔེ་རྣམས་ཀྱི་ཕྱི་མོ་ཐེག་ཆེན་དགོན་པ་འབའ་ཞིག་ནས་གཡར་ཅེས་གསུངས་སོ། །དེས་ན་ཉན་ཐོས་སྡེ་པ་ཕལ་མོ་ཆེ་ཞིག་རྗེས་ཤུལ་ཙམ་ཡང་མེད་པར་ཡལ་བ་ཡང་རྒྱུ་མཚན་དེ་ཡིན་ནམ་སྙམ། འདི་དག་ཞར་ལ་ཐལ་བ་ལགས།

རྒྱལ་པོ་འཇིགས་མེད་ཀྱི་རྗེས་སུ་རྒྱལ་མོ་ཨནུར་ཞེས་བྱ་བ། དཔའ་མཛངས་དང་ལྡན་ཞིང་། སྤྱོད་པ་ངན་པའི་མཐར་ཐུག་པ་ཞིག་བྱུང་། ཁྱོ་བོ་སྔ་ཕྱི་གཉིས་ལ་དུག་སྦྱིན་ནས་གསོད་པ་སོགས་བྱས། དེའི་འོག་ཏུ་ཏམིལའི་མུ་སྟེགས་ཀྱི་རྒྱལ་པོས་སིངྒལ་བཅོམ། མི་སྟོང་ཕྲག་བཅུ་གཉིས་བཟུང་ནས་བྲན་འཁོལ་དུ་འཁྱེར་བ་སོགས་བྱས་པར་རྒྱལ་པོ་གླང་ཆེན་གཛབཱཧུ་དཔུང་པས་གྱད་ནི་ལ་བྱ་བ་འཁྲིད་དེ་གཉིས་ཀ་ཙཽལའི་ཡུལ་དུ་སོང་ནས། ཏམིལའི་རྒྱལ་པོ་སོལེའི་ཐད་དུ་འཇིགས་པ་མེད་པར་ཕྱིན་ཏེ་བདག་ཅག་གི་མི་རྣམས་འོན་ཅིག དེ་ན་རེ། ཁྱོད་ལ་དཔུང་ཡང་མི་འདུག་ན། གལ་ཏེ་མ་བྱིན་ན་ཇི་ལྟར་བྱ། འདི་ལྟར་བྱ་འོ་ཞེས། གླང་ཆེན་དཔུང་གིས་བྱེ་མ་སྤར་གང་བླངས་ཏེ། ཚན་པོ་ཆེའི་སྟོབས་ཀྱིས་བཙིར་བས་དེ་ནས་ཆུ་འཛག་པར་གྱུར་པ་སོལིས་མཐོང་ནས་སྐྲག་སྟེ། མི་རྣམས་ཕྱིར་ཕུལ་ཅིང་། སྔར་སིངྒལ་ནས་འཕྲོག་སྟེ་འཁྱེར་བའི་རྒྱལ་ཆེན་བཞིའི་སྐུ་བརྙན་གྱི་རྒྱན་སོགས་རིན་ཆེན་རྣམས་ཀྱང་སླར་སྤྲད་ཟེར།

དེ་ནས་རྒྱལ་རབས་འགའི་འོག་ཏུ་སངས་རྒྱས་འདས་རྗེས་ཀྱི་ལོ་བདུན་བརྒྱ་དང་གྱ་གསུམ་པ་ལ་བབས་པ་ན་རྒྱལ་པོ་བྱང་ཆུབ་སེམས་དཔའ་སངྒབོངྷི་བྱ་བས་སྲིད་འཛིན། སྲོག་ཆགས་གྲོག་སྦུར་ལ་ཡང་མི་འཚེ་བའི་གནའ་བོར། ཡུལ་མི་རྣམས་ལ་མུ་གེ་དང་། ཡམས་ཀྱི་འཇིགས་པ་བྱུང་བ་ཡང་བདེན་སྟོབས་བརྗོད་པས་བསྐྱབས། རོའི་མགོ་བཅད་ནས་བཙོན་མ་རྣམས་མ་ཚོར་གཏོང་བ་སོགས་བྱས་པར་ལོ་གཉིས་ཀྱི་འོག་ཏུ་བློན་པོ་གོཐཀཱབྷྱ་བྱ་བ་ངོ་ལོག་སྟེ་དཔུང་ཆེན་འཁྲིད་