སྤྲིན་དཀར་གྱི་འདབ་མ།

10e585c33cc.jpg

དོན་གྲུབ་རྒྱལ།  

མཐོན་མཐིང་གི་མཁའ་དབྱིངས་སུ།

ལང་ལོང་དུ་འཁྲིགས་པ་ནི།
སྤྲིན་དཀར་གྱི་འདབ་མ་རེད།
ཞོགས་པའི་སྐྱ་རེངས་དབང་ཕྱོགས་ཀྱི་རི་རྩེ་ནས་ཤར་དུས།
ཆུ་འཛིན་གྱི་གཞོན་ནུ་དེ།
ཉི་ཟེར་གྱི་དགའ་མ་དང་དགར་ངོམ་བཞིན་དུ།
རང་གི་ལང་ཚོའི་དམར་མདངས་ཅི་དགར་ངོམ་བཞིན་དུ།
ཤར་ཕྱོགས་ཀྱི་མཁའ་མཐའ་མཛེས་པར་བརྒྱན་པ་དང་།
གངས་ཅན་གྱི་ཡུལ་གྲུ་འདིར།
མཚར་སྡུག་གི་ཉིན་མོ་གསར་པ་ཞིག་སླེབས་པའི་སྔོན་བརྡ་བཏང་བར་མ་ཟད།
བསིལ་ལྡན་གྱི་ཁ་བའི་ལྗོངས་ལ།
དགེ་ལེགས་ཀྱི་དུས་སྟོན་གསར་པ་ཞིག་སླེབས་པའི་འཕྲིན་བཟང་སྒྲོག་བཞིན་མཆིས།
སྔོ་ཞིང་བསངས་པའི་མཁའ་དབྱིངས་སུ།
ཁྱེད་ནི་གོས་དཀར་གྱོན་པའི་ལྷ་མོ་ཞིག་དང་འདྲ་བར།
ཡང་ཞིང་དལ་བའི་གོམ་པའི་འདེགས་འཇོག་སྒྱུར་བཞིན།
ཡིད་དུ་འོང་བའི་གར་གྱི་སྟངས་སྟབས་ཅི་དགར་བསྒྱུར་བའི་མོད་ལ།
འཇིག་རྟེན་མི་ཡུལ་གྱི་ངོ་མཚར་བའི་མཛེས་ལྗོངས་ལ་བསྟོད་གླུ་ལེན་པ་དང་།
གངས་ཅན་མཐོ་སྒང་གི་རླབས་ཆེ་བའི་འཕོ་འགྱུར་ལ་བསྔགས་དབྱངས་བརྗོད་ཀྱིན་ཡོད།
ང་རང་ཕ་ཡུལ་གྱི་རྩྭ་ཐང་དུ་ལངས་ནས།
མཛེས་སྡུག་གི་ནམ་མཁའི་རྒྱང་ལྟ་བྱེད་ཐེངས་རེ་དང་།
ཁོ་རང་གི་མཚོ་སྔོན་པོའི་མཚོ་འགྲམ་དུ་འགྲེངས་ནས།
ཁྱེད་ཀྱི་གཟུགས་བརྙན་ལ་ཞིབ་ལྟ་བྱེད་ཐེངས་རེར།
བདག་གི་ཁྲ་ཆུང་མིག་ལམ་དུ་ངོ་མཚར་གྱི་དཔེ་རིས་གསོན་པོ་སྣ་ཚོགས་ཤར་འོངས་པ་དང་།
ཁོ་བོའི་གངས་དཀར་སེམས་ལ་བདེ་སྐྱིད་ཀྱི་སྣང་བ་གསོན་པོ་གང་མང་ཤར་ཞིང་འོངས།
ཆུ་འཛིན་གྱི་ཕོན་པོ་ཡ།
སྤྲིན་དཀར་གྱི་འདབ་མ།
ཁྱེད་ནི་དུས་རབས་ཀྱི་ཕོ་ཉ་ཡིན་པ་དང་།
མི་རིགས་ཀྱི་བདེ་སྐྱིད་ཡང་རེད།
དཔྱིད་གསུམ་གྱི་དཔལ་ཡོན་འཛིན་མ་ལ་ཤར་དུས།
ཁྱེད་ནི་ནམ་མཁའི་མེ་ཏོག་ཞིག་དང་འདྲ་བར།
གངས་ཅན་གྱི་མཐོ་སྒང་ལ་སྐྱེ་སྟོབས་ཀྱི་དཔལ་ཡོན་བསྣན་པ་དང་།
བསིལ་ལྡན་གྱི་ཡུལ་གྲུ་འདིར།
བྱད་བཞིན་གྱི་སྒེག་ཆོས་དང་།
ལང་ཚོ་ཡི་མཛེས་པ།
ཟུངས་ཁྲག་གསར་པ་དང་རྣམ་ཤེས་གསར་པ་ཡང་ཁྱེར་ཡོང་བ་རེད།
དབྱར་གསུམ་གྱི་དཔལ་ཡོན་ས་གཞི་ལ་ཤར་དུས།
ཁྱེད་ནི་འཇའ་ཚོན་གྱི་བུ་མོ་ཞིག་དང་འདྲ་བར།
བསིལ་ལྡན་གྱི་མཚོ་དང་མཚེའུ་ནང་དུ།
རང་གི་བྱད་བཞིན་གྱི་སྒེག་ཆོས་ཅི་འགར་ངོམ་པ་དང་།
དུས་ཀྱི་རླབས་ཕྲེང་མངོན་མཐོར་བརྩེགས་པའི་འགྲོས་དང་བསྟུན་ནས།
མི་རྣམས་ལ་འཚོ་བའི་རེ་བ་དང་བདེ་སྐྱིད་སྟེར་བར་མ་ཟད།
ཀྱག་ཀྱོག་གི་ལམ་དུ་མདུན་དུ་བསྐྱོད་པའི།
འཐབ་འཛིང་གི་སྤོབས་པ་དང་སྙིང་སྟོབས་ཀྱང་སྟེར་གྱིན་གདའ།
སྟོན་གསུམ་གྱིདཔལ་ཡོན་ས་གཞི་ལ་ཤར་དུས།
ཁྱེད་ནི་དྲི་ཟ་ཡི་བུ་མོ་ཞིག་དང་འདྲ་བར།
ལོ་ལེགས་ཀྱི་སྙེ་མ་མཐོན་པོར་གཡོ་བའི་ཁྲོད་དུ།
དགེ་ལེགས་ཀྱི་ཚེམས་ཕྲེང་ལྷག་ལྷག་དགོད་བཞིན།
དྲི་བཞིན་གྱི་རླུང་དང་བསྡོངས་ནས།
བཀྲ་ཤིས་ཀྱི་འཕྲིན་བཟང་སྲིད་གསུམ་གྱི་རྩེ་མོར་སྒྲོག་པར་བྱེད།
རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་གྱི་འདབ་མ་ཡ།
ཁྱེད་ནི་སྐྱེ་དགུའི་སྲོག་གི་གཟུང་ཐག་དང་།
འགྲོ་བའི་ཡིད་ཀྱི་མ་མ་རེད།
གལ་སྲིད་ཁྱེད་ཀྱི་བསམ་གཏན་གྱི་མངལ་འབུར་ནང་།
ཆུ་ཡི་རྡུལ་ཕྲན་གྱི་ཟེགས་མའི་བུ་ཆུང་མ་སྦྲུམ་པ་ཡིན་ན།
རྩྭ་དང་རྩི་ཤིང་སྐྱེ་མི་ཐུབ་ལ།
འབུ་དང་བུང་བ་གསོན་མི་ཐུབ་ཅིང་།
བྱ་དང་བྱིའུའི་གསུང་སྐད་སྙན་མོ་ཡང་ཐོས་མི་ཐུབ་པར་མ་ཟད།
འགྲོ་བའི་སྲོག་གི་འཚོ་རྟེན་ཡང་དོན་མེད་དུ་འགྱུར་བར་ངེས།
དེའི་ཕྱིར།
ཁྱེད་ནི་འཇིག་རྟེན་གནས་པའི་གཞི་མ་དང་།
འགྲོ་བ་འཚོ་བའི་བླ་སྲོག་རེད།
ཆུ་འཛིན་གྱི་འདབ་མ་ལགས།
ཁྱེད་ནི་ཇི་འདྲའི་བློ་ངོར་མི་ཤོང་བའི་གསང་བ་ཞིག་རེད་ཨང་།
སྐབས་རེར་དར་དཀར་གྱི་ཤམ་བུ་གཡོ་བའི་ཚུལ་གྱིས་མཐོན་མཐིང་གི་མཁའ་དབྱིངས་སུ་རྒྱུ་བ་དང་།
སྐབས་རེར་སྔགས་མཁན་གྱིས་བེར་ནག་གྱོན་པའི་ཚུལ་གྱིས་ཉི་ཟླའང་སྒྲིབ་པར་བྱེད་ལ།
ལན་རེར་སྦྲང་ཆར་ཟིམ་ཟིམ་དུ་འཇོ་བ་དང་།
མཚམས་རེར་དྲག་ཆར་ཤོ་ཤོ་རུ་འབབ་པ།
ཐུགས་ཁྲོས་པའི་ཚེ་ན་སེར་བའི་མདེལ་ཆར་འཕེན་པ་དང་།
ཡིད་དགའ་བའི་ཚེ་ན་མེ་ཏོག་གི་ཆར་པ་འབབ་ཅིང་།
སྐབས་སྐབས་སུ་ཤར་ན་ནུབ་ཏུ་རྒྱུ་ཞིང་།
མཚམས་མཚམས་སུ་ལྷོ་ནས་བྱང་དུ་འགྲོབ་ཡིན་པས།
ཁྱེད་ནི་རྒྱལ་ཁམས་ཕྱོགས་མེད་འགྲིམས་ནས།
འགྲོ་བའི་འཕྲིན་ལས་སྒྲུབ་པའི་རྣལ་འབྱོར་བ་ཞིག་དང་ཡང་མཚུངས།
ཁྱེད་ཀྱི་སྙིང་རྗེ་བྱིན་རླབས་ནི་བླ་མ་ལས་ཀྱང་ཁྱད་དུ་འཕགས་པ་དང་།
ཁྱེད་ཀྱི་ཐུགས་རྗེའི་སྤྱན་རས་ནི་ལྕགས་ཀྱུ་ལས་ཀྱང་ཤིན་ཏུ་རྣོ་བ་ཞིག་རེད།
ཁྱེད་ཀྱི་སྤྲིན་སྔོན་གྱི་མངལ་བཟང་ན།
གཡུ་འབྲུག་གྱི་ཁྱེའུ་མཆིས་ལ།
ཁྱེད་ཀྱི་བློ་གྲོས་ཀྱི་ཁང་བཟང་ནས།
ཀུན་ཕན་གྱི་སྦྲང་ཆར་འཇོ་བར་འཚལ།
ས་འཛིན་གྱི་ཕང་བར་ཟུར་གྱིས་བསྔས་ཏེ་བདེ་བར་གཟིམ་པའི་དུས་སྐབས་སུ།
ཁོ་བོའི་ཡིད་ལ་བརྩེ་ལྡན་གྱི་མ་མ་དྲན་པ་དང་།
མཐོན་པོོའི་རི་དང་སྟུག་པོའི་ནགས།
ཡངས་པའི་ཐངས་དང་ཆེ་བའི་མཚོ་བཅས་ལ།
ཁྱེད་ཀྱི་རེག་བྱ་འཇམ་པའི་ལག་པ་ཡིས་འཁྱུད་པའི་སྐབས་སུ།
བདག་གི་ཡིད་ལ་རང་གི་ཕ་ཡུལ་དྲན་བྱུང་།
སྤྲིན་དཀར་གྱི་འདབ་མ་ནི་ངའི་རེ་བ་ཡིན་པ་དང་།
ཆུ་འཛིན་གྱི་ཕོན་པོ་ནི་ངའི་སྙིང་གི་དགའ་མ་དང།
སེམས་ཀྱི་མ་མ།
འཚོ་བའི་གཟི་བརྗིད།
འདུན་མའི་རྟེན་གཞི།
ལ་རྒྱའི་བདག་པོ་ཡིན།
ཁྱེད་རང་དུས་ནམ་ཡང་བདག་གི་ཡིད་ཀྱི་ནམ་མཁའ་ལ་རྒྱུ་བ་དང་།
ཁྱེད་རང་དུས་གཏན་དུ་ཁོ་བོའི་སྙིང་གི་མཛེས་རྒྱན་དུ་བཞུགས་པར་སྨོན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།