ནས་སླེབས་པ་ན། མི་མང་པོ་གསོད་བགྱི་དོགས་ནས་མཚན་ལ་ཕོ་བྲང་ནས་བྲོས། བློན་པོ་དེས་རྒྱལ་པོའི་མགོ་ཁྱེར་ནས་འོངས་ན་གསེར་འདི་སྙེད་སྦྱིན་ནོ་སྨྲས་པས། མི་མང་པོ་ནོར་ལ་རྔམ་པས་མགོ་བརྫུས་མ་མང་པོ་ཕུལ་བ་སངྒབོ་བྷིས་གསན་ཏེ། ངའི་ཆེད་དུ་མང་པོ་དག་བཀུམ་པ་མ་ལེགས་གསུངས་ནས། ཟས་སྐྱེལ་བའི་རྒད་པོ་ཞིག་ལ། ངའི་མགོ་ཁྱེར་ལ་རྒྱལ་པོ་ལ་ཕུལ་ཅིག་ཅེས། རང་གི་རྩེ་ཆུང་བྲེགས་ཏེ་གྲོངས། སིངྒལའི་ནུབ་ངོས་ཐང་ན་ངོས་བཞི་རྡོ་ཐེམ་གྱིས་གཡོགས་པའི་རི་ཆུང་ཞིག་གི་རྩེར་དངྷིཀྲམ་བྱ་བའི་གཙུག་ལག་ཁང་དང་། རྒྱལ་པོ་འདིའི་གདུང་རྟེན་མཆོད་རྟེན་ངོ་མཚར་ཅན་ཞིག་ཀྱང་བཞུགས། དབུ་ཡང་དེར་སྦྱིན་པ་ཡིན་ཟེར། གདུང་རྟེན་དེ་ནི་གྲོང་དུ་འཇུག་མཁན་གྱི་རྒྱལ་པོ་དེས་བཞེངས་སྐད། དགོན་དེར་སྤྱོད་ངན་གྱི་གྲགས་པ་ཆེ་བའི་དགེ་སློང་འགའ་ཙམ་ཡོད། འབྱོར་པ་ཡང་ཤིན་ཏུ་ཆེ། རྒྱལ་པོ་གོཐཀཱབྷྱའི་སྐབས་སུ་འཇིགས་མེད་རིའི་དགེ་སློང་རྣམས་ཀྱིས་རྒྱ་གར་བའི་བཙུན་པ་འགའ་ཞིག་གི་རྗེས་སུ་འབྲངས་ཏེ་བཻཏུ་སྱ་རྣམ་པར་མི་མཐུན་པའམ་ཐེག་པ་ཆེན་པོའི་སྲོལ་དག་བླངས།

སཱགལིའི་བུ་བྱ་བའི་སྡེ་པ་ཞིག་ཟུར་དུ་གྱེས། དེའི་ཚེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་དང་གོ་བཞི་སོང་། ཡུན་དེ་སྲིད་དུ་འཕགས་པ་གནས་བརྟན་པའི་དགེ་འདུན་རྣམས། ཆོ་ག་དང་འདོན་པ་གཅིག་ཏུ་གྱུར་ཅིང་། རྩོད་པ་མེད་པར་གནས།

དེ་ནས་རྒྱལ་རབས་གསུམ་པ་ནི་རྒྱལ་པོ་བདེ་ཆེན་མཧཱསེན་ཞེས་བྱ་བ་སྟེ། སྟོན་པ་འདས་ནས་བརྒྱད་བརྒྱ་དང་ཉེར་གཅིག་པ་ལ་ཁྲི་བཟུང་། དེ་དུས་རྒྱ་གར་ཙཽལའི་ཡུལ་ནས་འོངས་ཤིང་། རྐརྨརུཙི། ཆོས་སྲིད་ཀྱི་སྡེ་པར་གཏོགས་པའི་དགེ་སློང་དགེ་འདུན་རྩ་ལག་བྱ་བ་ཁྱིམ་པ་འདྲིད་པ་ལ་མཆོག་ཏུ་མཁས་པ་ཞིག་སླེབས་པར། རྒྱལ་པོས་ཁོའི་ངག་ལ་མཉན་ཏེ། གཙུག་ལག་ཁང་ཆེན་པོའི་དགེ་སློང་རྣམས་ཀྱི་སྤྱོད་པ་མ་དག་པ་ལ་བསྙད་དེ་བསོད་སྙོམས་གཅོད་པ་སོགས་བྱས་ཀྱང་མི་རིང་བར་དགེ་འདུན་སླར་བཟླུམ། འོན་ཀྱང་དགེ་འདུན་གྱི་མཚམས་ཆེན་པོའི་ནང་ཁོངས་སུ་རྒྱལ་བྱེད་ཚལ་ཞེས་བྱ་བའི་གནས་གཞི་བརྩིགས་ཏེ་ལྟ་སྤྱོད་མི་མཐུན་པའི་དགེ་སློང་རྣམས་དེར་འཇོག་པ་སོགས་བྱས། གནས་གཞི་འདིའི་ཤུལ་ན་ཡང་མཆོད་རྟེན་རིར་གྱུར་པ་འཇིགས་མེད་རི་བོ་དང་མཚུངས་པ་ཞིག་ད་ལྟའི་བར་བཞུགས། དེ་ལྟར་གནས་གཞི་གསུམ་པོ་འདི་བྱེ་སྨྲའི་སྡེ་ཐ་མ་གསུམ་གྱི་རྩ་བར་སྣང་ཞིང་། དེ་གསུམ་ཕན་ཚུན་མི་མཐུན་པར་གནས་པའི་ཚུལ་ཡང་ཁོང་པའི་ལོ་རྒྱུས་རྣམས་ན་ཤིན་ཏུ་རྒྱས། རྒྱལ་པོ་འདིས་རྫིང་བུ་ཆེན་པོ་བཅུ་དྲུག་བྱས་པའི་ནང་ན། མིནི་རཱི་བྱ་བ་དེ་རྒྱ་མཚོའི་འཁྱིལ་ཁུག་ཡིན་ནམ་སྙམ་པ་ཡོད། མཚོ་སྔོན་ཤར་ལོག་ན་མཚོ་ཆུང་དུ་གྲགས་པ་ཞིག་ཡོད་པ་དེ་ལས་མི་ཆུང་བ་སྙམ་བྱེད། ལར་སིངྒལའི་རྒྱལ་པོ་དག་གིས་བྱས་པའི་རྫིང་བུ་རྣམས་དོན་ལ་མཚོ་ཆུང་རེ་འདུག་པས་རྒྱ་གར་གྱི་དེ་འདྲ་མིན། དེ་ཀུན་གཙོ་བོར་ཞིང་པ་ལ་ཕན་ཆེད་དུ་བྱས་པར་འདུག འདི་ཡན་ལ་བིརྫཡ་ནས་བརྩིས་པའི་རྒྱལ་རབས་དྲུག་ཅུ་སོང་ཟེར། དེ་ནས་དེའི་བུ་མེབྷ་བ་ནས་སྲིད་སྐྱོང་བའི་རིང་ལ་སྔར་གྱི་བསྟན་པ་ཉམས་པ་ཡང་སོར་ཆུད། འདིས་དཀོན་མཆོག་གསུམ་ལ་བྱ་བ་བླ་ལྷག་ཏུ་བྱས། དགྲ་བཅོམ་དབང་ཆེན་སྡེའི་སྐུ་དྲིན་ནས་གནས་བརྟན་དེའི་སྐུ་བརྙན་གསེར་གར་བླུགས་པ་ལས་མི་ཚད་ལོང་པ་དང་། དེ་དང་ལྷན་དུ་བྱོན་པའི་དགེ་སློང་དག་གེ་འདྲ་བརྙན་ཀྱང་བྱས། དེ་ནས་བཅོམ་ལྡན་འདས་མཉན་ཡོད་ནས་ཡངས་པ་ཅན་དུ་གཤེགས་པའི་ལམ་བར་གྱི་བསུ་བཀོད་ཁོ་ན་ལྟར་བྱས་ཏེ། རྒྱལ་པོ་རང་ཉིད་ཀྱིས་སྣ་དྲངས་པའི་བསུ་བཀོད་ཆེན་པོ་དང་བཅས་སྐུ་གཟུགས་དེ་ཨམྦཏལ་ནས་གྲོང་ཁྱེར་དུ་སྤྱན་དྲངས། འདིའི་ཁྲི་ལོ་དགུ་པར་བབས་པ་ན། ཀལིངྐའི་རྒྱལ་པོ་གདུང་སྐལ་སངས་རྒྱས་ཀྱི་ཚེམས་མཆེ་བ་དེ་སིངྒལར་བྱོན། དེ་ཡང་ཀལིངྐའི་རྒྱལ་པོ་མུ་སྟེགས་ཀྱི་དམག་གིས་ཕམ་སྟེ་མཚོན་ཕོག་ནས་འཆི་ལ་ཉེ་བ་ན། རང་གི་བུ་མོ་ལ་ཁྱོད་ཚེམས་འཁྱེར་ལ་བྲོས་ནས་སིངྒལའི་རྒྱལ་པོ་ནང་པར་ཡོད་པ་ལ་བྱིན་ཅིག་ཅེས་སྨྲས་པ་བཞིན། དེས་ཚེམས་སྐྲ་གསེབ་ཏུ་བཅུག་སྟེ་སིངྒལར་སླེབས་ནས་རྒྱལ་པོ་མེགྷབན་ལ་ཕུལ། རྒྱལ་པོས་སྔོན་མ་མཐོང་བའི་བསུ་བཀོད་དང་བཅས་ཏེ། ཆོས་རྒྱལ་སྐར་རྒྱལ་གྱིས་བཞེངས་པའི་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། རྒྱ་གར་ནས་དགེ་སློང་བྱོན་པ་དག་གིས་ཡུལ་དབུས་ན་བསྟན་པ་ཉིན་རེ་བཞིན་རྒུད་ཟེར་བ་ཐོས་ཏེ་གུཔྟའི་རྒྱལ་པོ་རྒྱ་མཚོ་སྦས་པ་ལ་སྦྲན་ཏེ་རྡོ་རྗེ་གདན་དུ་གཙུག་ལག་ཁང་ཆེན་པོ་ཞིག་བྱས། དགེ་སློང་མང་པོ་གནས་སྲུང་དུ་བཏང་བ་ལས། དུས་ཕྱིས་བར་དུ་ལུས་པ་རང་རེའི་ཆག་ལོས་ཀྱང་གཟིགས་ཏེ། སིངྒལའི་དགེ་སློང་སུམ་བརྒྱ་རེ་རྡོ་རྗེ་གདན་ལ་བདག་བྱེད་ཅིང་རྒྱུན་དུ་སྡོད་པ་དང་། ཁོང་རྣམས་བརྒྱད་སྟོང་གི་གླེགས་བམ་ཞིག་ཡོད་པ་ལ་མ་དགའ་ཚུལ་སོགས་གསུངས། མེགྷབ་ནས་ལོ་ཉེར་བརྒྱད་སྲིད་བསྐྱངས་སོ། །དེ་ལྟ་བུའི་སྟོན་པའི་ཚེམས་མཆེ་བ་དེ་ནི། གསུམ་པ་ཀལིངྐའི་རྒྱལ་པོའི་ཡུལ་ན་སྟེ་ཞེས་མདོ་ལ་གསལ་བ་དེ་རང་ཡིན་པར་གྲགས་ཤིང་། ད་ལྟ་ཀནྔྷ་ན་ཕྲེང་ལྡན་མའི་གཙུག་ལག་ཁང་བྱ་བར་བཞུགས། དགོན་དེ་སིངྒལའི་གནས་གཞི་ཀུན་གྱི་གཙོ་བོ་ཡིན་ཅིང་། ཡུལ་སྤྱིའི་དགེ་འདུན་གནས་བརྟན་ཡང་དེར་ཡོད། དེ་ལ་སངྒརཱཛ་སྟེ་དགེ་འདུན་རྒྱལ་པོར་ཡང་འབོད། དགེ་འདུན་རྒྱལ་པོ་བྱ་བ་བསྐོ་སྲོལ་འདི་བྷར་མ་དང་། སཡམ་<ཤྱམ>སོགས་ལྷོ་ཕྱོགས་ཀྱི་ཡུལ་ཀུན་ལ་སྔ་ཞིག་ནས་བྱུང་འདུག་ཅིང་། དབང་ཡང་ཤིན་ཏུ་ཆེ། ཇོ་བོའི་བླ་མ་གསེར་གླིང་རྒྱལ་པོ་དེ་ཡང་ཡུལ་དེའི་སངྒརཱཛ་ཡིན་ནམ་སྙམ། ཚེམས་དེ་རྒྱུན་དུ་མཆོད་རྟེན་ཆུང་ངུ་རིམ་པ་དུ་མ་ཡོད་པ་ཞིག་ཏུ་བཞུགས། སྐབས་འགར་ཕྱི་ལ་བཏོན་ཏེ་མཇལ་ཐུབ། སྦོམ་ཕྲ་བྱིས་པའི་མཛུབ་ཆུང་ཙམ་ལ་རིང་ཆ་སོར་གཉིས་ལྷག་ཙམ་པ། ཁ་དོག་དཀར་ལ་སེར་མདངས་ཆགས་པ། སྣེ་གཅིག་ཤིན་ཏུ་རྣོ་བའི་དབྱིབས་ཟླ་ཚེས་ཀྱི་ཕྱེད་འདྲ་བ་ཡོད། ཧོར་ཟླ་དགུ་པའི་ཚེས་གསུམ་ནས་རེ་མོས་ཀྱིས་ཉིན་དགུའི་རིང་ལ། ཚེམས་སྤྱན་འདྲེན་པའི་དུས་སྟོན་བྱེད་ཅིང་། སེར་སྦྲེང་རྒྱ་ཆེན་པོ་ཡོད། སྲོས་ལ་འགོ་བཙུགས་ཏེ་ཉིན་རེ་བཞིན་གླང་ཆེན་གྱི་གྲངས་སྤར་ཏེ་ཉ་བའི་ཉིན་མོ་གླང་ཆེན་སུམ་བརྒྱ་ཙམ་རེ་ཡོད། གླང་ཆེན་གསུམ་བཤིབ་ཏུ་བསྒྲིགས་པའི་དབུས་མའི་སྟེང་དུ་ཚེམས་ཀྱི་མཆོད་རྟེན་བཞུགས་ཁང་དང་བཅས་པ་དང་། གཞན་གཉིས་ལ་གདུགས་དཀར་དང་རྔ་ཡབ་ཐོགས་པ་བཞག གླང་ཆེན་དགུ་རེའི་མཚམས་ན་རྒྱལ་པོའི་ཆས་གྱོན་པ་ཞིག་རོལ་མོ་འཁྲོལ་བའི་མི་སུམ་ཅུ་ཙམ་རེས་བསྐོར་ཏེ་བྲོ་གར་བྱེད་པ་བཅས་ཤིན་ཏུ་ཡང་མཚར། གྲོང་ཁྱེར་གྱི་སྲང་ཆེན་རྣམས་བསྐོར་ནས་ནམ་གུང་ཡོལ་ཙམ་ནས་མཇུག་བསྡུས་ཐུབ།

དེ་ནས་རྒྱལ་རབས་བཞི་པ་རྒྱལ་པོ་མིང་ཆེན་གྱིས་སྲིད་སྐྱོང་བ་ན། བཙུན་པ་ཆེན་པོ་སངས་རྒྱས་དབྱངས་བུབྔྷགྷོཥ སིངྒལར་བྱོན། དེ་ཡང་མགངྷའི་ཡུལ་སྟེང་རྒྱས་ཀྱི་བྱང་ཆུབ་ཤིང་དང་མི་རིང་བའི་ཕྱོགས་ཤིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་ཏེ། རིག་བྱེད་གསུམ་ལ་མཁས་པར་སྦྱངས། ཡུལ་དུ་མར་སོང་སྟེ་རྒོལ་བ་མང་པ་ཚར་བཅད་ནས་སློབ་མ་སྟོང་ཕྲག་དུ་མ་སྐྱོང་བ་ལས། དུས་ནམ་ཞིག་ན་གཙུག་ལག་ཁང་ཞིག་ཏུ་སོང་བར་དགེ་སློང་ནམ་གྲུ་རེབཏ་བྱ་བ་མཐོང་སྟེ། བྲམ་ཟེ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ལ་འདི་ཙམ་གྱིས་གར་ཡང་མ་ཕྱིན་གྱི་སངས་རྒྱས་ཀྱི་གསུང་ལ་སློབས་ཤིག དེ་ཐོས་པ་དང་ཤིན་ཏུ་དྲེགས་པས་ཁྲོས་ནས་འདི་བོང་བུའི་སྐད་འབྱིན་པ་འདི་སུ་ཞིག ནམ་གྲུས། ཁྱོད་རེ་ཞིག་བོང་བུ་ཉིད་ཀྱང་མི་ཤེས་ན། ཅིའི་ཕྱིར་གཞན་ལ་གཤེ་བར་བྱེད། དེ་ཅི་ཞིག ནམ་གྲུས། བོང་བུའི་མིང་ལས་བརྩམས་ཏེ་ཆོས་མངོན་པའི་འབེལ་གཏམ་བགྱིས་པས། དེ་རྣམ་པ་ཐམས་ཅད་དུ་ཞུམ་པར་གྱུར་ཏེ་མཐར་གྱིས་བསྟན་པ་ལ་དད་པས་རབ་ཏུ་ཕྱུངས། སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཅིང་ཨཏྠསཱལིནི་སོགས་བསྟན་ཆོས་མང་དུ་བྱས། དེ་ནས་མདོའི་ཨཐཀཐ་རྣམས་ལང་གའི་ཡུལ་འབའ་ཞིག་ན་ཚང་བར་གཟིགས་ཏེ། དེར་བྱོན་ནས་གཙུག་ལག་ཁང་ཆེན་པོ་རྣམས་ཀྱི་ཁྲོད་དུ་བཞུགས་ཤིང་། ལུང་གི་ཡན་ལག་ཐམས་ཅད་ཁོང་དུ་ཆུད་པར་མཛད། ནམ་ཞིག་ན་བིཤུངྔྷིམཱརྒ་རྣམ་པར་དག་པའི་ལམ་ཞེས་བྱ་བའི་ཆོས་མངོན་པའི་དགོངས་འགྲེལ་ཆེན་པོ་དེ་བརྩམས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་གང་དགོངས་པའི་དོན་མཐའ་དག་གསལ་བར་བྱས་པས་ལྷ་རྣམས་ཀྱིས་གླེགས་བམ་ལན་གཉིས་སུ་བརྐུས། གསུམ་པའི་སྐབས་སློབ་མ་ལ་གཏད། བཙུན་པ་སངས་རྒྱས་དབྱངས་ཞེས་སྙན་གྲགས་ཀྱིས་འཇིག་རྟེན་ཀུན་ཏུ་ཁྱབ། སླར་ཡང་མགངྷའི་སྟེང་རྒྱས་སུ་བྱོན་ཏེ་བྱང་ཆུབ་ཀྱི་ཤིང་མཇལ་ཞིང་། ཡུལ་དེར་ཡང་བསྟན་པའི་བྱ་བ་རླབས་པོ་ཆེ་མཛད་དེ་མྱ་ངན་ལས་འདས། ཇི་ལྟར་རང་རེ་རྣམས་ཀྱིས་འཕགས་པ་ཐོགས་མེད་ལ་ཇི་ཙམ་དུ་གུས་པ་དེ་ཙམ་དུ་ཉན་ཐོས་སྡེ་པ་དེ་དག་ཀྱང་བཙུན་པ་ཆེན་པོ་འདི་ལ་གུས་པ་དང་སྙན་པར་བརྗོད་པར་བྱེད་དོ།།

མིང་ཆེན་གྱི་རྗེས་སུ་མི་རིང་བར་སླར་ཡང་ཏ་མི་ལའི་རྒྱལ་པོས་དམག་དྲངས་ཏེ་སིངྒལ་བཟུང་བ་ངྷཏུསེནས་ཁོ་ཕམ་སྟེ་རང་ཉིད་རྒྱལ་པོར་བྱས། རྒྱལ་པོ་འདི་འབངས་སྤྱི་ལ་བྱམས་པར་གྲགས་ཀྱང་ཁྲིམས་རྩུབ་པས་དམག་དཔོན་སོགས་ཞེ་ལོག མཐར་རང་གི་བུ་འོད་སྲུང་གིས་སྤུན་ཐུ་བོ་མཽགལའི་བུ་བྱ་བ་གནས་ནས་བསྐྲད་དེ། ཡབ་བགྲེས་པོ་ཡོད་བཞིན་རང་ཉིད་ཀྱིས་སྲིད་བཟུང་། ཕ་དམག་དཔོན་གྱི་ལག་ཏུ་གཏད་དེ་བཀྲོངས། རྒྱལ་པོ་འདིས་སེང་གེ་རིའི་ཕོ་བྲང་བྱ་བ་བརྩིགས་པ་ད་ལྟ་ཞིག་རོ་ལས་མེད་ཀྱང་སིངྒལའི་གླིང་གི་ངོ་མཚར་ཆེ་ཤོས་དེ་ཡིན། ཐོག་ཚད་བཞི་བཅུ་ལྷག་པའི་བྲག་རི་སྲུབ་མེད་ངོས་བཞི་རྩིག་པ་ལྟར་གྱེན་དུ་ལངས་པའི་རྩེར་ཕོ་བྲང་གི་ཤུལ་དང་བྲག་རང་ལ་བརྐོས་པའི་རྫིང་བུ་ཆེ་ཆུང་གསུམ། བྲག་གི་ཕྱེད་ནས་སྟེང་དུ་འཛེགས་པའི་སྒོ་སེང་གེ་ཆེན་པོའི་གཟུགས་སུ་བྱས་པའི་ཁ་ནང་ནས་འཛུལ་དགོས་པ་ལ། སེང་མགོ་ཞིག་ཟིན་ཀྱང་སྡེར་མོ་གཡས་གཡོན་གཉིས་གླང་ཆེན་གྱི་རོ་འདྲ་བ་རེ་ད་དུང་ཡང་ལུས་པ་འཇིགས་ཤིང་རྔམ་ཆགས། བྲག་གི་རྩ་བར་དཔག་ཚད་ཕྱེད་ལྷག་པའི་ལྕགས་རིས་བསྐོར། བྲག་ཟུར་ན་སྒྱོགས་རྡོ་ཆེན་པོ་བཙུགས་པ་ཡང་། ད་དུང་དེ་གར་ལུས། ངོ་མཚར་གཞན་ཞིག་ནི་བྲག་གི་སྐེད་ན་ཤེལ་འདྲ་བའི་རྩིག་པ་རིང་པོ་ཞིག་ལུས་པའི་སྟེང་དུ། མི་ཐོག་མང་པོའི་བར་ནས་དེར་སླེབས་པའི་མི་རྣམས་ཀྱིས་རང་རང་གི་མིང་དང་རྩོམ་ཚིགས་བཅད་འགའ་ཞིག་བྲིས་པ་དག་ད་དུང་ཁྲ་ལམ་མེར་སྣང་ཞིང་། དེ་དག་ལ་བལྟས་ཚེ་ལོ་སྟོང་ཕྲག་གཅིག་གི་ཡུན་ལ་སིངྒལའི་ཡི་གེའི་གཟུགས་རྣམ་པ་ཅི་ཙམ་དུ་འགྱུར་བ་ཡང་མཐོང་ནུས་པས་ངོ་མཚར་ལ་སེམས་སྐྱོ་བ་ཞིག་ཡོད། ཕོ་བྲང་དེ་ལོ་བཅུ་ལ་བརྩིགས་ཤིང་ལོ་བརྒྱད་ལ་ལོངས་སུ་སྤྱད་ཟེར། འོད་སྲུང་གིས་ཕ་བསད་པའི་ལེ་ལན་གྱིས་འབངས་འཁོར་ཐམས་ཅད་མ་མགུ་ཞིང་། དེ་མཚུངས་མཽགལ་བུས་རྒྱ་གར་ནས་དམག་འཁྲིད་ནས་འོངས་པ་དང་འདོམས་ནས་རྒྱལ་བའི་རེ་བ་མེད་པར་གྱུར་ཏེ་རང་གི་རྩེ་ཆུང་(མཇིང་པའི་འཕར་རྩ་ཡིན)བྲེགས་ནས་བསད། རྒྱལ་པོ་འདི་གཉིས་ནག་མོ་འཁོལ་དང་དུས་མཉམ་ཟེར་ཞིང་། ནག་མོའི་འཁོལ་གྱི་གྲོགས་པོ་སིངྒལའི་སྙན་ངག་མཁན་གཞོན་ནུ་འཁོལ་ཡང་འདི་དུས་ཡོད། དེས་བརྩམས་པའི་ཛནཀིཧར་སྐྱེད་བྱེད་མ་འཕྲོག་པ་སྟེ། སིཏཱ་འཕྲོག་པའི་ལོ་རྒྱས་ཡོད་ཅིང་། དེར། ཛནཀིཧརཎཾཀརྟུརཱགྟུབཾཤེསྠིཏེསཏི། ཀབིཀུམཱརདཱསཤྩརལྭཎཤྩཡདིཀྵམཽ། རགྷུའི་བརྒྱུད་ནི་གནས་བཞིན་དུ། །སྐྱེད་བྱེད་འཕྲོག་པ་བྱེད་ནུས་པ། །རྩོམ་མཁན་གཞོན་ནུའི་འཁོལ་པོའམ། །འོན་ཏེ་ཡང་ན་སྒྲ་སྒྲོགས་ཉིད། །ཅེས་སོགས་བྲིས་ཏེ། རྒྱལ་པོ་རཱ་མ་ཎའིམཚན་ལ་ཏགྱུའི་བརྒྱུད་ཟེར་ཞིང་། ནག་མོའི་འཁོལ་གྱིས་ཏགྱུའི་བརྒྱུད་དེ་ཏགྱུཿཤ་བྱ་བའི་སྙན་ངག་ཞིག་ཀྱང་བརྩམས་པས། འདིར་སྒྲ་སྦྱར་དེ་རམཎ་ཡོད་བཞིན་སིཏཱ་འཕྲོག་པ་བྱེད་ནུས་པ་དང་། ཏགྱུཿཤའི་བསྟན་བཅོས་ཡོད་བཞིན་སྐྱེད་བྱེད་མ་འཕྲོག་པའི་སྙན་དངགས་རྩོམ་ནུས་པ་གཉིས་ཀྱི་སྔོན་མ་ནི་སྒྲ་སྒྲོགས་དང་། ཕྱི་མ་ནི་གཞོན་ནུ་འཁོལ་བདག་ཡིན་ནོ་བྱ་བའོ། །གཞོན་ནུའི་འཁོལ་གྱི་ལོ་རྒྱུས་དང་འབྲེལ་བར་ནག་མོའི་འཁོལ་གྱི་རྣམ་ཐར་ཡང་མང་ཙམ་འདུག་སྟེ་འདིར་འབྲི་མ་ནུས། གཞན་ཡང་དེ་དུས་ཀྱི་སྙན་དངགས་མཁན་དག་གིས་བརྩམས་པའི་སྤྲིན་གྱི་ཕོ་ཉ་དང་། རྨ་བྱའི་ཕོ་ཉ། ཁུ་བྱུག་དང་ནེའུ་ཙོའི་པོ་ཉ་སོགས་ལྔ་དྲུག་འདུག་པའི་སྤྲིན་གྱི་ཕོ་ཉ་ནི་ནག་མོའི་འཁོལ་གྱི་དེ་ཡིན་ལ། གཞན་རྣམས་ཕལ་ཆེར་སིངྒལ་པ་དག་གིས་བྲིས་ཤིང་། ཇོ་ནང་ཀུན་མཁྱེན་གྱིས་ཕོ་ཉ་བརྒྱད་ཡོད་གསུངས་པ་དེ་ཚོའི་གྲས་ཡིན་རྒྱུར་འདུག་གོ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།